དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday, 27 August 2013

༼སྙན་ངག་པའི་ཇ་ཁང་༽ཞེས་པ་ངོ་སྤྲོད།

སེང་རྡོར།
 

༡༽ང་དང་ངའི་གྲོགས་པོ་སྐོར་ཞིག་གིས། གཙོ་ཆེར་སོ་སོའི་ཁ་ལྟ་ངོ་ཤེས་དང་ཕ་མ་སྤུན་མཆེད་སློབ་བུ་བཟའ་ཟླ་སོགས་ཆེད་མངགས་མཉམ་འཛོམས་བྱ་སའི་ཇ་ཁང་སྟབས་བདེ་ཞིག་གོ་སྒྲིག་བྱས་ཡོད། འདི་ན་གསེར་མདོག་དངུལ་མདངས་ཀྱིས་བྱས་པའི་སྟེགས་དང་ཁྲིའུ་སོགས་མེད་ལ། ལྷ་ཁང་མཆོད་ཁང་གི་དབྱིབས་སུ་བསྐྱེད་པ་དེ་འདྲ་ཡང་མིན། དབེན་འཇགས་གཙོ་བོར་བཟུང་བས་ལམ་ཁ་ཅུང་སྐོར་ལོག་ཅིག་བདམས་ཡོད་ཅིང་། རླངས་འཁོར་སོགས་ཀྱི་སྒྲ་ཧ་ལམ་རྩ་བ་ནས་ཐོས་རྒྱུ་མེད་པའི་ཚོད་ཡིན།
༢༽འདིར་བྱོན་མཁན་དག་ལ་འཆར་སྒོ་དམར་བ་ཞིག་འབྱུང་རྒྱུ་གལ་ཆེན་དུ་བརྩིས་པས་སྒེའུ་ཁུང་ལས་ཤིང་ནགས་སོགས་མཐོང་ཐུབ་པ་བྱས་ཡོད། ཁྱིམ་གྱི་བྲོ་བ་མ་ཡལ་བའི་ཟས་རིགས་གང་འཚམ་ཡང་གཡོས་སྦྱོར་བྱ་སྲིད།
༣༽གཞན་དུ། ཇ་ཁང་འདི་བརྒྱུད་ནས། མདོ་དབུས་ཁམས་གསུམ་གྱི་རྩོམ་པ་པོ་རྒན་དར་གཞོན་གསུམ་ཁག་ཅིག་གིས་སྙན་སུམ་སློབ་ཁྲིད་དང་། སོ་སོའི་བརྩམས་དེབ་ནས་གླེང་བ་སོགས་བྱ་རྒྱུ་ཡིན་ཁར། གླིང་གཞན་གྱི་རྩོམ་རིག་སྨྲ་བ་དང་སྐད་བརྡ་རིག་པའི་ཆེད་མཁས་པ་དག་ཀྱང་འབྱོན་བཞུད་མང་དུ་གནང་རྒྱུ་ཡིན། དུས་ཚོད་དང་བསྟུན་ནས་རྒྱ་ནག་གི་གཞོན་སྐྱེས་འབུམ་རམས་འགའ་ཡིས་ཀྱང་འཆད་ཁྲིད་ཀྱི་དོད་ལྟ་བུ་རེ་བྱ་རྩིས་ཡོད་ཅིང་། ཐག་རིང་གི་མགྲོན་པོ་དག་གི་བདེ་འཇགས་ལ་བསམས་ནས་ར་སྐོར་བརྩན་ཤོས་ཤིག་བདམས་ཡོད་པ་དང་། སྒོ་ཆེ་ཆུང་ཚང་མ་དང་། ཁྱིམ་གྱི་གྲུ་ཟུར་འགའ་ལ་བརྙན་མིག་ཀྱང་སྤྲོད་འཆར་ཡོད།
