དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 29 March 2014
༄༅།།དེབ་ཐེར་དམར་བོའི་ཚིག་འགྲེལ་རེ་གཉིས་ལ་བརྟག་པར་བྱ་བ།།
རྒྱལ་སྲས་ཚང་གིས།
འདི་སྣང་རྟེན་འབྱུང་ངོ་མཚར་སྒྱུ་མའི་གཤིས།།
སེམས་ཅན་མཁའ་སྤྱི་མཐུན་མཁའ་ཡི་ཉི་ཟླ་ཡང་།།
འགལ་འཁྲུལ་ཉེས་ན་སྒྲ་གཅན་གཟས་སུ་འགྱུར།།
དེ་འདྲར་བསམ་ནས་མ་དག་རྒྱུན་འདི་འཆོས།།
༄༅།།དེ་ཡང་དགེ་བའི་བཤེས་གཉེན་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་དེབ་ཐེར་དམར་བོའི་ཚིག་འགྲེལ་ཤོག་ངོས༣༢༧སྟེང་མཆིམས་ནམ་མཁའ་གྲགས།༼མཆིམས་འཇམ་དཔལ་དབྱངས༽བཅོམ་ལྡན་རལ་གྲིའི་སློབ་མ་ཡིན་ཞེས་འབྱུང་བ། མཆིམས་ནམ་མཁའ་གྲགས་ནི་བཅོམ་ལྡན་རིག་རལ་གྱི་བླ་མ། ལམ་མཆོག་རིན་པོ་ཆེ་རྩོམ་མཁན་དེ་ཉིད་ཡིན་ལ། ཁོང་གིས་ཆོས་མངོན་པ་མཛོད་ཀྱི་ཊཱིཀ་ཆེན་མཛད་པ་ཡོད་ལ་ད་ལྟ་མཆིམས་མཛོད་དུ་གྲགས་པ་མཛད་པ་བོ་དང་མི་གཅིག་སྟེ།༼མངོན་པ་མཛོད་ཀྱི་འགྲེལ་བཤད་མངོན་པའི་རྒྱན༽ཞེས་པ། ཡོངས་གྲགས་སུ༼མཆིམས་མཛོད༽ཀྱི་རྩོམ་པ་བོ་མཆིམས་འཇམ་པའི་དབྱངས་སམ་བཙུན་པ་འཇམས་དབྱངས་ནི། བཅོམ་ལྡན་རིག་རལ་གྱི་སློབ་མ་ཡིན་ཡང་། ཐེངས་ཤིག་བླ་མས་མཚན་མོ་འཕྱི་པོར་དཔེ་གཟིགས་གནང་སྟེ་བཞུགས་པ་ལ་གདོན་འདྲེ་ཡིན་ཁུལ་གྱིས་འཇིགས་སྣང་བསྐུལ་བས་བཀའ་བཀྱོན་ཡང་ཡང་མཛད་པ་ལ་འཇིགས་ནས་ས་སྐྱར་བཞུགས་པ་ལས་ཡོན་རྒྱལ་རབས་ཀྱི་གོང་མ་བུ་ཡིན་ཐུས་མཆོད་གནས་སུ་གདན་དྲངས་པ། འདིས་ཡོ་བྱད་ཚན་ཆེན་པོ་བསྐུར་བའི་སྟེང་ནས་བཅོམ་ལྡན་རིག་རལ་དང་དབུས་པ་བློ་གསལ་སོགས་ཀྱིས་སྣར་ཐང་དུ་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་ཐོག་མར་བཞེངས་པ་གྲགས་ཆེ་ཞིང་འཇམ་སྒེག་པཀྵི་ཞེས་འབོད་པ་དེའོ།། ཚུལ་འདི་རྩ་འགྲེལ་གཉིས་ཀར་ཐུགས་ཉམས་མ་བཞག་པའི་སྐྱོན་ཙམ་མཆིས་པར་སྣང་།། ཡང་ཚིག་འགྲེལ་དུ། གཉོས་འབྱུང་གནས་ཤེས་རབ། གཉོས་ལོ་ཙཱ་བ་ཡིན་ནམ་བརྟག་ཟེར། ཡང་ཚིག་འགྲེལ༥༧༣ནས༥༧༤གཉོས་ལྷ་ནང་བ། འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་དངོས་སློབ་ཡིན་ཞེས་དང་། སངས་རྒྱས་རས་ཆེན། འགྲོ་མགོན་ཕག་མོ་གྲུབ་པའི་སློབ་མ་སངས་རྒྱས་གཉན་རས་ཞེས་འབྱུང་།
རྩ་བར་ལྷ་སའི་ཐོག་མ་ཁ་རེག་གི་གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་པ་རྒྱ་གར་དུ་བྱོན་ནས། སློབ་དཔོན་ཆེན་པོ་བྷ་ལིམ་ཏ་ཙར་ལ་ཆོས་དོན་དུ་འགྲིལ་བ་ཁ་ཟིན་ཆེ་བ་གཅིག་ཞུ་བྱས་པས། གསང་འདུས་ཡེ་ཤེས་ཞབས་ཀྱི་སྐོར་གནང་། ལས་ཁ་ཚར་མང་བོ་གཅིག་ཞུ་བྱས་པས། གཤིན་རྗེ་དགྲ་ནག་གནང་། ལ་ཆུང་གཅིག་གི་ཙ་ན་ཡོད་པས་བཀའ་བསྲུངས་གཅིག་ཀྱང་ཞུ་བྱས་པས་འཇིགས་བྱེད་ལ་ཏྲག་ཤད་སྦྲེལ་ནས་གནང་ནས། རྒྱུད་སྐོར་གསུམ་དུ་གྲགས་ཏེ། དར་ཞིང་རྒྱས་པར་མཛད། ལོ་ཙཱ་བའི་སྲས་པོ་སློབ་དཔོན་རྡོ་རྗེ་བླ་མ། ཕ་རྒྱུད་སྐོར་གསུམ་བདེ་མཆོག་སོགས་མཁས་ཤིང་བོད་ཀྱི་མི་ཆེན་བཞིར་གྲགས་པའི་གཅིག་ཡིན་སྐད། ཁོང་གི་སྲས་སློབ་དཔོན་དཔལ་ལེ་དང་། དཔལ་སེང་། དཔལ་སེང་གི་སྲས་སློབ་དཔོན་གཉོས་ནག་གྲགས་པ་དཔལ་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུའི་སྐྱེ་བ་ཡིན་པར་ཞང་རིན་པོ་ཆེས་ལུང་བསྟན། ཁོང་གི་སྲས་འགྲོ་བའི་མགོན་པོ་རས་ཆེན་གཉོས་ལྷ་ནང་བ་ཞེས་བྱ་བ་དེ། རྒྱ་གར་གྱི་ནག་པོ་སྤྱོད་པ་ཆུང་བ་ཡིན་པར་ཞང་རིན་པོ་ཆེ་ནས་ལུང་བསྟན་འདུག་ཅིང་། ཙ་རིར་བྱོན་དུས་མཁའ་འགྲོ་མས་ལུང་བསྟན་པར་བཞེད། སངས་རྒྱས་རས་ཆེན་གྱི་ཡབ་གཉོས་ནག་གྲགས་པ་དཔལ་གྱིས་གསོན་གཤིད་བྱས་པའི་གྲལ་དཔོན་ལ་འབྲི་གུང་ཆོས་རྗེ་གདན་དྲངས་པས་མ་བྱོན་པར། ཁོང་གི་ཞལ་ཏས་ཞང་རིན་པོ་ཆེ་གདན་དྲངས། ཁོང་གིས་རྒྱུད་སྐོར་གསུམ་ལ་སོགས་པ་ཡབ་ཀྱི་མ་ལུས་པ་མཁྱེན་ཅིང་ཐག་མ་ཀ་ཆེན་དང་། ཐག་མ་རྡོར་གཞོན། སྦལ་ཏི་ཇོ་སྲས་གསུམ་ལ་རབ་ཏུ་བྱུང་། བསྙེན་རྫོགས་མཛད། འབྲི་ཁུང་དུ་ཆོས་རྗེ་རིན་པོ་ཆེའི་དྲུང་དུ་ནཱ་རོ་བའི་གདམས་ངག་སྐོར་རྣམས་གསན་ཅིང་། སྒྲུབ་པ་ནན་ཏན་དུ་མཛད། ཙ་རི་དང་། ཏེ་སེ་ལ་བྱོན་ནས་གཟིགས་སྣང་ཁྱད་པར་ཅན་བྱུང་། ཆོས་རྗེས་ཚོགས་པ་སྐྱོང་བའི་ཞལ་ཏ་མཛད་ནས་གནས་གང་དགོངས་སུ་ཚོགས་པ་སྐྱོང་བ་ཐོགས་རེ་མཛད། མོན་གྱི་དཔལ་གྲོ་ཅལ་ཁར་ཚོགས་པ་ཐོགས་རེ་བསྐྱངས་བྱང་དུ་ལྷ་ནང་བཏབ་ནས། ལྟ་བ་ཉིས་སྟོང་བརྒྱད་བརྒྱར་གྲགས་པ་དེ་དུས་བྱུང་། དེ་ཉིད་ལ་སྐལ་ལྡན་གྱི་སློབ་མ་བཅུ་དྲུག་དང་། བཀའ་བབས་བརྒྱད་དུ་གྲགས་པ་བྱུང་། ཞེས་སོ།།
