དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday, 17 January 2014
ཀ་དག་གི་མགུར་དབྱངས་དབུ་རྒྱན་རིན་པོ་ཆེ་ཞེས་བྱ་བ། །
ཨེ་མ་ཧོ། །
ཀ་དག་སྤྲོས་བྲལ་བློ་འདས་ཀུན་བཟང་གི་དགོངས་པ། །
ཁ་སྦྱོར་འོད་གསལ་ལྷུན་གྲུབ་གཉུག་སེམས་ཀྱི་རང་མདངས། །
ག་བུར་དབང་པོའི་བཞིན་ལྟར་འཕེལ་འགྲིབ་ཏུ་སྣང་ཡང་། །
ང་ཡི་རིག་པའི་རྒྱན་ཏུ་སྐྱེ་འགགས་དང་བྲལ་འདུག །
ཅ་ཅོའི་འདུ་འཛི་མང་ཡང་རིག་དབྱིངས་ངང་རང་གྲོལ། །
ཆ་ལུགས་སྣ་ཚོགས་བསྒྱུར་ཀྱང་རོལ་གཅིག་གི་རང་བཞིན། །
ཇ་ཆང་འདོད་ཡོན་ལོངས་སྤྱོད་ཚོགས་དྲུག་ནི་རྒྱན་ཆ། །
ཉ་གང་ཟླ་བའི་བཞིན་ལྟར་རྫོགས་ཆེན་གྱི་གནས་ལུགས། །
ཏ་ཐྰ་ག་ཏའི་སྙིང་པོ་རང་རིག་ལ་རྫོགས་པས། །
ཐ་སྙད་ཤེས་བྱའི་གནས་ལ་རེ་དྭོགས་ཀྱིས་མ་འཆིང་། །
ད་འདས་མ་འོངས་གཤིས་ལ་མ་བཅོས་ཀྱི་ཕྱག་རྒྱ། །
ན་མོ་རིགས་བརྒྱའི་ཁྱབ་བདག་རང་ལུགས་སུ་འཆར་འདུག། །
པ་ར་མི་ཏའི་ཡུམ་ཆེན་ཆོས་དབྱིངས་ཀྱི་སངས་རྒྱས། །
ཕ་མའི་རྒྱུད་སྡེའི་བསྐྱེད་རྫོགས་མ་བསྒོམས་པའི་སྒོམ་ཆེན། །
བ་ལང་ཕྱུགས་རྫིས་སྦྲང་རྩམ་རང་མྱོང་གིས་ཚོར་ལྟར། །
མ་བཅོས་སེམས་ཉིད་རྟེན་འབྱུང་འགགས་མེད་དུ་ཤར་འདུག །
ཙཀྵུའི་ཁུངས་རྟོགས་ངེས་ཤེས་ཀློང་ཆེན་གྱི་ལྟ་བ། །
ཚ་དྲོད་བདེ་འཁྱིལ་མཁྱེན་བརྩེ་འོད་གསལ་གྱི་སྒོམ་པ། །
ཛ་ཡའི་དགོངས་པར་མཐུན་པའི་རྒྱལ་སྲས་ཀྱི་སྤྱོད་པ། །
ཝ་ལེར་སེམས་ལ་རྫོགས་པ་རྣལ་འབྱོར་གྱི་གྲུབ་འབྲས། །
ཞལ་དཀར་རྗེ་དང་ཀུན་མཁྱེན་ཡབ་སྲས་ལས་བརྒྱུད་པའི། །
ཟ་མ་ཏོག་གི་བུམ་བཟང་བདུད་རྩི་ཡིས་གཏམས་བཞིན། །
འ་ཅག་དམ་གཙང་མཆེད་ལྕམ་སྐལ་བཟང་གི་ལས་སྨོན། །
ཡ་མཚན་ཀུན་བཟང་རྒྱལ་བའི་གདུང་རྒྱུད་འདི་སྐྱིད་པ། །
ར་བ་གངས་དཀར་མཛེས་པའི་བསིལ་ལྗོངས་ཀྱི་ཞིང་ན། །
ལ་རྒྱའི་བསྟན་སྲིད་སྤེལ་བའི་སྔ་འགྱུར་གྱི་རིག་འཛིན། །
ཤ་གཟན་བདུད་ལས་རྒྱལ་བའི་རྒྱལ་རྔ་འདི་བརྡུང་ཚེ། །
ས་ཐོབ་སེམས་དཔའི་ཚོགས་ཀུན་སྤྲིན་ཆེན་བཞིན་རྒྱས་སོང་། །
ཧ་ཅང་དགའ་སྤྲོའི་ལྟ་མགུར་བྲོ་གར་ལ་རོལ་བས། །
ཨ་ཧོ་ཀུན་བཟང་བླ་མའི་རྡོ་རྗེ་ཡི་མཆེད་ལྕམ། །
ཧ་ཧ་བཞད་པའི་ཚོགས་འཁོར་ཅི་དགའ་ལ་རོལ་ཞིང་། །
ཨ་ཏིའི་ཟབ་དོན་མྱོང་ཞིང་བསྟན་དོན་ལ་ཆས་འགྲོ། །
ཞེས་པ་རབ་རྒྱན་ཆུ་སྦྲུལ་མགོ་ཟླའི་ཉ་ཚེས་ལ་ཆོས་རྗེ་ཡིད་བཞིན་ནོར་བུའི་འདས་མཆོད་སྐབས་སུ་སད་རྨི་འདྲིས་མའི་སྣང་ཆ་དག་ཐོལ་བྱུང་དུ་ཨེ་མ་ཧོས་བོད་བརྒྱུད་རྣལ་འབྱོར་ཆོས་གླིང་གི་ཚོགས་གྲལ་ནས་ཨ་ཡེ་པེའི་ནང་དུ་བྲིས་པར་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