༤༽ང་ཚོའི་འདིའི་མིང་ལ་༼སྙན་ངག་པའི་ཇ་ཁང་༽ཞེས་འབོད་ཀྱི་ཡོད་པ་རེད། དེ་ལྟར་བཏགས་དགོས་དོན་ས་སྟེང་གི་སྙན་ངག་པ་མ་ལུས་ཇ་ཁང་སྟབས་བདེ་འདིར་འདུ་དགོས་ཟེར་བ་མིན་ལ། འདིར་འབྱོན་ཚད་པོ་བརྒྱ་ཆ་བརྒྱ་ཐམ་པ་སྙན་ངག་པར་འགྱུར་ཡོང་ཟེར་བའང་མིན། འདིར་མ་ཕེབས་ན་སྙན་ངག་པར་མི་བརྩི་ཞེས་པ་དེ་བས་ཀྱང་ག་ལ་ཡིན། དེ་ལྟ་ནའང་། ཇ་ཁང་འདི་ནི་སྙན་ངག་ཅེས་པའི་རྩོམ་ལུས་དེར་དབྱིངས་ཞུགས་ཡོད་མཁན་སྐོར་ཞིག་གིས་བྱས་པ་དང་། ཁོ་རང་ཚོ་ངོ་ཤེས་ཆགས་དོན་དང་ཁོ་རང་ཚོས་མཉམ་ལས་བྱེད་དོན་ཡང་མཐར་གཏུགས་ན་སྙན་ངག་ཅེས་པར་མ་བྱུང་བ་མེད་པ་དང་། འདི་གའི་སྐུ་མགྲོན་མང་ཞིག་ཀྱང་ཧ་ལམ་སྙན་ངག་ཀློག་པ་པོ་དང་སྙན་ངག་རྩོམ་པ་པོ་ཡིན་ངེས་པ་བཅས་ཀྱིས་མིང་འདི་འདྲ་ཞིག་བོས།
ལར་མི་ཚོས་སྙན་ངག་གིས་མཚོན་པའི་ཆོས་རྣམས་ལ་ངོས་འཛིན་བྱས་པ་དེ་ཙམ་མཚུངས་པ་ཞིག་ཡོང་ཐུབ་ཡོད་པ་མ་རེད། དེའི་སྟབས་ཀྱིས་མ་འདྲ་བའི་གྲུབ་མཐའ་དང་ཚོགས་པ་སྣ་ཚོགས་ཟམ་མ་ཆད་པར་བྱུང་། ད་ལྟ་འབྱུང་བཞིན་པ་དང་མ་འོངས་པར་ཡང་འབྱུང་བར་འགྱུར་རོ། ། བྱས་ན། ང་ཚོ་ལའང་སོ་སོས་འདོད་པའི་སྙན་ངག་པ་དང་སྙན་ངག་གི་བརྩམས་ཆོས་སྣ་ཚོགས་བགྲང་རྒྱུ་ཡོད་ན། དེའི་ཚོད་ཀྱི་ནང་ཚགས་དང་ལབ་གླེང་ཡོད་པ་ལྟ་ཅི་སྨོས། དོན་ལ་ཇ་ཁང་འདིས་ཀྱང་རྣམ་འགྱུར་དེ་འདྲ་ཞིག་སྟོན་བཞིན་ཡོད་ཁར། བགྱི་བ་དེ་འདྲ་ཞིག་ཀྱང་རྩོམ་བཞིན་ཡོད་པ་རེད། ཡིན་ཡང་། ང་ཚོས་རང་གིས་འདོད་པའི་སྙན་ངག་པ་དང་སྙན་ངག་བརྩམས་ཆོས་ལ་རྟོག་ཅིང་མྱོང་བ་དང་ལྷན་དུ། སོ་སོས་རེ་ཞིག་སྙན་ངག་བརྩམས་ཆོས་སུ་དེ་ཙམ་མི་འཛིན་པ་དག་ལའང་གུས་པ་དང་བཅས་བཀླག་བྱར་ལྟའོ། ། དེ་ཡང་ཡིན་ཏེ། སྙན་ངག་ལ་ལ་ཞིག་དུས་དེ་འདྲ་ཞིག་ལ་མི་ཟད་པའི་སྙན་པོ་ཡོད་ཀྱང་། དུས་སྐབས་བརྗེས་ཟིན་པའི་འཕྲོར་བྲོ་བ་ཁ་མལ་དུ་བསྡད་མེད་པ་དེ་འདྲ་མང་པོ་རེད། མིའི་བློ་ཁ་མཐོ་དམའ་ཡི་དབང་གིས་ཀྱང་འདི་ལ་སྙན་རུང་དེ་ལ་མི་སྙན་པ་སོགས་འབྱུང་ཤག་ཤག་ཡིན། རྫི་བོ་རྣལ་མ་ཞིག་ལ་མཚོན་ན་ལ་གཞས་དང་དམངས་གླུ་ལས་ལྷག་པའི་སྙན་ངག་མེད་མོད། ང་ཚོར་དེ་ཙམ་གྱིས་ད་དུང་ཆོག་གི་ཡོད་པ་མ་རེད།  ཆོས་པ་དག་གིས་ཆོས་དང་འབྲེལ་བའི་སྙན་ངག་ཀློག་སྤྲོ་ཞིང་། ལས་ཀ་གཞན་དག་བྱེད་མཁན་གང་ཡིན་ཡང་སོ་སོའི་ལས་ཀ་དང་འབྲེལ་བའི་གཏམ་ལ་སྙིང་ཐག་པ་ནས་དགའ་ཞིང་སྙན་ངག་ཏུ་ཡོད་ན་ཆེས་ཆེར་དགའ་བ་ཡིན། དམིགས་བསལ་གྱི་མི་རེ་ཟུང་མ་གཏོགས་འདོད་པ་དང་འབྲེལ་བའི་སྙན་ངག་ལ་དགའ་བ་ནི་མི་སྤྱིའི་ཁྱད་ཆོས་སུ་འདུག་སྙམ། མི་སྐོར་ཞིག་གིས་གསང་བ་ཞིག་ཡོད་མདོག་མདོག་དང་། ཤུགས་སུ་གཅིག་གབ་ཡོད་མདོག་མདོག་གིས་བྲིས་ན་དགའ་བོ་བྱེད་ཅིང་། དེ་ལ་སྙན་ངག་ཅེས་རབ་ཏུ་བསྟོད་པར་བྱེད། དངོས་འབྲེལ་བཤད་ན། ང་རང་ཉིད་ཀྱང་གབ་རྒྱ་ཅན་གྱི་སྙན་ངག་ཁག་ཅིག་ལ་ཞེ་དྲག་དགའ་བ་ཡིན། འགའ་ཞིག་གིས་དྭངས་པའི་མཐར་ཐུག་ཅིག་དང་ཁ་གསལ་བའི་མཐར་ཐུག་ཅིག་ཨེ་ཡོང་ལ་འབད་ཀྱི་ཡོད་པ་རེད། ༼རྩོམ་རབ་ལན་གཅིག་གིས་གོ་༽ཞེས་ཚད་གཞི་ལྟ་བུར་འདྲེན་སྲོལ་བྱུང་ཡོད་པ་རེད། དགེ་ཆོས་ཀྱང་འདི་ལ་ཐུགས་དགྱེས་པ་ཡིན་ཅིང་ཁོང་གི་སྙན་ངག་གིས་མཚོན་པའི་བརྩམས་ཆོས་ཐམས་ཅད་རྩ་དོན་འདིའི་ཐོག་མཛད་ཡོད་པ་རེད། དེ་ལྟར་སྙན་ངག་དང་སྙན་ངག་པའི་ངོས་འཛིན་རྟ་མོག་མོག་གི་སྤུ་བཞིན་ཡོད་པས་སུས་ཀྱང་བཀའ་བསྟན་དཔང་དང་ཉི་ཟླ་དཔང་ཞེས་ལབ་ཐུབ་ས་མ་རེད། དེའི་ཕྱིར། ང་ཚོས་སོ་སོ་དགའ་ཤོས་ཀྱི་སྙན་ངག་པ་དང་སྙན་ངག་བརྩམས་ཆོས་ནས་གླེང་བ་ཅུང་མང་མོད། སྙན་ངག་པ་རུ་འབོད་པའི་སྐྱེ་བོ་གཞན་དག་ཀྱང་སྤྱིར་བཏང་སྙན་ངག་པའི་ཚད་དུ་འཛིན་པ་ཡིན།