དེ་ལ་གོང་དུ་དགེ་རྒན་ཆེན་མོས་གཉོས་འབྱུང་གནས་ཤེས་རབ་ནི་གཉོས་ལོ་ཙཱ་བ་ཡིན་ན་བརྟག་ཞེས་བརྟག་པ་བྱ་བར་བསྐུལ་ཡོད་ལ། ད་ལྟའི་ཡིག་ཆ་དང་མཁས་པ་མང་བོ་ཞིག་གིས་གཉོས་ལོ་ཙཱ་བ་ནི་གཉོས་འབྱུང་གནས་ཤེས་རབ་ཡིན་པར་འདོད་མཁན་ཡང་མང་དུ་འབྱུང་བས། ཁོ་བོས་འདི་ནས་ཁུངས་བཙན་གྱི་ཡིག་རྙིང་ལས་ཤེས་གསལ་ལྟར་ན། གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་དང་ཁོང་གི་གཅུང་གཉོས་འབྱུང་གནས་ཤེས་རབ་ཏུ་གྲགས་པ། དེ་དག་གི་གདུང་རྒྱུད་གཉོས་ལྷ་དང་སངས་རྒྱས་རས་ཆེན་ཞེས་པ་ཡང་མི་གཅིག་གི་མིང་ཡིན་པ་ལས་གཉིས་སུ་མེད་པ་རྩ་བར་འགྲོ་བའི་མགོན་པོ་རས་ཆེན་གཉོས་ལྷ་ནང་བ་ཞེས་བཞེད་དོ།།
སྤྱིར་གཉོས་དང་སྨྱོས་ཞེས་ཡི་གེའི་རི་མོ་མི་འདྲ་བ་ལས་དོན་གཅིག་པའི་རུས་འདིའི་བོད་ཀྱི་ཆོས་སྲིད་ལོ་རྒྱུས་ཐད་གོ་གནས་གལ་ཆེན་ཞིག་བཟུང་ཡོད་ལ། རུས་འདི་ལས་མཆེད་པའི་མཁས་པ་དང་གྲུབ་ཐོབ་ཉི་ཟླའི་ལྷུན་པོ་ལྟ་བུ་ནི། ཕ་བརྒྱུད་སྐོར་གསུམ་གྱི་བདག་པོ་ཁ་རེག་གཉོས་ལོ་ཙཱ་བ་ཡོན་ཏན་གྲགས། འབྲི་མཚོའི་མཁན་པོ་བཞུགས་པ་གཅུང་གཉོས་འབྱུང་གནས་ཤེས་རབ། དབུས་གཙང་གི་མི་ཆེན་བཞིའི་ཡ་གྱལ་དུ་གྱུར་བ་ལོ་ཙཱ་བའི་སྲས་གཙང་ཚ་རྡོ་རྗེ་བླ་མ། ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུའི་སྐྱེ་བར་གྲགས་པ་གཉོས་ནག་གྲགས་པ་དཔལ། གྲུབ་པའི་ཁྱུ་མཆོག་རྒྱལ་བ་ལྷ་ནང་བ་སངས་རྒྱས་རས་ཆེན། ལུང་གི་ཟིན་པའི་སྐྱེས་མཆོག་གཏེར་སྟོན་ཨོ་རྒྱན་གླིང་བ། བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་བདག་པོ༧རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་སོགས་ཡིན་པས། ཚུལ་འདི་ཐོས་འདོད་ཀྱི་རྣ་བ་ཕྱོགས་སུ་གཟེད་པའི་དཔྱོད་ལྡན་རྣམ་པར་སྤྲོ་བ་བསྐྱེད་ཕྱིར་ལོ་རྒྱུས་ཟུར་ཙམ་གཟིགས་མོར་འབུལ་བར་བྱ་སྟེ། 
སྔོན་ལྗང་ས་ཐམ་རྒྱལ་བོ་གཤེགས་ནས་བཙུན་མོ་ལ་སྲས་གསུམ་ཡོད་པ་ལྷན་ཅིག་ཏུ་རྒྱལ་བོའི་མྱ་ངན་སངས་ཏེ་ཕོ་བྲང་དང་ཉེ་བར་ལྗོངས་རྒྱུར་བྱོན། ཆུ་ཀླུང་ཆེན་པོའི་འགྲམ་ཟླ་བ་དཀར་བོ་ལྟ་བུའི་ཕ་བོང་ཞིག་ལ་ན་བཟའ་རྣམས་བཞག ཁྲུས་དང་རྩེད་འཇོར་རོལ་བའི་ཚེ་དུས་མིན་གྱི་རླུང་ཆེན་པོ་ལངས་ཏེ་ན་བཟའ་ཆུ་ཀླུང་དུ་དོར་བ། སྲས་ཆེ་བ་འཛིན་པར་བྱོན་པས་ཅུང་ཟད་ཧམས་ཏེ་ཆུས་ཁྱེར། ཆུང་འབྲིང་གཉིས་བགྲེས་པོའི་རྗེས་བསྙེགས་པས་གསུམ་ཀ་དུས་གཅིག་ཏུ་ཆུར་ཤོར། ཡུམ་སྡུག་བསྔལ་མི་བཟད་པས་གདུངས་ཏེ་སྨྱོས་པ་དང་མཚུངས་པར་ཡོད་མུར། བར་སྣང་ནས་ལྷའི་བུ་མཚར་སྡུག་འོད་དང་ལྡན་པ་ཞིག་ན་རེ། སྨྱོས་ཁྱོད་དེ་འདྲ་ངལ་བ་མི་དགོས། མི་རིང་བར་བུ་གཅིག་ངས་སྟེར་ཟེར་བ་ལྟར་བཙུན་མོ་ཞིག་ལ་སྲས་མཚན་དང་ལྡན་པ་གཅིག་བལྟམས་པར་སྨྱོས་རྒྱལ་བ་ལྷས་གནང་དུ་གྲགས་ཏེ་སྨྱོས་རིགས་མཆེད་ཟེར་ལ། ཡང་ཁ་བ་ཅན་དུ་འགྲོ་བ་མིའི་རིགས་ཀྱི་གྲོང་ཁྱེར་ཆགས་ནས་མི་རིང་བ་ན། འོད་གསལ་གྱི་ལྷའི་བུ་ཞིག་སྔོན་ལས་ཀྱིས་སྐྱིད་ཤོད་པའི་ཐིག་ལེ་ཤུན་གྱི་བྲག་རྩེར་བྱ་ཁྱུང་དཀར་པོའི་རྣམ་པས་བབས། དེར་རྡོ་རྗེའི་མཆུ་ལྡན་མཁའ་ལྡིང་དབང་བོའི་བརྟུལ་ཞུགས་ལ་བརྟེན་ཉེ་སྐོར་གྱི་མི་ཕྱུགས་ལ་ཅུང་ཟད་གནོད་པར་གླེང་ཞིང་རྒྱུན་པར་གནས་བཅས་པའི་ཕུག་པའི་སྒོར་ཁྱུང་གི་སྡེར་རྗེས་ཡོད་པ་ལ་ཡང་ཁྱུང་ཚང་བྲག་ཁུང་ཞེས་འབོད། རེས་བྱ་རྒོད་ཀྱི་པགས་པའི་ཐུལ་བ་ཞིག་གྱོན་པའི་སྤྲུལ་བསྒྱུར་བསྟན་པས་བྱ་ཐུལ་དཀར་བོར་གྲགས། དེ་ནས་རིང་མིན་བྱའི་ཚུལ་བཤིག་སྟེ་སྐྱེས་བུ་གཟུགས་དཔྱད་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཏུ་མཐོང་བས། མི་རྣམས་ཀྱིས་ཀྱེ་སྐྱེས་བུ་ཁྱེད་ཅི་སྟེ་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་མི་མ་ཡིན་གང་གི་བུ་ཡིན་ དྲིས་པས། ཁོ་བོ་སྔར་འཛམ་གླིང་འདིར་སྣང་བ་མ་ཡིན་ཏེ་འོད་གསལ་ལྷའི་རིགས་ལས་འོང་བ་ཞིག་གོ། ཞེས་པས་ཐམས་ཅད་ཡ་མཚན་ནས་བླའི་གནས་སུ་བཀུར། འོན་ཀྱང་མིའི་ཟས་གོས་ལ་ལོངས་སྤྱད་པའི་གྲིབ་ཀྱིས་རེ་ཞིག་མྱོས་པར་གྱུར་པས་སྨྱོས་རིགས་ཞེས་སྐྱེ་དགུ་ཀུན་རླུང་ལྟར་གྲགས། དམུའི་རིགས་ཀྱི་ལྕམ་དིང་མོ་བཙུན་ཐབ་ཏུ་བཞེས་པ་ལ་སྨྱོས་རྗེ་བཙན་པོ་འཁྲུངས། དེས་གྲོ་བཟང་དཀར་མོ་ཡག་དང་སྟངས་དཔྱལ་དུ་མཛད་པས་སྲས་སེང་གེ་ཤག་དེའི་ཇོ་མོར་དམུ་བཟའ་སྨན་མོ་བཙུན་བསུས་པར་སྲས་བཀྲ་ཁར་རྗེ། བཀྲ་རྗེ་ཕན། བཀྲ་ཡག་རྗེ། བཀྲ་གུར་རྗེ་དང་བཞི་བྱུང་བའི་གཉིས་པ་བཀྲ་རྗེ་ཕན་འབངས་དར་མདུང་ཅན་དུ་མ་དང་བཅས་མདོ་ཁམས་སུ་རྒྱའི་སོ་ཁ་བསྲུང་བར་བཏང་བས་སྨྱོས་དམག་དཔོན་དུ་གྲགས། གསུམ་པ་བཀྲ་ཡག་རྗེས་འབྲི་དང་གཉན་ཅོ་འཁྱེར་ནས་གཙང་ལ་སྟོད་ཀྱི་ཕྱོགས་སུ་བྱོན་པས་སྨྱོས་རྣམས་བྱུང་། ཆུང་བ་བཀྲ་གུར་རྗེ་ཡུལ་གཞིས་འཛིན་དུ་བཅུག་པས་ལྷ་སའི་སྒེར་སྨྱོས་རྣམས་འཕེལ་ཞེས་དང་། དེབ་དམར