དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday, 1 September 2013
ཐེ་ལན་ཌིའི་ནང་པའི་གྲྭ་བ་སྨྱོ་ཧམ་ཅན་ཞིག་གི་གནས་ཚུལ།
ཕལ་ཆེར་ཟླ་གཅིག་གཉིས་སྔོན་ལ་རང་ལོ་༣༤ ཡིན་པའི་གྲྭ་ཝིར་པོལ་སུག་པོལ་(WirapolSukphol)ཞེས་པའི་མིང་འདི་ཐེ་ལན་ཌིའི་ནང་ཤེས་རྟོགས་ཡོད་མཁན་ཧ་ཅང་ཉུང་ཉུང་ཡིན། ཡིན་ནའང་ཁ་སང་དེ་རིང་ནང་པ་ཤུགས་ཆེན་པོ་ཡིན་པའི་ཐེ་ལན་ཌིའི་རྒྱལ་ཁབ་ནང་གྲྭ་ཝིར་པོལ་ནི་འདས་པའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ནང་པའི་ཆོས་པ་རྙོག་དྲ་ཆེ་ཤོས་ཤིག་ཏུ་གྱུར་ཡོད།
འདུལ་ཁྲིམས་ཚུལ་བཞིན་སྲུང་བ་དང་། འདོད་ཆུང་ཆོག་ཤེས་བྱེད་རྒྱུ་ནི་རབ་བྱུང་བའི་མི་ཚེའི་ལམ་བུ་དེ་ཁོ་ན་ཉིད་ཡིན་པར་བཤད་ཀྱང་། གྲྭ་ཝིར་པོལ་ནི་ཐེ་ལན་ཌིའི་ནང་ཆོས་ཕྱོགས་ནས་ཐོས་བསམ་སྒོམ་གསུམ་གང་འཚམ་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་སྲོལ་ཡོད་མོད། ཀུན་སྤྱོད་ཀྱི་ཐད་ནས་གོང་གི་ལམ་བུ་དེར་ཞུགས་རྒྱུ་ལས་ལྡོག་སྟེ་འདོད་རྔམ་ཆེ་ཞིང་རྒྱས་སྤྲོས་ལ་དགའ་བའི་ནང་པའི་དགེ་འདུན་པ་སྨྱོ་ཧམ་ཅན་ཞེས་སྐད་གྲགས་ཆགས་ཡོད།
ཉེ་ལམ་ཕྱི་ཟླ་༦ པའི་ནང་ཡོའུ་ཁྲོབ་(YouTube)དྲ་བརྙན་བརྒྱུད་དེ་ཁོའི་བྱ་སྤྱོད་ཁག་ཅིག་ཁྱབ་བརྡལ་དུ་ཕྱིན་ཡོད་པ་དང་། སྐབས་དེ་ནས་བཟུང་མི་མང་པོ་ཞིག་གིས་དོ་སྣང་བྱེད་མགོ་བརྩམས་ཡོད། དྲ་བརྙན་དེར་གྲྭ་ཝིར་པོལ་སྒེར་གཉེར་གནམ་གྲུ་ཞིག་ཏུ་བསྡད་དེ་མིག་ཤེལ་ནག་པོ་ཨེ་ཝེ་ཡེཊྲོར་(Aviator Sunglasses )རྟགས་ཅན་(ཨ་སྒོར་༣༠༠ ཡས་མས།)ཞིག་གྱོན་ཞིང་། ཁོའི་འགྲམ་དུ་ལོའི་ཝེསུ་ཝེ་ཁྲོན་(Louis Vuitton)རྟགས་ཅན་གྱི་རྒྱབ་ཁུག་(ཨ་སྒོར་༣༠༠༠ ཡས་མས།)ཅིག་བཞག་ཡོད་པ་སོགས་ཀྱིས་ཐེ་ལན་ཌི་གཙོས་འཛམ་གླིང་གང་སར་ཁོ་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་ཕྱིན་ཞིང་། ཁོའི་སྐོར་གྱི་གནས་ཚུལ་མང་པོ་ཞིག་སྔ་རྗེས་སུ་གསར་ལམ་ཁག་ཏུ་འཐོན་ཡོད། 
ཉེ་ཆར་གྲྭ་ཝིར་པོལ་ལ་ཐེ་ལན་ཌའི་དངུལ་སྒོར་བྱེ་བ་གཅིག་༡/༠༠༠༠༠༠༠(ཨ་སྒོར་ས་ཡ་༣༢ )ཙམ་གྱི་རྒྱུ་ནོར་ཡོད་པའི་གནས་ཚུལ་ཕྱིར་འཐོན་ཡོད་ཅིང་། ཐེ་ལན་ཌིའི་ནང་པའི་ལྷན་ཚོགས་(The Office of National Buddhism)ཞེས་པས་གྲྭ་ཝིར་པོལ་ཐེ་ལན་ཌིའི་ནང་པའི་དགེ་འདུན་པའི་ཁོངས་ནས་ཕྱིར་འཕུད་བཏང་བ་གསལ་བསྒྲགས་བྱས་ཡོད་པ་མ་ཟད། ཁོ་གང་མགྱོགས་འཛིན་བཟུང་བྱེད་དགོས་པའི་གཞུང་འབྲེལ་བཀོད་ཁྱབ་བཏང་ཡོད་འདུག གནས་ཚུལ་དེ་ཐོག་མར་བྱུང་སྐབས་གྲྭ་ཝིར་པོལ་ཧྥ་རན་སིར་ཡོད་ཀྱང་། དེ་མ་ཐག་ཨ་རིར་ཕྱིན་ཡོད་འདུག ཐེ་ལན་ཌིའི་གཞུང་གིས་ཨ་རིའི་གཞུང་ལ་གྲྭ་ཝིར་པོལ་གྱི་ཐོངས་མཆན་རྩིས་མེད་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག
ཐེ་ལན་ཌིའི་ཕྱོགས་ནས་གྲྭ་ཝིར་པོལ་འཛིན་བཟུང་བྱེད་དགོས་པའི་ནག་ཉེས་གཙོ་བོ་༣ བགྲང་ཡོད་པ་ནི། ལོ་ན་མ་སོན་པའི་བུ་མོ་ཞིག་ལ་འཁྲིག་སྤྱོད་བྱས་པ་དང་། སྤྱི་རྒྱུ་སྒེར་སྤྱོད་བྱས་པ། དྲ་ཐོག་ནས་མི་མང་ལ་མགོ་བསྐོར་བཏང་སྟེ་ཞལ་འདེབས་ཕོན་ཆེན་བསྡུ་སློང་བྱས་པ་སོགས་རེད། ད་དུང་ཁོས་དངུལ་སྒོར་གྱི་འབྱུང་ཁུངས་སྦ་གསང་བྱས་པ་དང་། ཉལ་ཐའི་རིགས་ཉོ་ཚོང་བྱས་པ། ཁོའི་རླངས་འཁོར་གྱིས་མི་བསད་པ་སོགས་ལ་ཞིབ་འཇུག་འགྲོ་བཞིན་ཡོད་འདུག 