ཡིན་ཙང་། ༼སྙན་ངག་པའི་ཇ་ཁང་༽ཞེས་པའི་གནས་མལ་འདིར་ཉི་འོག་གི་སྙན་ངག་པར་འབོད་པ་སུ་ཡིན་ཡང་ཕེབས་ཆོག་གི་ཡོད་ཁར། སྙན་ངག་པར་མི་འབོད་པ་དང་སྙན་ངག་ལ་འབྲེལ་བ་མེད་པ་དག་ཀྱང་མི་བསུ་བ་མིན་ནོ། །

ཞར་བྱུང་།
࿉༼སྙན་ངག་པའི་ཇ་ཁང་༽ཞེས་པ་འདིས་དབེན་དྭངས་གཙང་གསུམ་གྱི་ལོངས་སྤྱོད་རིགས་ཤིག་འཚོལ་ཅི་ཐུབ་བྱེད་བཞིན་ཡོད་པས། ཕེབས་མཁན་ཚོས་ཐ་མ་ཁ་མི་འཐེན་པ་ཞིག་གཅེས་པ་ཡིན། དེ་ལུགས་ཐུགས་འཇགས་གནང་རོགས་གནང་།
࿉འདི་གར་ཆང་དཀར་ཕུད་ཆང་དམར་དང་སྦི་རག་སོགས་རང་འཇགས་གྲ་སྒྲིག་བྱས་ཡོད་མོད། དེའང་ཇི་སྐད་དུ། ཕ་དམ་པ་ཆང་གིས་བཟི་ཡང་། ། དོན་དམ་པ་རླུང་ལ་མི་བསྐུར། ། ཞེས་པ་དེ་འདྲ་ཞིག་དགོས་ལས་ཆེ། རྒྱུ་མཚན་ནི། སྐབས་རེར་བླ་མ། གྲྭ་བ། རྒན་འཁོགས། བྱིས་པ་སོགས་ཀྱང་བཞུགས་སྲིད་པས་ལྷིང་འཇགས་དང་དབེན་སིམ་ནི་ཇ་ཁང་གི་ཡོང་སྒོ་ལས་ཀྱང་གལ་ཆེ།  ལྷག་པར་དུ་འདི་ན་རྒྱ་དང་རྒྱ་སེར་གྱི་མགྲོན་པོ་དག་ཧ་ལམ་འཆར་ཅན་དུ་ཡོད་སྲིད་པས། དེ་ཚོའི་སྔུན་ནས་ཞབས་འདྲེན་མི་ཞུ་བ་ཞིག་སྐུ་མཁྱེན་ཐུགས་མཁྱེན་གསུང་མཁྱེན།
࿉ཇ་ཁང་འདིའི་སྒོ་མོ་སྐྱེ་བོ་སུ་དག་ལ་ཕྱེས་པ་ཡིན་ཞེ་ན། ང་ཚོས་བཤེས་སུ་འཛིན་པ་དང་། གྲོགས་སུ་འཛིན་པ་དང་། ཕུ་ནུ་དང་མིང་སྲིང་དུ་འཛིན་པ་དག་ལའོ། ། ཡིན་ཙང་། འདིར་ཕེབས་མཁན་དག་ཀྱང་ཇ་ཁང་འདི་ཡི་བདག་པོར་སྙིང་བ་ཉེ་བ་ཞིག་དགོས་ཏེ། དེ་ལས་ལྡོག་ཚེ་ང་ཚོར་དགའ་བསུ་ཞུ་བའི་འདུན་པ་གང་ཡང་ཡོད་མི་སྲིད། ཅིའི་ཕྱིར་ཞེ་ན། ཁོ་བོ་ཅག་གིས་ཇ་ཁང་གི་ཆེད་དུ་ཇ་ཁང་ཕྱེས་པ་མིན་ལ། དངུལ་རྐྱང་བའི་ཆེད་དེ་བས་ཀྱང་མིན་པས་སོ། །