་ལས་ཀྱང་ལྷ་སའི་ཐོག་མ་ཁ་རེག་གི་གཉོས་ཞེས་པར་བལྟས་ན། གཉོས་སམ་སྨྱོས་ཀྱི་གདུང་བརྒྱུད་འོད་གསལ་ལྷ་ནས་མཆེད་པས་ཡུལ་མིང་ལྷ་ས་ཡང་དེ་ལྟར་ཐོགས་པ་ཡིན་ནམ་སྙམ། ཆེ་བ་བཀྲ་ཁར་རྗེས་ཆུ་ལ་གཟིངས་བཅས་ཏེ་གཡོར་པོའི་གཞུང་དུ་བྱོན། མགོ་ནག་གི་རྗེས་ཁུར། དེ་ལ་སྲས་ཐུགས་རྗེ་དང་ཞང་ངེ་གཉིས་ལས། དང་བོས་གཞུང་བཟུང་བས་སྨྱོས་སྭན་ཚ་བ་རྣམས་ཆགས། ཕྱམས་གཡོར་སྟོད་ཞལ་གྱི་སྲིན་གུར་མཁར་དང་། འབྲང་སིལ། མཁའ་རེག་རྣམས་བཟུང་བས་མཁའ་རེག་གི་སྨྱོས་ཞེས་གྲགས། ཞང་ངེའི་སྲས་འབྲིང་སྡེ། དེའི་སྲས་འབྲིང་ཆུང་། དེའི་སྲས་དཔལ་ཡོན། དེའི་སྲས་སློབ་དཔོན་ཚུལ་ཡོན། དེའི་སྲས་གུ་རུ། དེའི་སྲས་ལྷ་ཕན། དེའི་སྲས་མཐུ་རྒྱལ་ལ་སྤང་ལ་མེ་ཤོར། འདི་ཡན་གྱི་གདུང་རབས་ཕལ་ཆེ་བ་སྒྱུ་འཕྲུལ་གསང་བ་སྙིང་པོ་སོགས་སྔ་འགྱུར་རྡོ་རྗེ་ཐེག་པའི་བཤད་སྒྲུབ་དང་། ཆོས་སྲུང་ལྷ་མོ་སྲོག་སྒྲུབ་མ་བསྟེན་ཏེ་གསང་ཆེན་རྙིང་མ་བའི་བསྟན་འཛིན་གོས་དཀར་ལྕང་ལོའི་ཕྲེང་བ་ཅན་ཤ་སྟག་བྱོན། དེ་ལ་སྲས་ཡོན་ཏན་གྲགས། འབྱུང་གནས་ཤེས་རབ། སྨན་པ་ཤེས་རབ། ཤེས་རབ་རྒྱལ་མཚན། འབྱུང་རྡོར། ཤ་བ་རྒྱལ་མཚན་ཏེ་མཆེད་དྲུག་བྱུང་བའི་ཆེ་བ་ཡོན་ཏན་གྲགས་ཡབ་མེས་ཀྱི་ཡི་དམ་ཆོས་སྲུང་གི་གདམས་སྐོར་ལ་མངའ་བརྙེས། དྲག་པོ་མངོན་སྤྱོད་ལ་རྩལ་ཐོན། མདོ་རྒྱུད་མན་ངག་ལ་མཁྱེན་པ་ཆེ་བས་རྒྱ་གར་འཕགས་ཡུལ་དུ་འབྱོན་པའི་ཐུགས་རྩེ་གཏད། གསེར་མང་བསྒྲུབས་ཏེ་དགུང་ལོ་ལྔ་བཅུ་ང་དྲུག་གི་ཐོག་འབངས་ཀྱི་བྱིས་པ་བློ་རྣོ་བ་ཉི་ཤུ་ཞབས་ཕྱིར་ཁྲིད་དེ་ཡོང་བར་ལམ་གྲོགས་སུ་ལྷོ་བྲག་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དགུང་ལོ་བཅུ་དྲུག་འགྲོ་བ་དང་འཕྲད། ལ་སྟོད་གཅུང་པ་སར་ཞག་ཤས་བཞུགས། གུ་ལང་གི་གསེར་ཁ་བརྡོལ་བའི་དུས་ཁེལ་བས་སྨྱོས་ཀྱིས་གཞིས་སྲུངས། མར་བ་སོགས་གསེར་འཚོལ་དུ་བཏང། དེར་སྨྱོས་ཀྱི་བཞུགས་ས་དང་ཉེ་བའི་གད་ལོགས་ཤིག་ནས་ས་ལེ་སྦྲམ་ཐིམ་པོ་ལག་མགོ་ཙམ་ཞིག་རྙེད། གཞན་རྣམས་ཀྱིས་ཀྱང་གསེར་མང་དུ་རྙེད་པ་དཔོན་སློབ་ཚང་མར་བགོ་བཤའ་བརྒྱབ་ཟིན་པ་ན། སྨྱོས་ཀྱི་ཞལ་ནས་ཁྱེད་བྱིས་པ་རྣམས་ཀྱིས་གསེར་མང་བོ་འཁྱེར་བྱུང་བ་ལེགས་མོད་ཀྱི། ང་མི་རྒན་གྱི་གསེར་སྐལ་འདི་ལྟར་ལགས་ཞེས་མཉམ་དུ་བགོས་པས། བློ་ཚང་བ་དང་ཡ་རབས་པའི་དཔེར་བརྩི། དེ་ནས་རིམ་གྱིས་བགྲོད་དེ་ལྷོ་བྲག་མར་བ་རྒྱ་གར་ནུབ་ཕྱོགས་སུ་བྱོན། སྨྱོས་ཤར་ཕྱོགས་སུ་བྱིན་ཏེ་ད་ལྟ་རྒྱ་གར་མཁས་གྲུབ་ཆེ་བའི་བླ་མ་སུ་བཞུགས་དྲིས་པས། ཐམས་ཅད་ཁ་མཐུན་པར་བ་ལིམ་ཨཱ་ཙརྻའམ་ནག་པོ་ཞབས་ཆུང་བ་ཞེས་བྱ་བ་ཕྱི་ནང་རིག་གནས་ལ་མཁས་ཤིང་ཡི་དམ་ལྷའི་དངོས་གྲུབ་ཐོབ་པ་ཞིག་བཞུགས་ཞེས་པར་མཇལ། ཕྱག་མང་དུ་བཙལ། གསེར་སྲང་བདུན་ཅུ་དོན་གཅིག་གི་ཐུམ་བུ་བཀྲོལ་ཏེ་ཕུལ་ནས།བོད་ཁ་བ་ཅན་ལ་ཕན་ཐོགས་ཤིང་བདག་ཉིད་ཀྱང་མཁའ་སྤྱོད་ཉེ་ལམ་འགྲུབ་པའི་ཆོས་ཤིག་ཐུགས་ལ་འདོགས་པར་ཞུ་ཞེས་ལོ་བདུན་ཟླ་བ་བདུན་ཞབས་པད་བསྟེན་ཏེ་རྒྱ་གར་སྐད་དང་སྒྲ་ཚད་ལུང་རིགས་མཁས་པར་མཁྱེན་ཚེ། བུ་ཁྱོད་ལ་ཆོས་གང་དང་གང་འདོད་གསུངས་པར། ཁ་ཟིན་ཆེ་ཞིང་ཉམས་སུ་ལེན་བདེ་བ་ཞིག་འདོད་ཞུས་པས་དཔལ་གསང་བ་འདུས་པའི་ཆོས་སྐོར་རྣམས་གནང་། ཡང་། གདམས་ངག་དང་ལས་ཚོགས་མང་བ་ཞིག་ཞུ་ཞེས་པས་གཤིན་རྗེ་གཤེད་དགྲ་ནག་སོགས་སྩལ། ཡུལ་ལ་རྩ་ཞིག་ན་ཡོད་པས་བསྟན་སྲུང་མཐུ་ཆེ་བ་དགོས་ཞུས་པ་ན་འཇིགས་བྱེད་ལ་ཆོས་སྐྱོང་བཏགས་པ་དང་། ད་རུང་ཡི་དམ་ཟབ་པ་དགོས་ཞུས་པས་དཔལ་འཁོར་ལོ་སྡོམ་པ། བཅོམ་ལྡན་འདས་ཧེ་བཛྲ། མ་ཧཱ་མ་ཡ། མཚན་ཡང་དག་པར་བརྗོད་པ་རྣམས་གནང་ཞེས་གྲགས། དེ་ལྟར་སྒྲོ་འདོགས་བཅད་ཚར་ཏེ་ཕྱིར་ཕེབས་པར་ལམ་བར་དུ་ལྷོ་བྲག་མར་བར་འཕྲད་པ་དང་། གཉིས་ཀྱི་བསམ་པར་ང་མང་རུང་ཆོས་ཁོ་མཁས། ངན་ཞུགས་ཏེ་དཔེ་ཁྲེས་ཆུ་ལ་བསྐྱུར་བ་དང་། སྨྱོས་ཀྱི་ཆོས་མི་ཟབ་སོགས་སྒྲོ་བསྐུར་གྱི་གླེང་བརྗོད་མང་བོ་ལོ་རྒྱུས་དང་རྣམ་ཐར་འགའ་རེར་གྲགས་པས། ཇི་སྐད་དུ་བཀའ་གདམས་གླེགས་བམ་ལས། འཇིག་རྟེན་དག་ནི་གྲགས་པའི་རྗེས་སུ་འབྲང་། ཞེས་པ་ལྟར་ལ། ཆོས་སྲིད་གཉིས་ཆར་མཁྱེན་སྤྱན་ཡངས་པ༧སྡེ་སྲིད་སངས་རྒྱས་རིན་པོ་ཆེ་ནས། ཆེ་ཆུང་གི་དབྱེ་བ་ཅུང་ཟད་ལས་རྒྱ་གར་ཁ་སྤུ་ཅན་གྱི་སྤངས་རྟོགས་ལ་ཁྱད་ཡོད་པར་མི་སྣང་། བོད་འདིར་རང་ཕྱོགས་ལ་ཞེན་ཅིང་གཞན་དམའ་འབེབས་ཀྱི་སྲོལ་ཆེས་ཆེར་དར་བས་གངས་སྟོད་སེང་གེ་དཀར་མོ་ལ་སྣ་གོང་ཉག་པའི་མི་ཁ་མེད་པ་རང་མི་འབྱུང་བ་ཐུགས་ལ་བཞུགས་དགོས་གསུངས། དེ་ནས་ལ་སྟོད་གཅུང་པ་སར་ཁ་རེག་གི་བསུ་བ་རྣམས་མཇལ་ཏེ་རིམ་པས་གཞིས་སུ་ཕེབས། སྙན་གྲགས་དང་ཟང་ཟིང་གི་སྐུ་བསོད་རབ་ཏུ་རྒྱས་ཏེ་སྐལ་ལྡན་མང་བོ་སྨིན་གྲོལ་དུ་མཛད། རྒྱ་སྟོན་ཨརྱ་དེ་ཝ་ཡབ་སྲས་ཀྱི་རྒྱང་རོའི་ས་ལུ་སྲེལ་སྲེལ་གསར་དུ་གདན་དྲངས། རྒྱུད་གསུམ་ཆོས་སྐྱོང་དང་བཅས་ཟབ་ཆོས་ཞུས་པའི་ཡོན་དུ་སྤེལ་གསར་གྱིས་འགོ་བྱས་པའི་རྒྱའི་ལམ་བཙས་དང་ལྷོ་ཁ་བཞིའི་རྒྱ་ས་ལ་གཏོགས་པ། འགོ་ཡུལ་སྟོད་གསུམ་འབྲི་མཚམས་བཅས་པའི་གནས་གཞི་སྡེ་དགོན་དབང་རིགས་མཐའ་དག་ཕུལ། པཎ་ཆེན་གྷ་ར་ངྷྭ་ར་མཁའ་རེག་ཐོད་འབུར་དུ་སྤྱན་དྲངས་ཞབས་ནས་བཏག་ཏེ་ཏ་ལི་དང་གུར་བརྟག་གི་བཤད་སྲོལ་མི་འདྲ་བ་གསན། ༧ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ལོ་ཙཱ་བས་མཛད། ཁ་ཆེ་ཟླ་མགོན་བོད་དུ་ཕེབས་པའི་ཐོག་མ་མཁའ་རེག་སྨྱོས་ཀྱི་སར་བབས། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཕྱེད་ལྷག་ཙམ་བསྒྱུར། གཞན་པཎྚི་ཏ་ས་མནྟ་ཤྲཱི་དང་། བཛྲ་པཱ་ཎི། བོ་ངྷི་བཛྲ་སོགས་དུ་མའི་སྣེ་ལེན་ཞབས་ཏོག་དང་། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བསམ་ལས་འདས་པའི་ངང་ནས་དགུང་ལོ་བརྒྱ་ལྷག་ཙམ་བཞེས་པའི་དུས་སྐུའི་བཀོད་པ་བསྡུས། གཅུང་འབྱུང་གནས་ཤེས་རབ་ནི། འབྲིང་རྫི་དཀར་བའི་མཁན་པོ་བྱ་རྒྱལ་བ་ལས་བསྙེན་པར་རྫོགས། འབྲིང་ཚོའི་མཁན་པོར་གྱུར་ཏེ་སྟོད་ལུང་མདའ་དྲང་ར་མོ་ཆེའི་གནས་གཞི་བྱང་མ་དང་། སྐུལ་གྱི་ཁེ་ལྡིར། གཞུང་ཉ་མོ་གྱུར། བཟང་སོགས་པ་རི། གསང་ཁང་། ཐང་སྐྱ་སོགས་འཕྲིན་ལས་རླབས་ཆེའོ།། ལོ་ཙཱ་བ་ཆེན་པོ་ཇོན་ཏན་གྲགས་ལ་སྲས་གཙང་ཚ་རྡོ་རྗེ་བླ་མ། ལྷོ་ཚ་རྡོ་རྗེ་མགོན་པོ། བཟང་ཚ་རྡོ་རྗེ་འབྱུང་གནས་དང་། དཔལ་གྱི་མགོན་པོ་དང་མཆེད་བཞི་བྱུང་། དེ་ལ་གཙང་ཚ་རྡོ་རྗེ་བླ་མས་རང་གི་ཡབ་དང་པཎྡི་ཏ་རྣམས་ཀྱི་ཞབས་པད་ཡུན་རིང་དུ་བསྟེན་ཏེ་མདོ་སྔགས་རིག་གནས་ལ་མཁས་པར་སྦྱངས། མཚུར་སྟོན་དབང་གི་རྡོ་རྗེ་ལ་མཻ་ཏྲི་བའི་ཆོས་སྐོར་རྫོགས་པར་ཞུས། བཟད་ཀྱི་སྤང་བོར་བཞུགས་ནས་སྒྲུབ་པ་རྩེ་གཅིག་ཏུ་གཞོལ་བས་དཔལ་གསང་བ་འདུས་པའི་ཕྲ་རགས་ལྷའི་རྣལ་འབྱོར་མཐར་ཕྱིན། སྨྱོས་ཀྱི་རྒྱུད་གསུམ་བདེ་དགྱེས་དང་བཅས་པར་རྣམ་བཤད་མཛད། མཁའ་རེག་དང་སྐྱིད་ཤོད་ཀྱི་འབྲིང་ཚོའི་གནས་གཞི་ཐམས་ཅད་ཀྱི་ཞལ་བདག་ཏུ་གྱུར་པས་དབུས་གཙང་གི་མི་ཆེན་བཞིའི་ཡ་གྱལ་དུ་གྱུར། གཡས་རུ་གཙང་གི་ཆ་དང་གཉལ་སྨད་ཕྱོགས་སུ་བྱོན། དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། དགུང་ལོ་བདུན་ཅུ་དོན་བརྒྱད་ཐོག་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ། རྡོ་རྗེ་བླ་མ་ལ་སྲས་དཔལ་ལེ། དཔལ་གྱི་སེང་གེ དཔལ་གྱི་འབྱུང་གནས་སམ་བཀྲ་ཤིས་ཏེ་མཆེད་གསུམ་ལས། དཔལ་སེང་གི་ཇོ་མོར་ཐང་ཕུའི་རྔོག་བཟའ་འོད་གསལ་བསུས་པར། སྲས་གྲགས་པ་དཔལ་དང་ཇོ་བསོད་གཉིས། གཉོས་ནག་གྲགས་པ་དཔལ་ནི་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་སྐྱེས་སུ་ཞང་འགྲོ་མགོན་རིན་པོ་ཆེས་ལུང་བསྟན། སྟོད་ལུང་རྒྱ་མར་བ་ལ་དབུ་ཚད་སོགས་མཚན་ཉིད་སྐོར། ཁུ་བོ་དང་ཡབ་ལ་སྨྱོས་ལོ་ཙཱ་བ་ཆེན་པོའི་ཆོས་ཡོངས་སུ་རྫོགས་པ། བཞད་ཀྱི་དགེ་བཤེས་རྔོག་མུ་ལེ་ལོ་དྲུག་གི་བར་མཉེས་པར་མཛད་དེ་གསང་བ་འདུས་པ་འཕགས་སྐོར། བྲག་དཀར་བོ་བ་ལ་ཨ་རོ། འཇམ་ལོ་ཙཱ་བར་རྗེ་བཙུན་མ་ཀེང་རུས་ང་ར། གྟོ་རཀྵའི་ཐབས་ལམ། ཕྱག་ཆེན་སོགས་གསན་ཅིང་ཐུགས་ཉམས་སུ་བསྟར་མཁས་ཤིང་གྲུབ་པའི་དབང་ཕྱུག་དམ་པར་གྱུར། དེ་དུས་ལྷ་ས་སྡེ་བཞིའི་འཁྲུག་མོ་ཆེ་ལངས་ཏེ་གཙུག་ལག་ཁང་གི་སྒོ་འབྱེད་གཅོད་ཙམ་ཡང་མེད་པར་ཆོས་ཀྱི་རྒྱལ་བོ་སྲོང་བཙན་སྒམ་པོ་སོགས་ཀྱིས་དཀའ་བ་བརྒྱ་ཕྲག་དུ་མས་ཕྱག་བདར་བའི་རྟེན་རྣམས་མུན་ཁང་དུ་ཚུད་པར་བརྟེན། དྭགས་པོ་སྒོམ་ཚུལ་གྱིས་བསྐུལ་མ་བྱུང་བ་བཞིན་འཕྲུལ་སྣང་དུ་བྱོན། སྒེར་སྨྱོས་རྣམས་ལ་གནང་སྦྱིན་བསླབ་སྟོན་སོགས་ཐབས་མཁས་ཀྱི་འཕྲུལ་དང་མི་དམན་པའི་བརྩོན་པ་མཛད་པས་སྡེ་བཞིའི་འཁྲུག་པ་ངང་གིས་ཞི་བར་གྱུར་བའི་མཛད་རྗེས་ཆེའོ།། སྨྱོས་སེང་གེ་འོད་ཀྱི་ཁོང་རང་གི་ལྷ་སའི་དབང་རིགས་རྣམས་ཕུལ། ཞིག་གསོས་མཆོད་འབུལ་སོགས་ཇོ་ཤཱག་གི་ཞབས་ཏོག་ལེགས་པར་བསྒྲུབས། སྐལ་ལྡན་གདུལ་བྱ་མང་བོར་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བླ་ནས་བླར་མཛད་དེ་དགུང་གྲངས་རེ་གཅིག་པར་མྱ་ངན་ལས་འདས། དེ་ལ་ཡུམ་མི་གཅིག་པའི་སྲས་བདུན་བྱུང་ཡང་བཞི་ཆུང་ངུ་ལ་གཤེགས་པའི་ལག་ཡོད་གཟི་བརྗིད་དཔལ་གྲགས་པ་འབུམ། བྱང་ཆུབ་དཔལ་དང་གསུམ་བྱོན་པ་ལས། བགྲེས་པ་གཟི་བརྗིད་དཔལ་ནི་རྒྱལ་བ་ལྷ་ནང་བ་སངས་རྒྱས་རས་ཆེན་ཡིན། ཡུམ་སོང་མོ་པ་ཏིའི་ལྷུམས་སུ་ཞུགས་པར་ཉེ་བ་ན། ཚལ་གུང་ཐང་དུ་ཞང་གཡུ་བྲག་པ་ཞེས་གནས་ལུགས་མངོན་དུ་གྱུར་པ་དེས་ནམ་གུང་གློ་བུར་དུ་བཞེངས་ཏེ་ཉེ་གནས་སྒོམ་ཤག་ལ་ཚོགས་ཀྱི་འཁོར་ལོ་བཟང་པོ་འཕྲལ་དུ་ཤོམས་ཤིག