ཐེ་ལན་ཌིའི་གཞུང་འབྲེལ་དམིགས་བསལ་རྟོག་ཞིབ་ཚན་པ་(Department of Special Investigation )ཞེས་པའི་མགོ་འཛིན་གྱིས་བཤད་པ་ལྟར་ན། སྤྱིར་ཐེ་ལན་ཌིའི་གྲྭ་བ་ཚོའི་ཁྲོད་དུ་ཆོས་གོས་ལོག་པར་སྤྱད་མཁན་གང་འཚམ་ཡོད་ཀྱང་། ད་རེབ་ཝིར་པོལ་ལྟ་བུ་དེ་སྔ་བྱུང་མྱོང་མེད་ཟེར། རྒྱལ་ཡོངས་ནང་པའི་ལྷན་ཚོགས་ཀྱིས་བརྗོད་པ་ལྟར་ན། ཐེ་ལན་ཌིའི་རྒྱལ་ཁབ་ནང་གཏན་འཇགས་སུ་གནས་པའི་གྲྭ་བ་༦༡༤༡༦ ཙམ་ཡོད་པ་ལས། འདས་པའི་ལོ་ཁ་ཤས་ནང་གྲྭ་བ་༣༠༠ ཙམ་གྱིས་ཆང་རག་འཐུང་བ་དང་། བུད་མེད་ལ་འབྲེལ་བ་བྱས་པ་སོགས་ལ་བརྟེན་ཏེ་ཉེས་ཆད་ཕོག་པ་དང་དགོན་པ་ནས་ཕྱིར་འཕུད་བཏང་སོགས་བྱུང་ཡོད་ཟེར།
ཝིར་པོལ་ཐེ་ལན་ཌིའི་བྱང་ཤར་མངའ་སྡེ་ཨོའི་བྷོན་ར་ཅ་ཐའ་ནིས་(UbonRatchathani)ནང་གི་ས་གནས་སྐྱོ་བོ་ཞིག་ཏུ་སྐྱེས་ཞིང་། རང་ལོ་བཅུ་གྲངས་ཐོག་རབ་ཏུ་བྱུང་སྟེ་ཆོས་སྒོར་ཞུགས་ཡོད་པ་དང་། ས་གནས་དེ་གའི་སྤྱི་ཚོགས་ཁྲོད། གྲྭ་ཝིར་པོལ་གནམ་མཁར་འཕུར་ཐུབ་པ་དང་ཆུའི་སྟེང་ནས་གོམ་པ་རྒྱག་ཐུབ་པ། ལྷ་སྲུང་གཟུགས་མེད་དག་དང་གླེང་མོལ་བྱེད་ཐུབ་པ་སོགས་མཐུ་དང་རྫུ་འཕྲུལ་ལ་ཐོག་པ་མེད་རབས་བཤད་ཚུལ་ཡོད་ཅིང་། ཁོ་རང་གིས་ཀྱང་སོ་སོ་སྔོན་བྱོན་སྐྱེས་ཆེན་དམ་པ་ག་གེ་མོ་ཞིག་གི་སྤྲུལ་བ་ཡིན་ཚུལ་བསྒྲགས་ཏེ། རང་ཉིད་ལ་ལོང་པོ་ནན་ཁམས་(Luong Po Nen Kham) ཞེས་མིང་བཏགས་ཡོད་འདུག
ཝིར་པོལ་གྱིས་ལྷ་ཁང་དང་སྨན་ཁང་སོགས་རྒྱག་རྒྱུ་ཡིན་ཚུལ་བཤད་དེ་དགེ་རྩའི་མིང་ཐོག་ནས་ཞལ་འདེབས་འབོར་ཆེན་བསྡུས་པ་མ་ཟད། ཐེ་ལན་ཌིའི་བྱང་ཤར་དུ་ཡོད་པའི་ཁོ་བོའི་དགོན་པར་འཛམ་གླིང་ཐོག་ཆེས་ཆེ་ཤོས་ཀྱི་བཻ་ཌཱུརྱའི་སྟོན་པའི་སྐུ་བརྙན་མཐོ་ཚད་ལ་ཕི་ཏྲི་༣༦ ཡོད་པ་ཞིག་བཞེངས་ཡོད་ཀྱང་། གཞན་གྱི་བཤད་ཚུལ་ལྟར་ན་སྐུ་བརྙན་དེའི་རྒྱུ་ངོ་མ་དེ་བཻ་ཌཱུརྱ་མ་ཡིན་པར། ཨར་འདམས་དང་རྒྱུ་ཆ་གཞན་བསྲེས་སྦྱོར་བྱས་ཡོད་ཚུལ་བཤད།
