དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Thursday, 16 January 2014
དྲང་སྲོང་བདེན་གླུ།
|
2014-1-16 18:15:11 |
༄༅།།ཕྱོགས་ཞེན་གཡའ་ཡིས་མ་གོས་པའི་ཆུ་བུར་མིག་གི་མཐོང་བའི་དྲང་བདེན་ངག་ཚིག་གཟུགས་རིས་ སུ་བཀོད་པ་དྲང་སྲོང་བདེན་གླུ།། ཟབ་གསང་འགྱུར་མེད་བདེ་ཆེན་ཆོས་ཀྱི་དབྱིངས།། མངོན་སུམ་རིག་གདངས་དགོངས་པའི་རྩལ་སློངས་ལས།། འབད་མེད་རང་གྲོལ་ཆོས་ཟད་ཆོས་ཀློང་གྲོལ།། ངེས་དོན་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ།། དམ་པའི་སྐྱེ་བུའི་གསང་གསུམ་ཡོན་ཏན་ཚུལ་མཐོང་བློ་ཡིས་དཔོག་དཀའ་ཡང་།། མངོན་སུམ་ཆུ་བུར་མིག་གིས་མཐོང་བའི་བདེན་པའི་ངག་ཚིག་འདི་ན་བཀོད།། དགྲ་གཉེན་ཕྱོགས་ཞེན་མདུད་ལས་གྲོལ་བས་ཁྲོས་པའི་གདོང་མིག་མཐོང་མྱོང་མེད།། དགྱེས་པའི་ཞལ་བཟང་སྙན་པའི་དབྱངས་ལས་རྩུབ་མོའི་ཚིག་མཚོན་ཐོས་མྱོང་མེད།། མཐོ་དམན་འདྲ་མཉམ་ཀུན་ལ་བརྩེ་བས་ཕྲག་དོག་འགྲན་སེམས་བརྙས་བཅོས་མེད།། ཟོལ་མེད་ལྷག་བསམ་གཞོམ་མེད་རྡོ་རྗེར་སྒེར་གཅོད་དུག་སྤུ་གྲི་མེད།། ཟབ་གསང་བཀའ་ཡི་དགོངས་པའི་གནད་ལ་ངན་གཡོ་ཚིག་གི་སྤུན་པ་མེད།། སྣང་སྲིད་དག་མཉམ་ལྟ་བའི་གདེང་ལས་བཟང་ངན་རེ་དོགས་རྟོགས་པ་མེད།། དུས་ངན་གཡབ་མོས་རང་ཚུགས་མ་ཤོར་དམ་པའི་རང་གཤིས་གསེར་ལས་ལྷག། ཟུངས་ཁྲག་དྲོན་མོའི་བསྟན་སྲོག་མཐུད་པས་རྨད་བྱུང་ཐུགས་བསྐྱེད་སུ་ཡིས་འགྲན།། གངས་ལྗོངས་ཤྲཱི་སེང་གཉིད་ལས་བསླངས་བས་རླབས་ཆེན་རྒྱལ་བའི་རྒྱལ་རྔ་རྡུང་།། རིས་མེད་རྒྱལ་བསྟན་འཛིན་དང་སྤེལ་བས་བསྟན་པའི་མེ་རོ་སླར་ཡང་སྦར།། རྒྱལ་བསྟན་ལུང་རྟོགས་བཤད་དང་སྒྲུབ་པའི་ས་གསུམ་འགྲོ་བའི་དཔལ་དུ་ཤར།། དབེན་པའི་རི་ལ་སྒྲུབ་པའི་རྒྱལ་མཚན་གཡོ་