དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 24 March 2014
དེང་གི་ལུང་བསྟན་པ།
 

སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་།།
དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན།།
དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི།།
ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ།།
                               སློབ་དཔོན་དབྱིག་གཉེན་གྱིས།
 

འཛམ་གླིང་མཛེས་པར་བྱེད་པ་རྒྱན་དྲུག་གི།།
ཡ་གྱལ་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས།།
བསྟན་པ་དཀྲུགས་པའི་ངན་རྟོག་འདི་དག་ལ།།
སྡོམ་ཚིག་གསལ་ཐག་ཆོད་པ་བཀོད་ནས་འདུག།
 


རང་ཉིད་ནམ་འཆི་ཙམ་ཡང་མི་ཤེས་མོད།།
གཞན་གྱི་རྣམ་ཤེས་གར་འགྲོ་མཐོང་ངོ་ཟེར།།
མདང་སུམ་རྨི་ལམ་ཙམ་ཡང་མི་དྲན་མོད།
དམྱལ་ཁམས་བཅོ་བརྒྱད་མིག་ལ་ཤར་རོ་ཟེར།།
 


ངོ་ཤེས་ཕལ་ཆེར་ངན་སོང་སྐྱེ་འདུག་ཟེར།།
ཁོ་བོས་དེ་ལ་རོགས་ཏན་བྱས་སོ་སྐད།།
ཕ་ཡུལ་གཅིག་པའི་མི་དག་ཡིན་རབས་གླེང་།།
ཡོད་དོ་ཅོག་གི་འཕྲིན་ཞིག་བསྐུར་རབས་བཤད།།
 


སྐད་ཆ་དེ་ལ་ཅུང་ཙམ་དཔྱད་གྱུར་ན།།
དེང་སྐབས་ཁྲེང་ཏུའུ་བོད་མིའི་ཁྲོམ་དང་ནི།།
ཁྱེད་རང་ཕེབས་སའི་དམྱལ་བའི་ཡུལ་གཉིས་ལ།།
ཁྱད་པར་ཆེས་ཆེར་མེད་པ་ཨེ་ཡིན་སྙམ།།
 


ཕྱི་གླིང་ཡུལ་གྱི་སྡིག་རྒན་མི་འདུག་ལ།།
ནང་རྒྱལ་ཡུལ་གྱི་རྟ་ལོག་མི་འདུག་པ།།
དེ་རུ་ཡོད་ཚད་ངོ་ཤེས་ཡིན་འདུག་ན།།
དམྱལ་བའི་ཡུལ་ན་བོད་ཁྲོམས་ཡོད་དམ་སྙམ།།
 


རི་དང་ར་བ་ཁང་ཁྱིམ་ལ་སོགས་པས།།
བསྒྲིབས་པ་མེད་པར་ཆོས་ཀུན་མཐོང་ཞེས་ཟེར།།
དེ་ན་ང་ཡི་ལག་གི་སྒོར་ཁུག་འདིར།།
སྒོར་མོ་ག་ཚོད་ཡོད་པ་གསུང་ཤོག་དང་།།
 


མ་འོངས་འབྱུང་འགྱུར་ལས་ལ་ཐོགས་མེད་ཟེར།།
དེ་ན་བོད་པའི་བདེན་མཐའ་ནམ་གསལ་ཞེས།།
འདྲི་མི་བྱུང་ན་ལན་ཞིག་སྟེར་དགོས་པས།།
ལུང་བསྟན་པ་ལ་གསུང་རྒྱུ་ཡོད་དམ་སྙམ།།
 


མ་ཀའི་དམྱལ་བའི་ནང་ལ་གཤེགས་སོ་ལོ།།
ཡ་ཀའི་བདེ་བ་ཅན་ལ་སོང་སོ་སྐད།།
དམ་སྲི་ཐེའུ་རིང་ལ་སོགས་རིག་ཞེས་ཟེར།།
ད་ནི་ལུང་བསྟན་པ་དེ་སྨྱོ་ལ་ཁད།།
 


མ་ཤི་གསོན་པོ་ད་ལྟའི་མི་འདི་ཡང་།།
ཡུལ་ཁམས་གཞན་དུ་སྐྱེ་བ་བླང་འདུག་ཟེར།།
མི་ལུས་གཅིག་ལ་རྣམ་ཤེས་གཉིས་ཡོད་པ།།
དེང་གི་ལུང་བསྟན་པ་ཡི་འདོད་ཚུལ་ཡིན།།
 


ཤེས་བྱའི་གནས་ལ་མགོ་བོ་རྨོངས་དང་གཅིག།
བསླབ་པའི་ཡོན་ཏན་སྣ་གཅིག་མེད་དང་གཉིས།།
བློ་ལྡོག་རྣམ་བཞིའི་རྒྱུད་མ་འདུལ་དང་གསུམ།།
དེང་གི་ལུང་བསྟན་པ་ཡི་ཁྱད་ཆོས་ཡིན།།
 


སྲོལ་རྒྱུན་རིག་པའི་བང་མཛོད་མེད་དང་གཅིག།
དུས་རབས་གསར་བའི་ཁ་ཕྱོགས་མེད་དང་གཉིས།།
རང་མགོ་ཐོན་པའི་ལྟ་བ་མེད་དང་གསུམ།།
དེང་གི་ལུང་བསྟན་པ་ཡི་ཁྱད་ཆོས་ཡིན།།
 


སྐྱེ་བ་སྔ་ཕྱིའི་རྣམ་གཞག་མི་ཤེས་གཅིག།
བར་དོ་དྲུག་གི་གོ་རིམ་མི་ཤེས་གཉིས།།
རྩ་རླུང་དབུ་མའི་རྒྱུ་བ་མི་ཤེས་གསུམ།།
དེང་གི་ལུང་བསྟན་པ་ཡི་ཁྱད་ཆོས་ཡིན།།
 