ཐེ་ལན་ཌིའི་དངུལ་ཁུངས་བརྩད་ཞིབ་ལས་ཁང་(Anti-Money Laundering Office)ཞེས་པས། གྲྭ་ཝིར་པོལ་ལ་འབྲེལ་བ་ཡོད་པའི་དངུལ་ཁང་གི་འཛིན་བྱང་༤༡ ཙམ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་ལས། འཛིན་བྱང་ཁག་ཅིག་ཏུ་ཐེ་སྒོར་ས་ཡ་༢༠༠/༠༠༠༠༼ཨ་སྒོར་ས་ཡ་༦/༤༠༠༠༠༠༽ཙམ་རྒྱུན་ལྡན་མིན་པའི་ཐོག་ནས་བཅོལ་ལེན་ཐེངས་མང་བྱས་ཡོད་པ་དང་། གནས་ཚུལ་དེས་ཁོའི་དངུལ་གྱི་ཡོང་ཁུངས་ལ་དོགས་གཞི་ཆེ་རུ་ཕྱིན་ཡོད་འདུག ཉེ་ཆར་ཝིར་པོལ་བོར་བརླག་ཏུ་ཕྱིན་རྗེས་སླར་ཡང་ཁོའི་དངུལ་འཛིན་ལས་ཐེ་སྒོར་ས་ཡ་གསུམ་༣༠༠/༠༠༠༠ ཙམ་ཕྱིར་བཏོན་ཡོད་པ་ཤེས་རྟོགས་བྱུང་སྟབས། ཐེ་ལན་ཌིའི་གཞུང་གི་དངུལ་ཁང་དང་དཔལ་འབྱོར་སྡེ་ཁག ས་ཆ་དོ་དམ་ལས་ཁུངས། སྐྱེལ་འདྲེན་ལས་ཁུངས་སོགས་སྡེ་ཚན་མ་འདྲ་བ་༡༡༤ ཙམ་ལ་ཝིར་པོལ་དང་འབྲེལ་བ་ཡོད་པའི་རྒྱུ་དངོས་ཡོངས་རྫོགས་བཀག་སྡོམ་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག
ཐེ་ལན་ཌིའི་དམིགས་བསལ་རྟོགས་ཞིབ་(DSI)ཚན་པས་གྲྭ་ཝིར་པོལ་གྱིས་སྔ་རྗེས་སུ་རླངས་འཁོར་༨༠  ཙམ་ཉོས་ཡོད་པ་དང་། ༢༠༠༨ ནས་༢༠༡༡ ལོའི་བར་ལ་ཁོས་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་རླངས་འཁོར་མིར་སེ་ཌེ་སུ་བྷན་ཙི་(Mercedes Benz)གྲངས་༢༢ ཙམ་ཉོས་ཡོད་འདུག རླངས་འཁོར་དེ་དག་ལ་ཁྱོན་ཐེ་སྒོར་ས་ཡ་དགུ་དང་འབུམ་ལྔ་༩༥/༠༠༠༠༠(ཨ་སྒོར་ས་ཡ་༣/༡༠༠༠༠༠)ཙམ་བཏང་ཡོད་ཅིང་། རླངས་འཁོར་མང་པོ་ཞིག་ཚོང་ར་ནག་པོར་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་རྩད་གཅོད་བྱེད་བཞིན་ཡོད་འདུག