࿉ཇ་ཁང་ནི་མི་མང་པོའི་རྒྱུ་འགྲུལ་གྱི་གནས་ཡིན་པས་ཅ་ལག་རྩ་ཆེན་རིགས་དོ་བདག་རང་རང་གིས་ཆེད་མངགས་ཉར་ཚགས་བྱ་དགོས། གལ་སྲིད། བོར་བ་སོགས་ཀྱི་གནད་དོན་ལྷག་ན་ཇ་ཁང་གི་བདག་པོ་སྟེ་ཁོ་བོ་ཅག་གིས་ཆ་ཤས་ཙམ་གྱི་འགན་ཡང་འཁྱེར་མི་སྲིད་ན། སྔོན་ཚུད་ནས་གསལ་འདེབས་འདི་བྱས་སོ། །
࿉གནངས་ཉིན་ཏེ། སྤྱི་རྩིས2013ལོའི8པའི25ཉིན་ནས་བཟུང་ཟླ་བ་གསུམ་གྱི་ཡུན་ལ་ཇ་ཁང་འདིའི་སྔོན་འགྲོ་ལྟ་བུའི་ལས་ཀ་དེ་འཕྲལ་དུ་རྩོམ་རྒྱུ་ཡིན་ཞིང་། དུས་ཡུན་ཟླ་ངོ་གསུམ་པོ་འདི་ང་ཚོར་མཚོན་ན་ཚོད་ལྟའི་རིམ་པ་དེ་ཡིན་པས། ཟས་སྐོམ་གྱི་གྲངས་ཀ་མང་པོ་མེད་ལ། བྲོ་བ་འདོན་ལུགས་སོགས་ཀྱང་གཏན་འཁེལ་བ་ཞིག་མིན། ཡིནའང་། སེམས་ཐག་ཉེ་བ་དག་ནི་དང་པོ་གྱང་ངོར་ཞལ་བ་བྱུགས་སྐབས་ནས་ཁེགས་མྱོང་མེད་པས། ད་ནི་ལྟ་སྨོས་ཀྱང་ཅི་དགོས།
࿉ཉིན་རེའི་ཉིན་གུང་ཆུ་ཚོད་བཅུ་གཉིས་པའི་ཐོག་ནས་བཟུང་ཇ་ཁང་དུ་མི་ཡོད་ཤག་ཤག་ཡིན་པས། མགྲོན་པོ་དག་བྱོན་ཆོག་ཆོག་ཡིན་པའོ། །
࿉ཇ་ཁང་ཡོད་སའི་གནས་ནི། ཟི་ལིང་གྲོང་ཁྱེར་གྱི་རིག་གནས་སྤྱི་གླིང(文化公园)ཞེས་པའི་ཐག་ཉེར་ཡོད་ལ། ཁོ་ཧྥེ་འཐུང་ས་ཡག་ཤོས་ཀོའུ་ལིན་ཧྥང(古林坊)གསར་བ་དེ་ལའང་ཐག་ཆེས་ཆེར་ཉེ། ཞིབ་ཕྲ་ཁ་པར་ཨང་གྲངས(18697172162)(18935692721)(15695376888)གསུམ་གྱི་གང་རུང་ལ་འབྲེལ་བ་བྱས་ན་ལན་ཁ་གསལ་ཞུ་བ་ཡིན།
         བཀྲ་ཤིས་བདེ་ལེགས། འོ་སྐོལ་གྱི་༼སྙན་ངག་པའི་ཇ་ཁང་༽ནས་མཇལ་ཡོང་།

         ཞེས2013ལོའི8པའི་ཚེས23ཉིན་སེང་རྡོར་གྱིས་༼སྙན་ངག་པའི་ཇ་ཁང་༽ནས་ཕུལ།

0 comments:

ཟིན་བྲིས་འཚོལ་ཡུལ