དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 23 October 2013

ཟླ་བ་མེད་པའི་མཚན་མོ།

སྤྱི་ལོ་དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཙམ་ལ། ཟངས་དཀར་གྲུབ་ཆེན་དང་ལྷན་དུ། འཕགས་པ་ཞེས་པའི་བཙུན་པ་ཞིག་དང་། ལྡོ་རེ་ཚེ་རིང་ཞེས་པའི་བཙུན་པ་ཞིག ནུབ་ཧི་མ་ལ་ཡ་ཟངས་དཀར་ཡུལ་ནས་བོད་དབུས་སུ་ཕེབས། སྔ་མོ་བོད་དུ་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་། སྐབས་དེར་ཁོང་ཚོས་ལམ་རྒྱགས་དང་ཅ་ག་རྣམས་ཀྱང་། སོ་སོའི་རྒྱབ་ཏུ་འཁུར་ཏེ་ཉིན་གྲངས་མང་པོར་འགྲུལ་བཞུད་བྱས་པའི་ལམ་དུ་རྗེ་ཕག་གྲུ་བའི་གདན་སར་འབྱོར། གྲུབ་ཆེན་ཀུར་ཀུར་བའི་མདུན་དུ་ཁོང་རྣམ་པས་རྩ་ལུང་སོགས་གསན།
དེ་ནས་མི་མེད་ལུང་སྟོང་བརྒྱུད་བྱོན་པས་ཟངས་དཀར་གྲུབ་ཆེན་སྐུ་འཁོར་རྣམས་ཐང་ཆད་ཅིང་། ཁ་སྐོམ་པ་སོགས་སྐུ་ངལ་ཤིན་ཏུ་ཆེ་ཡང་མུ་མཐུད་ལམ་དུ་བསྐྱོད། ཉི་མ་ཐག་ཚད་ཙམ་གྱི་སྐབས་སུ་གནས་ཚང་ཞིག་འཚོལ་རྒྱུའི་སྟ་གོན་བྱས། ཉི་མ་ནུབ་རིའི་ཕག་ཏུ་ཡིབ་ལ་ཉེ་བའི་མཚམས་དུད་ཚང་ཉི་ཤུ་ཡས་མས་ཙམ་ཡོད་པའི་ཡུལ་གྲོང་ཞིག་ཏུ་སླེབས། གྲོང་ཚོ་ཡོང་རྫོགས་སུ་ཁྱིའི་ཟུག་སྐད་འུར་འུར་བྱེད་པ་ལས་མི་སྐད་གཅིག་ཀྱང་གོ་རྒྱུ་མེད་པར་འཇམ་མོག་གེར་མཆིས། སྐབས་དེར་ཁོང་རྣམ་པ་མི་ཁྱིམ་རེ་རེའི་སྒོ་ཐེམ་འགྲིམ་སྟེ་གནས་ཚང་གཡོར་བར་ཕེབས་མོད། ཡ་མཚན་གཞི་ཞིག་ལ། གྲོང་ཁྱིམ་ཚང་མའི་ནང་རྒན་དར་གཞོན་གསུམ་གྱི་སྐྱེས་ཕོ་མོ་གཅིག་ཀྱང་མཐོང་རྒྱུ་མེད་སྟབས། ཁོང་ཚོར་སྣེ་ལེན་བྱེད་མཁན་སུ་ཡང་མ་བྱུང་། མཐར་སྐུ་འཁོར་རྣམས་བྱ་ཐབས་བྲལ་ཏེ་ཁང་པ་ཐོག་སོ་ཅན་ཞིག་ཡོད་པར། རང་དགར་གྱིས་འཛུལ་ནས་ངལ་གསོས།
ཕྱི་རོལ་གྱི་ནམ་ཟླ་ཧ་ཅང་འཁྱག་པ་མ་ཟད། གློ་བུར་སྤྲིན་ནག་འཁྲིགས་ཤིང་ཁ་བ་བུ་ཡུག་འཚུབ་འཚུབ་བྱེད། མུ་གེ་སྒང་ལ་ཟླ་ལྷག་གི་དཔེ་ལྟར། དགུང་མོ་དེར་ཟླ་བ་ཡང་མར་ངོར་ཡིན་པས་ཟླ་བ་མེད་པའི་མཚན་མོ་ཞིག་ཏུ་གྱུར། རིམ་གྱིས་ས་རུབ་པ་དང་མཉམ་དུ་མཚན་མོ་མུན་ནག་གི་སྨག་རུམ་ཇེ་སྟུག་ནས་ཇེ་སྟུག་དང་། གྲོང་ཁྱི་རྣམས་ཀྱི་ངུ་ཟུག་ཡ་མ་ཟུང་གི་སྐད་ཤུགས་ཀྱང་ཇེ་ཆེ་ནས་ཇེ་ཆེར་གྱུར། གྲོང་ཚོ་ཧྲིལ་བོའི་ནང་ཁྱི་འཁྱམས་ཚོའི་ཀུ་ཅོ་དང་། ཁོང་རྣམ་པ་གསུམ་གྱི་མི་སྐད་ལས་གཞན་ཞིག་ཡོད་པ་ནི། གྲོང་མཐའ་ན་ཅེ་སྤྱང་མང་པོས་གྲོང་ཚོ་བསྐོར་ཏེ་ངུ་ཤུབ་དར་དིར་བྱེད་པ་དེ་རེད། ཕྱི་རོལ་གྱི་སྣང་ཚུལ་འདི་གཅིག་པུས་ཀྱང་ཅི་ཞིག་ལ་འཇིགས་སྣང་སྐུལ་བ་ལྟར། སྤྱིར་སོ་སྐྱེས་ཐ་མལ་བ་དག་ནི་རབ་ཏུ་སྐྲག་སྟེ། ལུས་པོ་སིག་སིག་ཏུ་འདར་བ་དང་། སྙིང་ལིང་ལིང་དུ་མི་འགུལ་བའི་རང་དབང་ཅི་ལ་ཡོད།
གློ་བུར་བའི་དོན་རྐྱེན་གཞན་ཞིག་སླེབས་པ་ནི། ཟངས་དཀར་གྲུབ་ཆེན་སྐུ་འཁོར་རྣམས་གཟིམས་མགོ་ཚུགས་ཙམ་དུ། ལུས་སྐྱི་གཡའ་ཞིང་། བ་སྤུ་རྣམས་ཡར་ལ་ལྡང་། མགོའི་དབུ་སྐྲ་གྱེན་དུ་གཟེངས་ཏེ་འཇིགས་ཆུམ་ཆུམ་དང་། སྙིང་ཚ་ཧམ་ཧམ་གྱིས་སྡོད་མི་ཚུགས་པ་ལྟ་བུའི་སེམས་ཚོར་ཞིག་ཁོང་ཚོ་གསུམ་ག་ལ་མཐུན་སྣང་དུ་བྱུང་། གཅིག་གིས་གཅིག་གི་གདོང་ལ་ལྟ་བཞིན། འདི་འདྲ་ཞིག་ཅི་ཡིན་ནམ་ཞེས་བློ་དོགས་མི་བདེ་བའི་ངང་ཕན་ཚུན་ལ་ཤབ་ཤུབ་ཏུ་སྨྲས། དར་ཙམ་ནས་བུད་མེད་སྨྱོན་མ་ལྟ་བུ་ཞིག་གིས་ཧབ་དགོད་རྒྱག་པའི་སྐད་སྒྲ་སྙིང་ལ་གཟན་པ་ཞིག རྒྱང་རིང་ནས་ཐག་ཇེ་ཉེ་དང་། ཡང་ཉེ་འགྲམ་ནས་ཐག་ཇེ་རིང་གི་སྣང་ཚུལ་ཅི་རིགས་བྱུང་།