རྒྱ་གར་ཤར་ཕྱོགས་ཀྱི་སློབ་དཔོན་ནག་པོ་སྤྱོད་པ་སྨྱོས་གྲགས་པ་དཔལ་གྱི་ཡོ་མོའི་ལྷུམས་སུ་འཇུག་པར་འདུག་པས་སྣེ་ལེན་བྱེད་པ་ཡིན་ཞེས་གསུངས་ལ། ཤིང་ཕོ་སྤྲེའུའི་ལོ་རྒྱལ་ཟླའི་ཚེས་བརྒྱད་ལ་སྐུ་བལྟམས། མཚན་དཔལ་དང་གཟི་བརྗིད་ལྷག་པར་ཆེ་བ་ཞིག་སྣང་བས་མཚན་གཟི་བརྗིད་དཔལ་དུ་གསོལ། དགུང་ལོ་ལྔ་བཞེས་པ་ནས་བཟུང་རིམ་པར་ཡབ་ལ་རང་རིགས་ཀྱི་ཆོས་སྐོར་དབང་གདམས་རྒྱུད་བཤད་སོགས་ཡོངས་སུ་ཚང་བ་གསན། དན་འབག་པར་དབུ་ཚད། སྦལ་ཏེ་དགྲ་བཅོམ་པ་ལ་འདུལ་བ་སོགས་གསན་ཏེ་མཁས་པར་སྦྱངས། ཡབ་ཡུམ་ནས་བཙད་པོ་མང་བཀུར་གྱི་སྲས་མོ་བདེ་མཆོག་ལ་གཉེན་བཏགས་ཀྱང་བཞེད་པར་ཆོས་རྗེ་འབྲི་གུང་པ་རིན་ཆེན་དཔལ་གྱི་སྤྱན་སྔར་བྱོན། ཞལ་མཇལ་བ་ཙམ་གྱིས་སྣང་བ་འགྱུར་བ་སོགས་དད་པ་དཔག་མེད་འཁྲུངས། དེས་ལུང་བསྟན་པ་ལྟར་ཐག་མ་ལྷ་ཁང་དུ་དགེ་བཤེས་རྡོར་གཞོན་གྱིས་མཁན་པོ། སྦལ་ཏི་ཇོ་སྲས་ཀྱིས་སློབ་དཔོན་མཛད་དེ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བཞེས། སླར་འབྲི་གུང་རིན་པོ་ཆེའི་མདུན་དུ་ཕྱག་ཆེན་ཆོས་དྲུག་སོགས་བཀའ་བརྒྱུད་ཀྱི་ཟབ་ཆོས་དུ་མ་ཞུས། ལོ་བདུན་བར་སྒྲུབ་པས་ཆོས་ཉིད་ཀྱི་ངོ་བོ་མཉམ་རྗེས་མེད་པ་སྤྲོས་བྲལ་མཐར་ཐུག་རྟོགས། དགུང་ལོ་ཉེར་བདུན་པར་སྨྱོས་མགར་ཆོས་གསུམ་ལྷན་ཅིག་ཏུ་བྱོན་ནས་ཙ་རིའི་གནས་སྒོ་ཕྱེ། སྨྱོས་ཆེན་པོས་ལྡོང་པོ་མཁར་དུ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་རྟེན་བརྟེན་པ། བུ་རིའི་སྟེང་དུ་བདེ་མཆོག་དྲུག་ཅུ་རྩ་གཉིས། ཙ་རི་ནང་ན་སངས་རྒྱས་དང་བྱང་སེམས། རོང་ནང་དུ་དཔའ་བོ་མཁའ་འགྲོའི་ཞལ་གཟིགས། རམ་པ་ལྷ་སྡིངས་ཀྱི་ཆུ་བོ་གྱེན་ལ་བཟློག་པ། ལ་ཕྱིའི་གངས་ལ་ཁ་བ་མེད་པར་བསྒྱུར་བ། མཚོ་མ་ཕམ་སྟེང་དུ་མི་བྱིང་བར་འབྱོན་བཞུད་སོགས་རྫུ་འཕྲུལ་དུ་མ་བསྟན། ལྷོ་ཁ་བཞིའི་སྐྱེ་བོ་ཀླ་ཀློའི་ཆོས་ལ་མི་ཤི་བའི་དགེ་རྩར་དུད་འགྲོ་མང་བོའི་སྲོག་གཅོད་པ་སོགས་ལོག་པ་ལྟ་བའི་རྒྱུན་བཅད། འཕྲིན་ལས་བསམ་གྱི་མི་ཁྱབ་པས་ཆོས་རྗེ་འབྲི་གུང་པ་ལ་གསེར་གསིལ་མ་བྲེའི་ཁལ་ཕྱེད་ལ་སོགས་པ་འབུལ་སྐྱེལ་སྔོན་མ་དབུར་སྟོད་དུ་སླེབ་ཀྱང་རྗེས་མ་སྤ་གྲོ་ནས་མི་རྫོགས་པའི་མཐོ་བས་བཏེགས། འབྲི་གུང་ཐང་དུ་ཆོས་རྗེ་དང་ཐྲི་མཐོ་དམན་མཉམ་པའི་སར་གདན་དྲངས་ཏེ་རྒྱལ་ཚབ་ཏུ་དབང་བསྐུར། གཉན་ཆེན་ཐང་ལྷའི་མགུལ་ལྷ་ནང་དུ་ནག་ཚང་ཡང་དགོན་དང་། འཁྲིད་ཁང་། བླ་གཡེ། ཤར་གླིང་ལ་སོགས་པའི་དགོན་བཏབ་སྟེ་ཚོགས་པ་ཉིས་སྟོང་བརྒྱད་བརྒྱ་འདུས། ལོ་ངོ་དྲུག་ཙམ་གནས་འདིར་གཞི་ཕབ་ནས་བཞུགས་པས་ཕྱིས་སྨྱོས་རྒྱལ་བ་ལྷ་ནང་བ་དང་། སངས་རྒྱས་རས་ཆེན་ཞེས་ཡོངས་སུ་གྲགས། དེ་ལྟར་མཛད་པ་མཐར་ཕྱིན་ནས་ཤིང་ཕོ་སྤྲེལ་ལོ་སྟོན་ཟླ་འབྲིང་བོའི་ཚེས་བརྒྱད་ཀྱི་ཐོ་རེངས་ཚད་མེད་པའི་ཐུགས་རྗེ་ཆེན་པོའི་ངང་ནས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས། འདི་མན་གྱི་གདུང་བརྒྱུད་རབས་དང་རིམ་པ་སྐབས་སུ་མ་བབས་པས་བཏང་སྙོམས་སུ་འཇོག་པར་བྱའོ།།
 
༄༅།། གངས་ཅན་བོད་ཀྱི་ལོ་རྒྱུས་སྟེང་མཛངས་མི་རྣམ་བརྒྱད་བྱུང་བར་དཔྱད་པ་བློ་གསལ་བུ་མོའི་མགྲིན་རྒྱན།།
རྒྱལ་སྲས་ཚང་ནས།
དང་བོ། བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྟེང་མཛངས་མི་བརྒྱད་བྱུང་བ་དང་དེ་དག་གྲངས་འདྲེན་ཚུལ་གྱི་གོ་རིམ་བརྗོད་པ།
དེ་ཡང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྟེང་བོད་དུ་མཛངས་མི་མི་བདུན་བྱུང་བ་ལོ་རྒྱུས་པ་རྣམས་ཀྱིས་བརྗོད་གསལ་དང་ཚང་མས་ངེས་ཤེས་ལྟར་ཡིན་ལ། སྔོན་བྱུང་བོད་ཀྱི་ལོ་རྒྱུས་དེབ་ཐེར་རྩོམ་པ་བོ་མང་བོ་ཞིག་ནི་ཆོས་ལུགས་ཀྱི་འདུ་ཤེས་དང་གྲུབ་མཐའི་ཕྱོགས་ཞེན་གྱི་དབང་གིས་ལོ་རྒྱུས་འདྲ་མིན་ཞིག་བྲིས་ཡོད་ལ། འདི་ན་ཡང་བོད་ཀྱི་ལོ་རྒྱུས་སྨྲ་བ་ཡོངས་གྲགས་ཀྱིས་བོད་དུ་མཛངས་མི་བདུན་བྱུང་བར་བཞེད་ལ། ཡིད་ཕངས་པ་ཞིག་ནི་མཛངས་མི་མི་བརྒྱད་བྱུང་བའི་གཅིག་ནི་བུད་མེད་ཅིག་ཡིན་པས་ཕོ་མཆོག་མོ་དམན་གྱི་ལྟ་བས་ལོ་རྒྱུས་ཀྱི་རྭ་བ་ལས་རྒྱང་ཕུད་དུ་བཏང་ཟིན་མོད། ལོ་རྒྱུས་ཀྱི་དེབ་ཐེར་ཅུང་སྔ་ཤོས་སུ་གྱུར་བ༼ལྡེའུ་ཆོས་འབྱུང༽ལས་མཛངས་པའི་མི་ཕྱེད་དང་བརྒྱད་ཅེས་མཛངས་མ་དེ་མི་ཕྱེད་དུ་བགྲང་བ་ནི་སྐབས་དེའི་སྤྱི་ཚོགས་ནང་སྔོན་ཐོན་གྱི་བསམ་བློ་དང་གཟུ་བོར་གནས་པའི་གཏམ་ཡིན་པར་གདོན་མི་ཟའོ།། 
