དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 23 October 2013

གླིང་ཚ་ཚེ་བརྟན་རྡོ་རྗེ་རྨི་ལམ་རྨིས་པ་འོད་གསལ་སྒྱུ་མའི་གྲོང་ཁྱེར། །

ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །

ཀ་དག་ཡེ་ཤེས་མཆོག་བརྙེས་ཀུན་ཏུ་བཟང་། །

ཁ་སྦྱོར་ཡན་ལག་བདུན་ལྡན་རྡོ་རྗེ་འཆང་། །

ག་བུར་དབང་པོའི་མདངས་འཛིན་སེམས་དཔའ་མཆོག །

ང་ཡི་བརྒྱུད་གསུམ་བླ་མས་རྟག་སྐྱོངས་ཤིག །

ཅ་ཅོ་སྨྲ་བ་མང་པའི་མི་དམངས་ཁྲོད། །

ཆ་ལུགས་ངན་པའི་ཆས་གྱོན་གསལ་མི་གསལ། །

ཇ་ཡུན་ཙམ་ལ་འཆར་བའི་འཕྲིན་ཐུང་ཞིག །

ཉ་བཞིན་ལྕགས་ཀྱུའི་གྲོང་ནས་འདི་སྐད་ཐལ། །

ཏྰ་ལའི་བླ་མ་དད་པ་འགྱུར་མེད་དང་། །

ཐ་དག་བོད་ལ་འབུལ་བའི་ཡི་དྭགས་ང་། །

ད་ལྟ་འཆི་མ་གསོན་གྱི་གྲོང་ཁྱེར་ནས། །

ན་ཚའི་གདུང་བ་བཟོད་ཐབས་དཀའ་འོ་གསུངས། །

པ་མེས་རིག་དཔལ་གནས་ལ་དུང་བའི་ཕྱིར། །

ཕ་མ་བཟའ་ཚང་ཕྱི་ཕྱག་འཚལ་ནས་སོང་། །

བ་གླང་དྲིན་ཆེན་ཞིག་གིས་ཕན་འདོགས་བཞིན། །

མ་ལུས་སྤྱི་དོན་ཆེད་དུ་འབད་དོ་གསུངས། །

ཙ་རི་གནས་སྐོར་ཆེད་དུ་མ་ཡིན་ཀྱང་། །

ཚ་གྲང་དཀའ་སྤྱད་གངས་ཅན་བསྟན་སྲིད་ཕྱིར། །

ཛ་དྲག་ལས་ཀྱིས་དེད་པའི་ཁྱེར་རྐྱང་ང་། །

ཝ་བཞིན་དོན་མེད་འདུར་རྒྱུགས་བྱས་མེད་གསུངས། །

ཞ་ལོང་ལྐུག་པའི་རྟུལ་ཞུགས་མ་ཡིན་ཀྱང་། །

ཟ་འདོད་ནང་རུལ་མཁན་ལ་ཅི་ཆ་ཡང་། །

འ་ཅག་དེད་དཔོན་༧གོང་ས་རིན་ཆེན་ལ། །

ཡ་ཁོག་དྲང་བདེན་བྱས་པའི་དོད་ཡིན་གསུངས། །

ར་བཞིན་ཚེ་ཟད་སྲིན་པོའི་སྒོ་ཁར་ལྷུང་། །

ལ་རྒྱའི་གཏེར་ཆེན་ནམ་མཁའ་མཛོད་དུ་སྦས། །

ཤ་ཁྲག་རུས་པའི་རྒྱུད་ཐག་ཆད་ཀྱང་རུང་། །

ས་སྟེང་སྐྱེ་བའི་སྙིང་པོ་ལོན་ཐལ་གསུངས། །

ཧ་ཅང་བརྩེ་དུང་ཅན་གྱི་གྲོགས་པོ་དང་། །

ཨ་མའི་བུ་ངར་སེམས་པའི་གངས་ཅན་པར། །

ཨོ་རྒྱན་པདྨས་བྱིན་རླབས་སྙིང་ཞུགས་ནས། །

ཨེ་མ་སྐྱིད་པའི་བར་དོ་མྱུར་འཆར་སྨོན། །

ཨུ་ཚུགས་འདོད་པའི་ཞེན་ཆགས་རབ་བརྟས་ནས། །

ཨི་ཤི་ཀ་ཡི་བདེ་ཆེན་ཞིང་མཐོང་བར། །

ཡིད་ལ་འདོད་པའི་དོན་ཀུན་ལྷུན་གྲུབ་ནས། །

གངས་ལྗོངས་བསྟན་སྲིད་རྟག་ཏུ་བརྟན་པར་ཤོག །

དེས་སྐད་བགྲོ་ནས་མི་ཚོགས་གྲལ་དུ་ཡལ། །

རང་ཉིད་སྐྱོ་གདུང་བཟོད་མི་ཐུབ་པའི་ངང་། །

སད་རྨི་གང་ཡིན་མ་ཤེས་སྙིང་རླུང་ལྡིང་། །

རྩ་བརྒྱུད་བླ་མར་གདུང་བའི་དབྱངས་ཀྱིས་བསྐུལ། །

ཆོས་བརྒྱད་ཞེན་པ་ལོག་པའི་ངེས་འབྱུང་གཅིག །

བྱང་ཆུབ་སེམས་མཆོག་སྐྱེ་བའི་སྨོན་ལམ་གཉིས། །

སྣང་སྲིད་དག་མཉམ་རྟོགས་པའི་ལྟ་དགོངས་གསུམ། །

འགྲོ་ཀུན་རྒྱུད་ལ་འབྱོར་བའི་བདེན་ཚིག་བརྗོད། །

གླིང་ཚ་དཀར་པོ་རྨི་ལམ་ཞིང་ནས་མཇལ། །

ཚེ་བརྟན་རྡོ་རྗེའི་སྐྱོ་གླུའི་ཟློས་གར་དེ། །

གསལ་མ་གསལ་གྱི་རང་སྣང་དྲོན་མོ་ཉིད། །

གང་ཤར་སྒྲོ་བཀུར་བྲལ་བའི་ངང་ནས་བྲིས། །

ཞེས་པ་འདི་ཡང་རབ་རྒྱན་སྨྲིན་ཟླའི་དབང་ཕྱོགས་རྫོགས་པ་དང་པོར་མ་བསམ་ས་ནས་གླིང་ཚ་ཚེ་བརྟན་རྡོ་རྗེ་སྐྱོ་ཉམས་བཅས་རྨི་ལམ་རྨིས་པས་རྩོམ་པ་པོས་བསྐུལ་མ་ལྟ་བུས་རྐྱེན་ལས་གང་དྲན་དུ་རྨི་ལམ་དབང་ཕྱུག་གམ་རིག་འཛིན་ཨེ་མ་ཧོས་ཨེ་ཝཾ་ཏྰ་ར་ཆོས་གླིང་ནས་བྲིས་པར་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