ཅུང་ཟད་ནས་མངོན་སུམ་དུ་འཇིགས་སུ་རུང་བའི་བུད་མེད་ནག་འདྲད་འདྲད་ཅིག་གིས་འོག་ནས་དྲུས་པ་དང་། སྟེང་ནས་མནན་པ་སོགས་བྱས་པས་ཅི་བྱེད་འདི་བྱེད་མེད་པར་གྱུར། སྐབས་དེར་འཕགས་པ་ན་རེ། “ ག་ག་དེ་རིང་ངེད་ལ་བོགས་འདོན་པ་ཞིག་ཡོང་བ་འདུག ཐུགས་ཧུར་མཛོད་ཅིག་” ཟེར། ལྡོ་རེ་ཚེ་རིང་ན་རེ། “ ང་མི་ཚུགས་པ་འདུག ད་ཙུག་བྱེད། ག་གའི་སྐུ་ཞབས་ལ་ཡོང་རྒྱུ་ ” ཟེར་ཡང་ཡོང་མ་ནུས། འཕགས་པ་དང་མཉམ་དུ་ཚུར་ཡོང་ནས་འགྲམ་དུ་བསྡད་ཀྱང་མི་ཚུགས་པ་འདུག་ཟེར། དེ་ཙམ་ནས་ཟངས་དཀར་གྲུབ་ཆེན་དང་འཕགས་པས་གསང་སྤྱོད་རོ་སྙོམས་ཀྱི་གསོལ་འདེབས་སོགས་བྱས་ཏེ་ཕཊ་བརྒྱབ་ཀྱང་མ་ཕན། སྐུ་བཞེངས་ཏེ་མཉམ་བཞག་ངང་རྩེ་གཅིག་ཏུ་ཧཱུཾ་ཧཱུཾ་ཕཊ་ཕཊ་རྒྱུན་རིང་དུ་བརྒྱབ་པས། རེ་ཞིག་ཀུ་ཟི་དང་འཇིགས་སྣང་ཆུང་དུ་སོང་། བུད་མེད་ནག་འདྲད་མོའི་ངུ་མ་དགོད་ཀྱི་སྐད་ཡང་ཅུང་ཟད་རྒྱང་ཐག་རིང་དུ་གྱེས། དུས་མཚུངས་སུ་ནམ་ཡང་ལངས།
ཉི་མ་རི་རྩེར་ཤར་ཞིང་གཉིད་ཐུན་རེ་ཁུག་མཚམས་ཕྱི་རོལ་དུ་རྔ་རྡུང་། སྦུག་དཀྲོལ། སྐྱེས་པའི་ཀི་ལྡིར་སོགས་ཀྱིས་རྣ་བ་འགས་པ་ལྟར་བྱེད་པས་གཉིད་དཀྲོག ཧར་གྱིས་བཞེངས་ཏེ་བལྟས་པས། ཕྱི་རོལ་དུ་ཕོ་སྐྱེས་རྒན་གཞོན་བརྒྱ་སྐོར་ཡས་མས་ཤིག་གིས་གྲོངས་མཐའ་ཡོངས་སུ་བསྐོར་འདུག ཁ་ཅིག་གི་ལག་པར་རྔ་དང་སྦུག་བཟུང་། ལ་ལས་གྲི་དང་། མདུང་། རྒྱུག་པ། རྡོ། ལྕགས་ཐག་སོགས་བསྣམས་འདུག ཁོང་ཚོ་ཕན་ཚུན་གཅིག་གིས་གཅིག་མཇལ་མ་ཐག ཕྱོགས་གཉིས་ཀ་ཧད་ཀྱིས་ལུས་ཏེ་ཅི་ཡང་སྨྲ་མི་ཤེས་པར་གྱུར།
ཅུང་ཙམ་ནས་ཟངས་དཀར་གྲུབ་ཆེན་གྱིས་ཕྱག་ཕྲེང་གནམ་ལ་གཏད་དེ་མ་ཎི་ཡིག་དྲུག་དབྱངས་ལ་གྱེར་ནས་བསྐུལ་བས། རྒན་པོ་གསུམ་འཁྱར་འཁྱོར་ངང་སྐུ་མདུན་དུ་བཅར་ནས་ཕྱག་འཚལ་ཅིང་། པུས་བཙུགས་ནས་འདི་སྐད་ཞུས། “ ཁྱེད་སྐུ་འཁོར་རྣམས་རང་ག་བ་ཞིག་མིན་པ་འདུག