དེ་ཡང་ཇི་སྐད་དུ༼ལྡེའུ་ཆོས་འབྱུང་ལས༽མཛངས་པའི་མི་ཕྱེད་དང་བརྒྱད་ལ།
གཅིག་ཏུ་མཛངས་པ་འདྲེང་གི་བུ་རུ་ལས་སྐྱེས། དེ་ཡིས་མཛངསཔའི་ལས་ཐབས་ཅི་བྱས་ན། ཤིང་ལ་བུག་པ་ཕུག་ནས་གཤོལ་དང་གཉའ་ཤིང་བྱས། མཐུན་གཉིས་གཉའ་རུ་སྡེབས་ནས་སྤང་ཐང་ཞིང་དུ་རྨོས། དེའི་གོང་ན་བོད་ལ་ལོ་ཐོག་མེད།
གཉིས་སུ་མཛངས་པ་ཁུ་ལྷའུ་མགོ་དཀར་ཡིན་ཏེ། ཞིང་གི་དོར་དང་འབྲོག་གི་ཐུལ་དུ་སྡེབས། མཚན་ཆུ་ཐུམ་པོར་བཏུམས་ནས་ཕུ་ཆུ་མདའ་རུ་དྲངས། མཚོ་ལ་གཏར་ཁ་བྱས་ནས་ཡུར་བ་ཀྱུས་སུ་བཙལ། དེའི་གོང་ན་ཆུ་མེད་ཆར་མ་འདོལ་མོ་རྨེད། 
གསུམ་དུ་མཛངས་པ་ཐོན་མི་སམ་པོ་ཊ།། ཀ་ཀ་ཀི་ཀི་ཀུ་ཀུ་ཞབས་ཁྱུད་བྱས།། ར་ར་རི་རི་གཙང་གི་ཡིག་མ་རོ།། ཤད་ཀྱིས་བར་བཅད་ཚིག་གིས་སྨྲ་བར་བྱེད།། དེའི་གོང་ན་བོད་ལ་ཡི་གེ་མེད།། 
བཞི་རུ་མཛངས་པ་སྙགས་ཁྲི་བཟང་ཡང་སྟོན་ཡིན། དེ་ཡང་རི་ཁྱིམ་ལུང་དུ་ཕབ་ནས་སྤོ་མཐོ་མཁར་དུ་བརྩིགས། སྤང་ཐང་ཞིང་དུ་རྨོས་ནས་དབྱེ་མཐའ་མཁར་ཁྱིམ་བྱས། དེའི་གོང་ན་མི་ཁྱིམ་རི་ལ་འདུག
ལྔ་རུ་མཛངས་པ་ཁྲི་བཟངས་ཡབ་ལྷག་གིས། ཕྱོགས་བཞིའི་སྐུ་བསྲུངས་བཙུད་ནས་སྐུའི་རིམ་གྲོ་བྱས། རྒོད་ཀྱི་སྟོང་སྡེ་ཕྱེད་རྩ་གཉིས་དགྲ་ལ་རྒོལ་དུ་བཅུག མི་ལ་སྟོང་ཐང་བཅད་པས་ཕྱི་རབས་བློན་པོ་ཐུགས་ཁྲལ་ཆུང་བར་བྱས། དེའི་གོང་ན་བོད་ལ་གསོས་དང་སྟོང་ཐང་མེད།
དྲུག་ཏུ་མཛངས་པ་མོན་ཁྲི་ཏོ་རེ་སྣང་ཚབ་ཡིན། ཕུལ་དང་ཁྱོར་གྱིས་ཟ་མ་དྲུངས་སུ་བཟུང་། དགའ་གཉིས་ཚོང་བྱས་མཐུན་གཉིས་ལ་ལུང་སྤྱོད། དེའི་གོང་ན་བོད་ལ་བྲེ་སྲང་མེད།
བདུན་དུ་མཛངས་པ་གཉེར་སྟག་བཙན་ལྡོང་གཟིགས་ཡིན། མཛོ་པོ་རྟོལ་པོ་བེའུ་ལུག་དགྱེ་རུ་སྡེབས། བ་རེ་གླང་རེ་རྣག་རེ་ཁྱིམ་དུ་རྩལ། རྩྭ་ལ་ཆུན་པོར་བྱས་ནས་དབྱར་རྩི་དགུན་ནས་འཚལ། དེའི་གོང་ན་ཕྱུགས་ན་རེ་ཁྲིམས་མེད།
བརྒྱད་དུ་མཛངས་པ་རྒྱ་མོ་ཨོང་ཆུང་གིས། གོས་ལ་ཕོ་ཆས་མོ་ཆས་སོ་སོར་ཕྱེ། ལས་ལ་ཕོ་ལས་མོ་ལས་སོ་སོར་ཕྱེ། ཕོ་ལ་མདའ་གཞུ་མོ་ལ་འཕང་ཆ་གཏད། དེའི་གོང་ན་ཕོ་མོ་ཆས་མ་ཕྱེད། བུད་མེད་ཡིན་པས་ཕྱེད་དུ་བཞག་པ་ཡིན། ཞེས་བུད་མེད་ཡིན་པས་ཕྱེད་དུ་བཞག་པ་ཡང་གསལ་ཁ་བཀྲོལ་ཡོད་པ་ལགས་སོ།།
ཡང༼སྔོན་གྱི་གཏམ་མེ་ཏོག་ཕྲེང་མཛེས༽ལས། བོད་རྒྱལ་མེས་དབོན་གྱི་དུས་སུ་བོད་དུ་མཛངས་པ་མི་བདུན་བྱུང་བ་ནི། 
གཅིག་ཏུ་མཛངས་པ་གཉེར་སྟག་ཚལ་ལྡོང་གཟིགས་ཡིན། དེ་ཡིས་བ་རེ་གླང་རེ་གནག་རེ་ར་ལུག་ཁྲིམས་སུ་བཅས། རྩྭ་ལ་ཆུན་བུ་བྱས་ནས་དབྱར་རྩི་དགུན་དུ་འཚལ། སྤང་ཐང་ཞིང་དུ་སློག་ནས་དེ་མཐར་ཁང་ཁྱིམ་བརྩིགས།  
གཉིས་སུ་མཛངས་པ་མོང་གི་བུ་ཁྲིད་དོ་རེ་སྣང་ཚབ་ཡིན་ཏེ། དེ་ཡིས་བྲེ་དང་སྲང་གིས་འདུ་འགོད་རྩིས་སུ་གསལ། ཕུལ་དང་ཁྱོར་གྱིས་ཟ་མ་ཟུང་དུ་བཟུང་། དགའ་གཉིས་ཚོང་བྱེད་མཐུན་གཉིས་ལས་ལ་སྤྱོད།
གསུམ་དུ་མཛངས་པ་འབྲིང་གི་བུ་རུ་ལས་སྐྱེས་ཡིན། དེ་ཡིས་རྡོ་ལས་སོལ་བ་བཞུ་ནས་གསེར་དངུལ་ཟངས་ལྕགས་བྱས། ཤིང་ལ་བུག་པ་ཕུག་ནས་གཤོལ་དང་གཉའ་ཤིང་བྱས། མཛོ་གླང་དོར་དུ་སྡེབས་ནས་སྤང་ཐང་ཞིང་དུ་བཏབ།
བཞི་རུ་མཛངས་པ་ཐོན་མི་སཾ་བྷོ་གས། དེ་ཡིས་ཀ་ཁ་སུམ་ཅུ་གུག་ཀྱེད་བྱས། འདོགས་དང་སྦྲེལ་གྱིས་ཚིགས་སུ་བཅད། ཤད་ཀྱིས་བཅད་ནས་ཚིག་ཏུ་སྨྲ།
ལྔ་རུ་མཛངས་པ་ཁུའི་བུ་ལྷ་བུ་མགོ་དཀར་ཡིན། དེ་ཡིས་ཞིང་གི་དོར་དང་འབྲོག་གི་ཐུལ་དུ་སྡེབས། ཕུ་ཆུ་དུམ་བུར་བྱས་ནས་མཚན་ཆུ་ཉིན་དུ་དྲངས། མཚོ་ལ་གཏར་ཁ་བྱས་ནས་ཡུར་བ་དཀྱུས་སུ་བཙུད།
དྲུག་ཏུ་མཛངས་པ་ཁྲི་བཟང་ཡབ་ལྷག་ཡིན། དེ་ཡིས་ཕྱོགས་བཞིའི་སྲུང་མས་སྐུའི་རིམ་གྲོ་མཛད། རྒོད་ཀྱི་སྟོང་སྡེས་ཕྱིའི་དགྲ་ལ་རྒོལ། མིའི་སྟོང་ཐང་བཅད་པས་ཕྱི་རབས་བློན་པོ་ཐུགས་ཁྲལ་ཆུང་།
བདུན་དུ་མཛངས་པ་རྔོགས་ཀྱི་བུ་ཁྲི་བཟང་ཡབ་བརྟན་ཡིན། དེ་ཡིས་རི་ཁྱིམ་ཀླུང་དུ་ཕབ། སྤོ་ཐོ་མཁར་དུ་བརྩིགས། ཞིང་མཐར་ཁང་ཁྱིམ་བརྩིགས།
ཞེས་པ་ལྟར་ལོ་རྒྱུས་ཕལ་ཆེ་བར་མཛངས་མི་མི་བདུན་ཞེས་གྲངས་འདྲེན་པ་དང་གྲངས་འདྲེན་ཚུལ་གྱི་གོ་རིམ་ཡང་གོང་གི་འདིས་མཚོན་སྣ་ཚོགས་ཤིག་མཆིས་ལ། བདག་གིས༼མཁས་པའི་དགའ་སྟོན༽གྱི་གྲངས་འདྲེན་ཚུལ་གྱི་གོ་རིམ་འདི་རྒྱལ་རབས་དང་བློན་རབས་ལ་ཐོ་ཐུག་པ་ཞིག་རེད་ཅེས་འདོད་དོ།།
གཉིས་པ། མཛངས་མི་མི་བརྒྱད་ཀྱི་བྱུང་ཚུལ་བརྗོད་པ།
༡.མཛངས་མི་མི་བརྒྱད་ཀྱི་ཐོག་མར་གྱུར་བ་རུ་ལས་སྐྱེས། 
སྤུར་རྒྱལ་བོད་ཀྱི་རྒྱལ་རབས་དགུ་བ་སྟོད་ཀྱི་སྟེང་གཉིས་ལས་ཕྱི་མ་སྤུ་དེ་གུང་རྒྱལ་གྱི་བློན་པོ་རུ་ལས་སྐྱེས་ཀྱི་བྱུང་བ་མདོ་ཙམ་བརྗོད་པར་བྱ་སྟེ།