ཁོ་ལ་ཐེ་ལན་ཌིའི་ནང་སྡོད་ཁང་དང་གླ་ཁང་མང་པོ་ཡོད་པ་མ་ཟད། ཨ་རི་དང་རྒྱལ་ཁབ་གཞན་དུའང་སྡོད་ཁང་དང་ཆོས་ཚོགས་ཁ་ཤས་བཙུགས་ཡོད་འདུག གྲྭ་ཝིར་པོལ་ཐེ་ལ་ཌིའི་བྱང་ཤར་ནས་བྷང་གོག་(Bangkok)བར་ལ་ཕར་ཚུར་འགྲོ་སྐབས། རྒྱུན་ལྡན་གྱིས་སྒེར་གཉེར་གནམ་གྲུ་ཆུང་བ་དང་ཐད་འཕུར་གནམ་གྲུ་གླ་བཞིན་ཡོད་ཅིང་། དེར་ཐེངས་གཅིག་ལ་ཐེ་སྒོར་འབུམ་གསུམ་༣༠༠/༠༠༠ (ཨ་སྒོར་༡༠༠༠༠) ཙམ་ཡིན་འདུག
པི་ཡ་ཊརེ་གྷན་ནོན་(PiyaTregalnon) ཟེར་བ་ཞིག་གིས་ནམ་རྒྱུན་གྲྭ་ཝིར་པོལ་ལ་གནམ་གྲུ་གོ་སྒྲིག་དང་། གནམ་གྲུའི་ཁ་ལོ་བ་ཡང་ཐེངས་མང་བྱས་མྱོང་ཡོད་པ་མ་ཟད། གྲྭ་ཝིར་པོལ་གྱི་གནས་ཚུལ་ཐོག་མ་ཕྱིར་བསྒྲགས་བྱེད་མཁན་ཡང་ཁོ་ཡིན་འདུག ཉེ་ཆར་ཁོས་ངོ་དེབ་སྟེང་། ལོ་ངོ་༣ ཙམ་གྱི་རིང་ལ་ངས་རྟགས་པར་གྲྭ་བ་ཁོ་ལ་དེ་འདྲའི་དངུལ་འབེལ་བོ་ཞིག་གང་ནས་ཡོང་གི་ཡོད་ན་བསམས་ཏེ་དོགས་པ་ཟོས་མྱོང་ཡོདཅེས་བཀོད་འདུག དེ་སྔོན་གྲྭ་ཝིར་པོལ་གྱིས་ཁོ་ལ། ང་ལ་རྒྱུན་ལྡན་གྱིས་བེད་སྤྱོད་གཏོང་ཆེད་མིར་སེ་སྒྲི་སི་(Mercedes-Benz S500) གཅིག་དང་། རྦིས་ཨེམ་དྲབིཡོའུ (BMWx6)གཅིག དགོན་པའི་ནང་ཁུལ་དུ་ཕར་ཚུར་འགྲོ་བྱེད་དུ་མིའི་ནིས་ཁོའུ་པར (Mini Cooper)གཅིག་བཅས་ཡོད་ཚུལ་བཤད་ཡོད་འདུག ཐེངས་ཤིག་པི་ཡ་ལ་ཨ་རི་ནས་གཉེར་འཕུར་གནམ་གྲུ་ཞིག་ཉོ་རོགས་བྱེད་དགོས་པའི་རེ་སྐུལ་དངོས་སུ་ཞུས་ཡོད་སྟབས། པི་ཡས་གྲྭ་ཝིར་པོལ་དང་འབྲེལ་བ་ཇེ་རིང་དུ་བཏང་ཡོད་འདུག གྲྭ་ཝིར་པོལ་གྱིས་བུད་མེད་མང་པོ་ཞིག་ལ་ཆགས་སྤྱོད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་ལས། བུ་མོ་ཁ་ཤས་ལོ་ན་ཆུང་ཆུང་ཡིན་འདུག དེ་དག་ཁྲོད་ཀྱི་གཅིག་ནི་ལོ་༡༤ ཡིན་ཞིང་། ད་ལྟ་ཁོ་མོར་བུ་ཕྲུག་ལོ་༡༡ ཅན་ཞིག་ཡོད་པའི་ཕ་གྲྭ་ཝིར་པོལ་ཡིན་པའི་དོགས་པ་བྱེད་ཀྱི་ཡོད་པ་མ་ཟད། བདུན་ཕྲག་ཁ་ཤས་སྔོན་ཁོ་མོས་གྲྭ་ཝིར་པོལ་གྱིས་ཁོ་མོར་བཙན་གཡེམ་བྱས་ཚུལ་ཁྲིམས་གཏུག་བྱས་ཡོད་འདུག