འདང་མ་སྐྱོན་པ་ནི། ཡ་མཚན་ཆེ་ ” ཟེར་བཞིན་རབ་ཏུ་བཤུམས། ཟངས་དཀར་གྲུབ་ཆེན་གྱིས་རྒྱུ་དྲི་བས། རྒན་པོ་གསུམ་ན་རེ། “ འདིར་གྲོང་གི་བུད་མེད་ལོ་གཞོན་ཞིག་ཆོ་དང་མ་འཆམ་པར། སྐེ་ཐག་བསྐོན་ནས་རང་ཤི་བརྒྱབ། དེའི་རོ་འཁྱེར་མཁན་མ་བྱུང་བར་བདུན་གཅིག་ལུས་པ་འདྲེར་གྱུར་ནས་ཡུལ་ལ་ཤིན་ཏུ་གནོད་པ་བྱུང་། དེ་རྐྱེན་གྱིས་ཡུལ་སྤོས་ནས་གྲོང་སྟོང་བར་ལྷག ཁ་སང་ཕྱི་དྲོ་ཙམ་ལ་ཁྱེད་སྐུ་འཁོར་རྣམས་རྒྱང་དུ་མཇལ་ཡང་གསང་ནས་མ་ཞུས། ད་འདི་མེད་པར་འགྲོ་བ་ཞིག་སྐུ་མཁྱེན། ཞབས་ཏོག་ཅི་ལྕོགས་འབུལ་” ཟེར་ནས་ཞུ་བ་ནན་གྱིས་ཕུལ་ཏེ་བཤུམས།
ན་སོ་བགྲེས་པའི་རྒན་པོ་མགོ་དཀར་ཚོའི་ཞུ་ནན་ལྡོག་མ་ནུས་པ་དང་། ཡུལ་གྱི་མོ་འདྲེའི་འཇིགས་སྣང་གིས་ཡུལ་བ་ཚོ་གྲོང་ནང་འགྲོ་སྡོད་མི་ཚུགས་པར་ཅི་མི་སྙམ་པའི་སྙིང་རྗེ་སྐྱེས་ཏེ། ཟངས་དཀར་གྲུབ་ཆེན་སྐུ་འཁོར་རེ་ཞིག་ཡུལ་དེར་བཞུགས་རྒྱུའི་ཁས་ལེན་མཛད། བདུན་དང་པོར་གསང་སྤྱོད་རོ་སྙོམ་མཛད་པས་འདྲེ་མོའི་ཟིལ་ཤུགས་ཅུང་ཆུང་དུ་ཕྱིན་པ་དང་མཉམ་དུ། མཚན་གུང་གི་འདྲེ་མོའི་ཧབ་དགོད་ཏེག་ཏེག་བྱེད་པ་ཡང་གསལ་ལ་མི་གསལ་བ་ནས་ངུ་སྐད་དུ་གྱུར།
བདུན་གཉིས་པར་ཁྱི་ལྡོམ་ཚོས་ཚད་མེད་པར་ཀུ་ཅོ་རྒྱག་པ་དང་། མཚན་མོ་གྲོང་མཐའ་ན་ཅེ་སྤྱང་ཚོས་ངུ་ཤུབ་དར་དིར་བྱེད་པ་ཡང་རིམ་བཞིན་ཇེ་ཆུང་དང་ཇེ་ཉུང་དུ་ཕྱིན། དེ་ལྟར་ཀུ་ཟི་དང་འཇིགས་སྣང་ཉིན་རེ་ནས་ཉིན་རེར་ཞི་འཇམ་དུ་གྱུར་པས། ཡུལ་བ་རེ་གཉིས་གྲོང་དུ་ཕར་འགྲོ་ཚུར་འོང་ཐུབ་པ་བྱུང་། འོན་ཀྱང་འདྲེ་མོའི་ཟིལ་ཤུགས་རྩད་ནས་མེད་པར་གྱུར་མེད་སྟབས། བདུན་གསུམ་པར་ཟངས་དཀར་གྲུབ་ཆེན་སྐུ་འཁོར་ནས། ཡི་དམ་གྱི་གཟུངས་སྔགས་ཉིན་མཚན་དྲུག་རིང་ལ་དྲག་ཏུ་བཟླས།