དེ་ཡང་ས་བཙུན་རླུང་རྗེའི་སྲས་གྲི་གུམ་བཙན་པོ་དེ་དང་ཀླུ་བཙན་མེར་ལྕམ་ལ་སྲས་གསུམ་བྱུང་ཡང་། ཡབ་རྒྱལ་བོ་བློན་པོ་ལོ་ངམ་དང་འཐབ་ཟླ་བྱས་པས་བཀྲོངས། སྲས་རྣམས་ཀྱིས་ཡབ་མེས་ཀྱི་དཀོར་མཛོད་ནང་རྟེའུ་གླང་རུ་དཀར་ཞེས་པ་ཞིག་ཡོད་པ་ལ་ཞོན་ནས་ཀོང་བོའི་ཕྱོགས་སུ་བྲོས་ཤིང་། ཡུན་ཅིག་བློན་པོས་རྒྱལ་སྲིད་བཟུང་། མི་རིང་བར་རྒྱལ་བོའི་བཙུན་མོ་ཀླུ་བཙན་མེར་ལྕམ་ལ་སྲས་ཤིག་བྱུང་བ་བློན་པོ་རུ་ལས་སྐྱེས་ཡིན་ལ། དེ་ཉིད་ནར་སོན་ནས་བློན་པོ་ལོ་ངམ་བསད་དེ་སྤུན་བྱ་ཁྲི་སླར་གདན་དྲངས་ཏེ་རྒྱལ་སར་བསྐོས། མཚན་ལ་ཡང་སྤུ་དེ་གུང་རྒྱལ་ཞེས་གསོལ་ནས་རང་ཉིད་བློན་བྱས་ཏེ་བསྡད་གྲགས། ༼མཁས་པའི་དགའ་སྟོན༽ལས། བོད་ཡུལ་འཕྲུལ་བློན་མཛངས་པའི་མི་བདུན་གྱི། ཐོག་མར་གྱུར་བ་རུ་ལས་སྐྱེས་འདི་ཡིན། མཛངས་པའི་ལས་སུ་ཤིང་བསྲེགས་སོལ་བ་བྱུང་། དེ་ཡིས་རྡོ་བཞུས་གསེར་དངུལ་ཟགས་ལྕགས་ཕྱུང་། ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས། ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས། རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས། རྒལ་བར་མི་ཐར་ཆུ་ལ་ཟམ་པ་བཙུགས། རྨོས་པའི་ལོ་ཏོག་ཐོག་མ་འདི་ ནས་བྱུང་། ཞེས་དང་།
༼གུ་བཀྲའི་ཆོས་འབྱུང༽དུ། རྒྱལ་རབས་དགུ་བ་སྤུ་དེ་གུང་རྒྱལ་གྱི་དུས་འཕྲུལ་བློན་མཛངས་མི་དང་བོ་རུ་ལས་སྐྱེས་བྱུང་སྟེ། དེ་ཡན་ཆད་བོད་ལ་རྨོ་རྐོ་སོ་ནམ་མི་ཤེས་པར་བློན་པོ་འདིས་སོལ་བའི་མེ་བྱས། དེས་རྡོ་རྣམས་བཞུས་ནས་གསེར་དངུལ་ཟངས་ལྕགས་བཏོན། ལྕགས་ལ་མགར་བྱས། ཤིང་ལ་མིག་ཕུག་ནས་ཐོང་གཤོལ་དང་གཉའ་ཤིང་བྱས། ཆུ་ཡུར་བར་ཁྲིད་སྤང་ཐང་ཞིང་ལ་རྨོས། ཆུ་ཆེན་ལ་ཟམ་པ་བཙུགས་པ་སོགས་བྱས། ལོ་ཏོག་གི་སྔ་བ་དེ་ནས་བྱུང་བ་ཡིན། ཞེས་བོད་ཡུལ་མཛངས་མི་མི་བརྒྱད་ཀྱི་ཐོག་མ་རུ་ལས་སྐྱེས་ཀྱིས་ཤིང་རིགས་བསྲེགས་ཏེ་སོལ་བ་ལེན་ཐབས་སྤྱད་པ་དང་། རྡོའི་གཏེར་ཁ་བཏོན་ཏེ་གསེར་དངུལ་ཟགས་ལྕགས་སོགས་བཞུ་ལེན་བཙོ་སྦྱངས་ཀྱི་བཟོ་ལས་དར་བར་བྱས་པ་དང་། ཤིང་ལ་མིག་ཕུག་ནས་གཤོལ་མདའ་དང་གཉའ་ཤིང་བཟོས་པ། ཞིང་ལ་ཆུ་དྲངས་ཏེ་སྤང་ཐང་ཞིང་དུ་རྨོས་པ་སོགས་ཐབས་ཤེས་སྣ་ཚོགས་པས་བོད་ཀྱི་ཞིང་ལས་དར་རྒྱས་ཐད་ལག་རྗེས་ཆེ་ཙམ་བཞག་པ་མཚོན་ཐུབ་ལ། བརྒལ་བར་དཀའ་བའི་ཆུ་ལ་ཟམ་པ་འཕངས་ཏེ་ཕན་ཚུན་འགྲོ་འོང་དང་འགྲིམ་འགྲུལ་སྟབས་བདེ་ཆེད་ཕན་འབྲས་དང་ཡར་བསྐུལ་ཆེ་ཙམ་བཏང་ཡོད་པས་མཛངས་མི་མི་བརྒྱད་ཀྱི་ཐོག་མར་གྱུར་པའོ།།
༢.མཛངས་མི་མི་བརྒྱད་ཀྱི་གཉིས་པ་ལྷ་བུ་མགོ་དཀར།༼མཁས་པའི་དགའ་སྟོན༽ལས། ལེགས་དྲུག་ཐོག་མ་ཨི་ཤོ་ལེགས་ཅེས་བྱ། དེ་ཡི་བློན་པོ་ལྷ་བུ་མགོ་དཀར་ཞེས། ཁུ་ཁུ་རུ་ལས་སྐྱེས་ཀྱི་བུ་ཡིས་བྱས། འཕྲུལ་བློན་མཛངས་མི་བདུན་གྱི་གཉིས་པ་ཡིན། མཛངས་པའི་ལས་སུ་ཞིང་ལ་དོར་ཁ་བརྩིས། འབྲོག་ལ་ཐུར་རྩིས་ཕུ་ཆུ་ཡུར་དུ་དྲངས། མདའ་རུ་ཆུ་མ་རྨོ་བ་འདི་ནས་དར། ཞེས་དང་།༼གུ་བཀྲའི་ཆོས་འབྱུང༽དུ། ཨི་ཤོ་ལེགས་ཀྱི་དུས་འཕྲུལ་བློན་མཛངས་མི་གཉིས་པ་ལྷ་བུ་མགོ་དཀར་བྱ་བ་བྱུང་སྟེ་ཞིང་ཆུ་མ་བྱས། ཞིང་གི་དོར་གྲངས་བརྩིས། ཕྱུགས་ཀྱི་ཡར་དྲུས་བརྩིས། ཕྱུག་དབུལ་གྱི་ཁྱར་པར་ཕྱེ་བར་བྱུང་། ཞེས་རྒྱལ་རབས་བཅུ་བ་ལེགས་དྲུག་གི་ཐོག་མ་ཨི་ཤོ་ལེགས་ཀྱི་དུས་སུ་མཛངས་མི་མི་བརྒྱད་ཀྱི་གཉིས་པ་ཁུ་ཁུ་རུ་ལས་སྐྱེས་ཀྱི་བུ་ལྷ་བུ་མགོ་དཀར་གྱིས་ཞིང་ཆུ་མར་བཏང་བ་དང་། རོང་འབྲོག་གི་བརྩི་གཞི་ཕབས་ཏེ་རོང་བ་དང་འབྲོག་པའི་ཁྱད་ཕྱེས་པ་སོགས་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱག་རྗེས་ཆེ་ཙམ་བཞག་པའོ།། 
༣.མཛངས་མི་བརྒྱད་ཀྱི་གསུམ་པ་ཁྲི་དོ་རེ་སྣང་ཚབ། ཇི་སྐད༼མཁས་པའི་དགའ་པའི་སྟོན༽ལས། འདི་དུས་ཁྲི་དོར་སྣང་བཙུན་མོང་གི་བུས།། བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱིས་བཅལ།། དགའ་གཉིས་ཚོང་བྱས་མཐུན་གཉིས་ལུང་དུ་བསྡེབས།། དེ་གོང་བོད་ན་ཚོང་དང་བྲེ་སྲང་མེད།། དེ་ཕྱིར་མཛངས་མི་བདུན་གྱི་གསུམ་པར་གྲགས་ས།། ཞེས་དང་།༼གུ་བཀྲའི་ཆོས་འབྱུང༽དུ། སྟག་རི་གཉན་གཟིགས་ཀྱི་དུས་སུ། འཕྲུལ་བློན་མཛངས་མི་གསུམ་པ་ཁྲི་དོར་སྣང་བཙུན་བྱུང་སྟེ། འདི་ཡན་ཆད་རྒྱ་འདོད་ངམ་བྲེ་སྲང་དང་ཉོ་ཚོང་མི་ཤེས་པ་ལ། བློན་པོ་འདིས་བྲེ་ཕུལ། སྲང་ཉག་བཟོས། འབྲུ་རིགས་རྣམས་འདོད་འཇལ། ཡང་ཇི་རྣམས་རྒྱ་འཇོག་དང་ཉོ་ཚོང་གི་སྲོལ་བཏོད། ཅེས་པ་ལྟར་མཛངས་མི་བརྒྱད་ཀྱི་གསུམ་པ་བོད་རྒྱལ་སོ་གཅིག་པ་སྟག་རི་གཉན་གཟིགས་ཀྱི་དུས་སུ་ཁྲི་དོར་སྣང་བཙུན་མོང་གི་བུ་ཁྲི་དོ་རེ་སྣང་ཚབ་ཀྱིས་བྱས་པ་ཡིན་པ།༼གུ་བཀྲའི་ཆོས་འབྱུང༽དུ་ཁྲི་དོར་སྣང་བཙུན་གྱིས་བྱས་པར་བཤད་པ་ནི་ཐུགས་མཉམ་མ་བཞག་པར་སེམས། འདིའི་དུས་སུ་འབྲུ་རིགས་དང་མར་སོགས་འཇལ་བྱེད་ཀྱི་བྲེ་དང་སྲང་བཅོས་པ་དང་། དངོས་པོ་གཉིས་བརྗེ་རྒྱུར་ཕན་ཚུན་འཕྲོད་ན་བརྗེ་རེས་བྱེད་པའི་ཚོང་ལས་ཀྱི་ཐོག་མ་འདི་ནས་དར་ལ། ཕན་ཚུན་གཅིག་མཁོ་གཅིག་གིས་བྱས་ཏེ་ལས་རོགས་བསྡེབས་ཀ་བྱེད་རྒྱུའི་མགོ་ཡང་འདི་ནས་ཚུགས་པ་ཡིན་ལ། གཙོ་བོ་དེ་གོང་བོད་ན་ཚོང་ལས་མེད་པ་ལ་བྲེ་སྲང་བཅོས་ཏེ་ཚོང་ལས་བྱེད་པའི་སྲོལ་ཕྱེ་བས་བོད་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་བྱས་རྗེས་ཆེ་ ཙམ་བཞག་འདུག་གོ།