མི་གཞི་གཙང་མའི་ཡོན་ཏན་མེད་དང་གཅིག།
དཀོན་མཆོག་གསུམ་པོར་ཡིད་ཆེས་མེད་དང་གཉིས།།
རྒྱུ་འབྲས་གནས་ལ་རྡོག་རྫིས་བྱེད་དང་གསུམ།།
དེང་གི་ལུང་བསྟན་པ་ཡི་ཁྱད་ཆོས་ཡིན།།
 


སངས་རྒྱས་བསྟན་པའི་དབུ་རྣ་བརྫད་དང་གཅིག།
མར་གྱུར་སེམས་ཅན་མགོ་བོ་བསྐོར་དང་གཉིས།།
གདོང་དམར་བོད་པའི་མདུན་ལམ་བརླཊ་དང་གསུམ།།
དེང་གི་ལུང་བསྟན་པ་ཡི་ཁྱད་ཆོས་ཡིན།།
 


དམངས་ཀྱི་སྒོར་ལ་ཧབ་ཐོབ་བྱེད་དང་གཅིག།
ཉམས་ཆུང་ཚེ་སྲོག་ཁ་ཟས་བྱེད་དང་གཉིས།།
མི་ཆོས་རིག་པའི་ལམ་ལུགས་མེད་དང་གསུམ།།
དེང་གི་ལུང་བསྟན་པ་ཡི་ཁྱད་ཆོས་ཡིན།།
 


ང་རྒྱལ་རི་བོ་དགུང་ལ་བསྙེགས་དང་གཅིག།
ཞེ་སྡང་སྦྲུལ་གྱི་དུག་ལྕེ་མྱུར་དང་གཉིས།།
གཏི་མུག་ཕག་གི་ཟླ་རུ་གྱུར་དང་གསུམ།།
དེང་གི་ལུང་བསྟན་པ་ཡི་ཁྱད་ཆོས་ཡིན།།
 


མཛེས་མ་དུ་མས་མདུན་ནས་བསྐོར་དང་གཅིག།
རླངས་འཁོར་རྫིག་པོ་སྒོ་རུ་བསྐོར་དང་གཉིས།།
ཕྲུ་གུ་མང་པོས་མཐའ་ནས་བསྐོར་དང་གསུམ།།
དེང་གི་ལུང་བསྟན་པ་ཡི་ཁྱད་ཆོས་ཡིན།།
 


གཤིན་ཟས་མང་པོས་བཟའ་ཚང་སྐྱོང་དང་གཅིག།
དཀོར་ཟས་དུ་མས་སྙན་གྲགས་བསྒྲུབ་དང་གཉིས།།
རྣམ་ཤེས་དུ་མས་རླངས་འཁོར་དེད་དང་གསུམ།།
དེང་གི་ལུང་བསྟན་པ་ཡི་ཁྱད་ཆོས་ཡིན།།
 


ཐོས་བསམ་སྒོམ་པས་རྒྱུད་མ་འདུལ་དང་གཅིག།
ལྟ་གྲུབ་ཟབ་མོས་ཉམས་ལེན་མེད་དང་གཉིས།།
མི་ཆོས་གཙང་མའི་ཕྱག་ལེན་མེད་གསུམ།།
དེང་གི་ལུང་བསྟན་པ་ཡི་ཁྱད་ཆོས་ཡིན།།
 


རྒྱུ་ཡི་དོན་དུ་ལུང་བསྟན་བཤད་པ་འདི།།
བརྒྱ་ཆ་བརྒྱ་དེ་རྫུན་མ་ཡིན་ངེས་པས།།
གདོང་དམར་བོད་ཀྱི་སྤུན་ཟླ་མིང་སྲིང་ཚོ།།
གཡོ་སྒྱུས་མགོ་སྐོར་དེ་ལ་དོགས་ཟོན་མཛོད།།
 


ཇག་པ་དག་གིས་བཙན་གྱིས་བཅོམ་པ་དང་།།
ལུང་བསྟན་པ་ཡིས་གཡོ་སྒྱུས་བླང་བ་གཉིས།།
དོན་ལ་ཁྱད་པར་ཆེ་རུ་མ་མཆིས་པས།།
ཇག་པའི་རི་ཚོགས་དེ་ལ་ངོ་རྒོལ་བྱོས།།
 


ཁ་ཡག་ངོ་དགའི་རྩམ་སྐྱ་མ་མཆོད་ཅིང་།།
སྙན་མོ་ཚིག་གིས་ངོ་བསྟོད་མ་བྱས་པའི།།
དོན་གྱི་གནས་ལུགས་གཞལ་བའི་རྩོམ་ཐུང་འདི།།
སུ་ལ་ཕོག་ན་དེ་ཉིད་བསྒྲལ་བར་ཤོག།
 


བླ་རྫུན་དག་གི་གདོང་ལ་རྒོལ་བ་ཡི།།
ཚིགས་སུ་བཅད་པའི་ཚིག་བཞི་འདི་དག་ཀྱང་།།
གདམས་པ་མཚང་ལ་རྒོལ་བའི་མན་ངག་དེ།།
སྙིང་ཤ་ལྷོག་ལྷོག་སྒུལ་བའི་ནུས་མཐུ་ཡོད།།
 


                     ༢༠༡༣/༡༢/༥   འོད་གསལ་པདྨ་དབང་ཆེན་ནས།

0 comments:

ཟིན་བྲིས་འཚོལ་ཡུལ