ལྕམ་ཨོང་སའ་ཡོབ་རམ་(OnsaYubram) ཞུ་བ་ནི་གྲྭ་ཝིར་པོལ་དང་ཡུལ་ཕྱོགས་གཅིག་པ་ཡིན་ཞིང་། ད་ལྟ་བྷན་ཀོག་(Bangkok) ཏུ་ཁང་ཁྱིམ་གཙང་སྦྲའི་ལས་ཀ་བྱེད་ཀྱིན་ཡོད། ཁོ་མོ་ལོ་གཅིག་གི་སྔོན་དུ་གྲྭ་ཝིར་པོལ་གྱི་གསུང་ཆོས་ལ་ཕྱིན་པའི་སྐོར་བརྗོད་དོན། ཁོའི་གསུང་སྐད་ཧ་ཅང་སྙན་ཞིང་ཡིད་དབང་འཕྲོག་པ་ཞིག་རེད། ཁོས་གསུངས་པའི་ཚིག་རེ་རེས་ང་ཚོར་སེམས་འགུལ་ཐེབས་སུ་བཅུག་སོང་། གསུང་ཆོས་གྲུབ་རྗེས་ཁོས་རྒྱབ་ཁུག་སེར་པོ་ཞིག་གཟེད་དེ་ཞལ་འདེབས་བསྡུ་མགོ་བརྩམས་སྐབས། མི་མང་པོ་འཚང་ཁ་ཤིག་ཤིག་གིས་ཞལ་འདེབས་ཕུལ་སྐབས། རྒྱབ་ཁུག་ལམ་སང་ཁེངས་སོང་། ཁོས་ད་དུང་མི་མང་ཚོར། འཚང་ཁ་མ་རྒྱག་དང་། ཞལ་འདེབས་ཕུལ་མཁན་མཐའ་མའི་བར་ང་འདི་ནས་སྡོད་རྒྱུ་ཡིན་ཞེས་ལབ་སོངཞེས་གསར་ལམ་དུ་བརྗོད་འདུག མཇུག་ཏུ་ཁོ་མོས། ད་ལྟ་ང་རང་ཡང་ཁོའི་མགོ་སྐོར་འོག་ཚུད་པ་ཤེས་ཀྱི་འདུག་ཀྱང་། གྲྭ་བ་ཁ་ཤས་སྡུག་ཅག་ཡིན་པ་ཙམ་གྱིས་གྲྭ་བ་ཚང་མ་ངན་པ་ཡིན་པ་མཚོན་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག
ཟུར་བཤད།ང་ཚོས་ཀྱང་རྒྱ་བླ་དག་གིས་འདུ་ཁང་ལས་པ་དང་མཆོད་རྟེན་ལས་པ། འགྱེད་ཆེན་བརྒྱག་པའི་ཚུལ་ལ་སེར་སྦྲེང་གིས་སྔོན་བསུ་བྱེད་པ་དང་ཁྲི་རྒྱག་པ་སོགས་འཕྲལ་གྱི་རྒྱུ་ཧེབ་ཁོ་ནས་དབང་དུ་གྱུར་ནས།རིག་གནས་ཀྱི་འདུ་ཤེས་དང་བསྟན་པའི་ལ་རྒྱ་མ་རྫོད་ཅིག  འདི་ལྟའི་རྒྱ་བླ་མང་པོ་ཡོད་སྲིད།

0 comments:

ཟིན་བྲིས་འཚོལ་ཡུལ