བདུན་དེའི་ཉིན་མཐའ་མ་སྟེ་གཟའ་སྐར་འཕྲོད་སྦྱོར་དང་སྟབས་བསྟུན། གདོན་བགེགས་སྐྲོད་བྱེད་སྲེག་ཆོག་གི་སྒོ་ནས་དྲག་པོའི་སྦྱིན་སྲེག་ཆེན་པོ་ཞིག་གྲོང་གི་དཀྱིལ་དུ་ཉི་མ་ཚང་ལ་བརྟོལ་བ་དང་མཉམ་དུ་བྱས། ཉིན་དེའི་ཕྱི་དྲོ་འདྲེ་མོའི་གནོད་པས་ཡུལ་སྤངས་པའི་སྐྱེས་ཕོ་མོ་རྒན་གཞོན་རྣམས་ཀྱང་ཕྱིར་གྲོང་དུ་བོས། སྦྱིན་སྲེག་གི་ཆོ་ག་དངོས་གཞིའི་འདྲེ་འགུག་རྒྱག་པའི་མཚམས་སུ། རླུང་འཚུབ་ནག་པོ་ཞིག་འུར་གྱིས་ལྡང་བ་དང་ཆབས་ཅིག བྱིས་པ་རྣམས་དབང་མེད་དུ་ངུ་ཤོར། རྒན་པ་རྣམས་ལུས་སེམས་ཚ་བིར་བིར་དང་། སྙིང་འཇིགས་ཡེར་རེའི་བྱེད་པ་སོགས་འདྲེ་མོ་མངོན་སུམ་སླེབས་པ་ལྟ་བུའི་སྣང་ཚུལ་དེར་ཡོད་ཀུན་ལ་བྱུང་།
ཅུང་ཟད་ནས་ཧཾ་ཁུང་དུ་འདྲེ་མོའི་ངུ་སྐད་འདོན་པ་དང་། “ ཨ་ཚ་ཚ་ ” ཟེར་བ། “ ང་ཐར་བ་གནང་རོགས་” ཟེར་བ་སོགས་ཨག་སྐད་ཅི་རིགས་ལྷང་ལྷང་དུ་འབྱིན་པ་དང་ཆབས་ཅིག་ཤ་ཚིག་པའི་གཞོབ་དྲི་ཆིལ་ཆིལ་དུ་བྱུང་། དེ་ཡི་མུར་ཧཾ་ཤིང་གི་དུ་བ་སྔོ་ལིང་ལོང་འཕྱར་བཞིན་པ་ཧོལ་གྱིས་མཚམས་ཆད་དེ། སྦྲུལ་གཟུགས་འདྲ་བའི་དུ་བ་ནག་ལྷོག་ལྷོག་ཅིག་རླུང་འཚུབ་ཅིག་གིས་བསྟིམས་ནས་ཡར་ལྡང་བ་ནུབ་རིའི་ཕྱོགས་སུ་བཞུད། ཟངས་དཀར་གྲུབ་ཆེན་གྱིས་དེར་སྡིགས་མཛུབ་གཏད་དེ་ཕཊ་ལན་གསུམ་བརྒྱབ་སྟེ་ཆོ་ག་མཇུག་བསྡུས་པ་དང་མཉམ་ས་ཡང་རུབ་འདུག
དགོང་མོ་དེ་ནས་བཟུང་གྲོང་ཁྱི་ཚོས་ཟུག་སྐད་ཚོད་མེད་སྒྲོག་པ་དང་། གྲོང་མཐའ་ན་ཅེ་སྤྱང་དག་གིས་ངུ་སྐད་དར་དིར་འབྱིན་པ་སོགས་གཅིག་ཀྱང་མེད་པར་རྒྱུན་ལྡན་ལྟར་གྱུར། ཕྱི་ཉིན་ནས་གྲོང་དུ་ཡུལ་མི་རྣམས་སུ་འཐད་འཐད་དུ་འགྲོ་ཐུབ་པ་བྱུང་། ཟངས་དཀར་གྲུབ་ཆེན་སྐུ་འཁོར་རྣམས་ཀྱང་སྔར་བཞིན་ལམ་དུ་ཆས།

0 comments:

ཟིན་བྲིས་འཚོལ་ཡུལ