མེད་བརྟན་པོའི་གཡུང་དྲུང་འཁྱིལ།། གསང་ཆེན་སྙིང་ཐིག་གསང་བའི་མཛོད་འཛིན་སྨིན་གྲོལ་གསུང་གིས་ཆོས་ཆར་འབེབས།། བཀའ་དྲིན་སུམ་ལྡན་རྩ་བའི་མར་ཆགས་ཞེན་བྲལ་བའི་དད་ཕྱག་འཚལ།། མ་འདྲིས་ཀུན་ལ་མཛའ་བའི་རྫོགས་སངས་རྒྱས།། མ་ལུས་ཀུན་ལ་བྱམས་པའི་བྱང་ཆུབ་སེམས།། མ་བསླབ་ཀུན་ལ་མཁས་པའི་གཟུངས་སྤོབས་གཏེར།། མ་བཅོས་དུང་བའི་སེམས་ཀྱིས་ཁྱེད་ཉིད་གུས།། ངོ་བོ་ཀ་ནས་དག་པའི་སྟོང་ཆེན་སྤྲོས་བྲལ་གྱི་ཆོས་སྐུ།། རང་བཞིན་ལྷུན་གྱིས་གྲུབ་པའི་དག་ཆེན་ལོངས་སྤྱོད་ཀྱི་རྫོགས་སྐུ།། ཐུགས་རྗེ་ཀུན་ལ་ཁྱབ་པའི་བརྩེ་ཆེན་གང་འདུལ་གྱི་སྤྲུལ་སྐུ།། སྐུ་གསུམ་ཀུན་ཏུ་འདུས་པའི་དྲིན་ཅན་བླ་མ་དེ་མཁྱེན་ནོ།། བྱིན་རླབས་གཏེར་གྱི་མངའ་བདག་རྒྱུད་གསུམ་བྱིན་ལྡན་གྱི་བླ་མ།། དངོས་གྲུབ་ཀུན་གྱི་འབྱུང་གནས་རྒྱུད་སྡེ་བཞི་དྲུག་གི་ཡི་དམ།། འཕྲིན་ལས་མཁའ་དང་མཉམ་པའི་མ་རྒྱུད་གནས་ཡུལ་གྱི་མཁའ་འགྲོ།། རྩ་གསུམ་ཀུན་ཏུ་འདུས་པའི་དྲིན་ཅན་བླ་མ་དེ་མཁྱེན་ནོ།། དོན་གཉིས་ཡོན་ཏན་བརྒྱད་ལྡན་ཁྱེད་ཐུགས་སངས་རྒྱས་ཀྱི་བདག་ཉིད།། འགོག་ལམ་ཡོན་ཏན་བརྒྱད་ལྡན་ཁྱེད་གསུང་དམ་ཆོས་ཀྱི་འབྱུང་གནས།། རིག་གྲོལ་ཡོན་ཏན་བརྒྱད་ལྡན་ཁྱེད་སྐུ་དགེ་འདུན་གྱི་དཀོན་མཆོག། སྐྱབས་གསུམ་ཀུན་ཏུ་འདུས་པའི་དྲིན་ཅན་བླ་མ་དེ་མཁྱེན་ནོ།། ཕྱི་ཡི་སྒྲོ་འདོགས་མ་ལུས་གཅོད་པར་བྱེད་པའི་བླ་མ་དེ་མཁྱེན་ནོ།། ནང་གི་རང་བྱུང་ཡེ་ཤེས་སྟོན་པར་བྱེད་པའི་བླ་མ་དེ་མཁྱེན་ནོ།། གསང་བ་ལྷན་སྐྱེས་ཡེ་ཤེས་སྟོན་པར་བྱེད་པའི་བླ་མ་དེ་མཁྱེན་ནོ།། མཐར་ཐུགས་དེ་ཉིད་རྣམ་དག་སྟོན་པའི་བླ་མ་དེ་མཁྱེན་ནོ།། ལྷུན་མཉམགཟུགས་ཀྱི་སྐུ་ལ་བགྲེས་རྒུད་བྲལ།། ངེས་གསང་བཀའ་ཡི་དགོངས་ཁྲོལ་རྡོ་རྗེའི་ལྗགས།། གཡོ་མེད་ཏིང་འཛིན་ཞི་བའི་ཐུགས་རྒྱུད་གཏམས།། གསང་ཆེན་གསང་བའི་བདག་པོར་དད་བརྒྱའི་ཡུལ།། མ་བསླབས་ཆོས་ཀུན་མཁྱེན་པས་མཁས་པ་ཡི་གཙུག་རྒྱན།། ཉེས་ཚོགས་གཡའ་ཡིས་མ་གོས་བཙུན་པ་ཡི་ཁྱུ་མཆོག། ཡ་རབས་བཟང་དགུས་མཛེས་པའི་དམ་པ་ཡི་རང་གཤིས།། སྐྱབས་རྗེ་པདྨ་སྐལ་བཟང་ཚེ་རབས་ཀྱི་སྐྱབས་གནས།། མཁྱེན་པས་ཆོས་རྣམས་ཀུན་གྱི་དེ་ཉིད་ལ་གཟིགས་ཤིང་།། བརྩེ་བས་འདུལ་བྱ་ཀུན་ལ་བྱམས་པ་ཡིས་སྐྱོང་ནས།། ནུས་པས་མི་རྒོད་འགྲོ་རྣམས་ཐར་ལམ་ལ་འདྲེན་མཛད།། ཆོས་རྗེ་ཡིད་བཞིན་ནོར་བུ་སྙིང་དབུས་ན་བཞུགས་ཡོད།། མཐོང་བ་ཙམ་གྱིས་གྲོལ་བའི་གཟུགས་སྐུ་དེ་མཇལ་བྱུང་།། ཐོས་པ་ཙམ་གྱིས་གྲོལ་བའི་ཟབ་ཆོས་དེ་ཐོས་བྱུང་།། རེག་པ་ཙམ་གྱིས་གྲོལ་བའི་ཕྱག་ཟུང་དེས་རེག་བྱུང་།། སྐུ་ཚེ་མི་འགྱུར་ཞབས་པད་ཡུན་རིང་དུ་བརྟན་ཤོག། མཐོང་གྲོལ་ཐོས་གྲོལ་རེག་གྲོལ་བླ་མ་ཡི་ཡོན་ཏན།། མ་གྲོལ་མི་གྲོལ་མི་སྲུང་རང་ཚང་གི་ཉོན་མོངས།། གཉིས་འཛིན་བློ་ཡི་འཁྲུལ་སྣང་ཞེན་ཐག་རེ་ཆོད་ན།། དྲིན་ཅན་རྩ་བའི་བླ་མས་བྱིན་རླབས་རེ་ལོས་ཡིན།། སྙན་ཚིག་རོལ་དབྱངས་འཁྲོལ་ལ་བྲེལ་མོད་ཀྱང་།། བརྡ་སྤྲོད་རིག་གནས་ཙམ་ཡང་མ་བྱང་པས།། བརྗོད་བྱ་རྗོད་བྱེད་འགལ་འདུ་ཅིའི་མི་མང་།། དེས་ཕྱིར་གཟུར་གནས་དམ་པའི་ཚོགས་ལ་བཤགས།། ཞེས་རྗེ་ཉིད་ཀྱི་སློབ་འབངས་ཡོངས་ཀྱི་ཐ་ཤལ་བ་རྫོགས་ཆེན་པ་པད་མགོན་ནས་གུས་ཕྱག་དང་བཅས་སྤྱི་༢༠༡༣ལོའི་ཟླ་༡༢ཚེས་༡༨ལ་རྒྱ་ནག་རྒྱ་མཚོ་ཆེན་པོའི་ཉེ་འགྲམ་ནས་འཕྲལ་དུ་བྲིས་དཔྱད་གཞིའི་ཡིག་ཆ་མ་ལྟས་ཞིང་རིག་གནས་ཀྱི་ཆ་ཚོད་ཞན་པས་རྐྱེན་གྱིས་ཚིག་དོན་ལ་འགལ་འདུ་མང་ཡང་ཐུགས་ཁྲེལ་མེད་པར་ཞུ།། |
Subscribe to:
Post Comments (Atom)
0 comments:
Post a Comment