༤.མཛངས་མི་བརྒྱད་ཀྱི་བཞི་བ་སྨྲ་བའི་སྐྱེས་མཆོག་སམ་བྷོ་ཊས་བྱས།༼མཁས་པའི་དགའ་སྟོན༽ལས། ཐོན་མིས་བོད་ཡིག་ཐོག་མ་མཛད་པའི་ཕྱིར། བོད་ཕྲུག་མཛངས་པའི་མི་བདུན་གྱི་བཞི་བར་གྲགས། ཞེས་དང་།༼གུ་བཀྲའི་ཆོས་འབྱུང༽དུ། སྲོང་བཙན་སྒམ་པོའི་དུས་འཕྲུལ་བློན་མཛངས་མི་བཞི་བ་ཐོན་མི་སམ་བྷོ་ཊ་བྱུང་སྟེ། དེ་ཡན་ཆད་བོད་ན་ཡི་གེ་དང་ཆོས་ཀྱི་ཉན་བཤད་མི་ཤེས་པར་ཆོས་བློན་འདིས་བོད་ཡིག་ཀ་ཁ་འབྲུ་སུམ་ཅུ་ལ་སོགས་པའི་ཡི་གེའི་གཟུགས་དང་བརྡ་སྤྲོད་པའི་བསྟན་བཅོས་བརྩམས། ཆོས་སྒྱུར་བའི་སྲོལ་བཏོད། ཅེས་པ་ལྟར་བོད་ཀྱི་རྒྱལ་རབས་སོ་གསུམ་པ་སྲོང་བཙན་གྱི་བློན་པོ་སམ་བྷོ་ཊས་མཛངས་པའི་ལས་སུ་བོད་རང་གི་སྐད་ཀྱི་སྟེང་ནས་ཉུང་ཞིང་བཅུད་འདུས་ཀྱི་ཚན་རིག་དང་མཐུན་པའི་ཡི་གེ་གནའ་དེང་གི་འཛམ་གླིང་ཕྱོགས་སོ་སོའི་མཁས་པ་རྣམས་ཀྱིས་ཁས་ལེན་གྱི་གྲགས་པ་དབྱར་རྔ་བཞིན་ལྡིར་བ་འདི་ལྟ་བུ་ཞིག་གསར་བསྐྲུན་མཛད་པ་དང་། རྒྱལ་ཁབ་གཞན་དང་གཞན་གྱི་ལེགས་ཆ་བོད་ཡིག་ཏུ་བསྒྱུར་ནས་རིག་གནས་ཀྱི་བྱ་བ་རྒྱ་ཆེར་སྤེལ། རྒྱལ་བོ་རང་ཉིད་ཀྱིས་ཀྱང་ཐོན་མི་སློབ་དཔོན་དུ་བསྟེན་ཏེ་ལྷ་སའི་སྐུ་མཁར་ཕ་བོང་ཁའི་མ་རུ་ཞེས་བྱ་བར་ལོ་གསུམ་མམ་བཞི་ལ་མཚམས་བཅད་ཀྱི་ངང་ནས་ཡི་གེ་འབྲི་ཀློག་ལ་མཁས་པར་སྦྱངས། སྐབས་དེར་སློབ་དཔོན་ཐོན་མི་སམ་བྷོ་ཊ་ལ་རྒྱལ་བོས་བཀུར་སྟི་དང་སྲི་ཞུ་བློར་མི་ཤོང་བ་མཛད་དེ་སློབ་དཔོན་ཞེས་པའི་མཚན་ཡང་གསོལ་བར་ངེས། དཔའ་བོ་གཙུག་ལག་ཕྲེང་བའི༼ཆོས་འབྱུང་མཁས་པའི་དགའ་སྟོན༽ལས། བོད་ཕྲུག་མཛངས་པའི་མི་བདུན་གྱི།། བཞི་བར་ཐོན་མི་བགྲངས་མོད་ཀྱང་།། དེ་ཀུན་མཚུངས་པ་མ་ཡིན་ཏེ།། མཁན་པོ་ལོ་ཙའི་ཐོག་མ་འདིའི།།  བཀའ་དྲིན་བོད་ཀྱིས་ཇི་ལྟར་འཁོར།། ཞེས་པ་ལྟར་བོད་ཀྱི་མཁས་པ་ཕྱི་མ་དག་གིས་ཀྱང་རང་མི་རིགས་ཀྱི་སྐད་དང་མཐུན་པའི་ཡིག་རིགས་ཚན་རིག་དང་མཐུན་པ་ཞིག་གསར་བཏོད་མཛད་དེ་བྱས་རྗེས་རླབས་ཆེན་ཡོད་པས། བོད་ཕྲུག་མཛངས་མི་བཞི་བར་བཞག་པའི་བརྩི་འཇོག་དང་གོང་བཀུར་བླ་ན་མེད་པ་མཛད་ཡོད་དོ།།
༥.མཛངས་མི་བརྒྱད་ཀྱི་ལྔ་བ་སྙགས་ཀྱི་བུ་ཁྲི་བཟང་ཡབ་བརྟན།༼མཁས་པའི་དགའ་སྟོན༽ལས། གཞན་ཡང་ཁྲི་བཟང་ཡང་སྟོན་སྙགས་ཀྱི་བུས།། མཛངས་པའི་ལས་སུ་རི་ཁྱིམ་ཀླུངས་སུ་ཕབ།། སྤོ་ཐོས་མཁར་དུ་བརྩིགས་ནས་གྲོང་ཁྱེར་བཅོས།། འདི་ཡན་བོད་ཀྱི་ཁང་ཁྱིམ་རི་ལ་ཡོད།། དེ་ཕྱིར་བོད་ཀྱི་མཛངས་མི་ལྔ་བ་ཡིན།། ཞེས་དང་།༼གུ་བཀྲའི་ཆོས་འབྱུང༽དུ། གོང་གི་འདི་དང་དུས་མཉམ་དུ་འཕྲུལ་བློན་མཛངས་མི་ལྔ་བ་ཁྲི་བཟང་ཡང་སྟོན་གྱིས་དེ་ཡན་ཆད་བོད་ཀྱི་ཁང་བ་རི་ལ་ཡོད་པ་ཀླུང་དུ་ཕབ་ནས་གྲོང་བ་བཟོས། ས་བཙན་རྗོང་བརྩིགས་པ་སོགས་བྱས། ཞེས་པ་ལྟར་རྒྱལ་བོ་སྲོང་བཙན་གྱི་སྐབས་སུ་མཛངས་མི་གཉིས་བྱུང་བ་ལས་མཛངས་མི་འདི་བའི་མཚན་གསལ་བོ་ཞིག་མ་ཡིན་ཏེ།༼མཁས་པའི་དགའ་སྟོན༽དུ་ཁྲི་བཟང་ཡང་སྟོན་སྙགས་ཀྱི་བུ་ཞེས་པ་ལས་མཚན་དངོས་མི་གསལ། ༼གུ་བཀྲའི་ཆོས་འབྱུང༽དུ་ཁྲི་བཟང་ཡང་སྟོན་ཞེས་དང་།༼ལྡེའུ་ཆོས་འབྱུང༽དུ་སྙགས་ཁྲི་བཟང་ཡང་སྟོན།༼སྔོན་གྱི་གཏམ་མེ་ཏོག་ཕྲེང་བ༽ལས་རྔོགས་ཀྱི་བུ་ཁྲི་བཟང་ཡབ་བརྟན་ཞེས་འབྱུང་བ་ལས་ཁོང་གི་རུས་སྙགས་ཡིན་པ་ཆོས་འབྱུང་མང་བོ་མཐུན་ལ་མཚན་དངོས་ཁྲི་བཟང་ཡབ་བརྟན་ཡིན་པར་འདོད་དོ།།
༦.མཛངས་མི་བརྒྱད་ཀྱི་དྲུག་པ་མགོས་ཁྲི་བཟང་ཡབ་ལྷག༼མཁས་པའི་དགའ་སྟོན༽ལས། མགོས་ཀྱི་བློན་ཆེན་ཁྲི་བཟང་ཡབ་ལྷ་གིས།། མཛངས་པའི་ལས་སུ་གསོ་ཐང་སྟོང་ཐང་བཅད།། ཕྱི་རབས་བློན་པོ་གཡར་ཁྲལ་ཆུང་བར་བྱས།། དེ་ཕྱིར་མཛངས་མི་བདུན་གྱི་དྲུག་པར་འདྲེན།། ཞེས་དང་།༼ལྡེའུ་ཆོས་འབྱུང༽ལས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་དུས་སུ། འཕྲུལ་བློན་མཛངས་མི་དྲུག་པ་མགོས་ཁྲི་བཟང་ཡབ་ལྷག་གིས་ཁྲིམས་དང་ཞལ་ལྕེའི་བཅད་ཁྲ་ཐམས་ཅད་མི་རེའི་ཁྲིམས་རེ་ལྟ་བུ་བཤད་རྒྱུ་མེད་པར་ཁྲིམས་ལམ་གཅིག་ཏུ་རྒྱུག་ཆོག་པའི་ཡི་གེ་བྱང་བུ་བཞག་ཡང་།༼རྦ་བཞེད༽ལས། དེའི་ཚེ་བློན་ཆེན་མགོས་རྒན་གྱི་སྲས་མགོས་ཁྲི་བཟང་ཡབ་ལྷག་གིས་སྔར་ཞལ་ལ་ཅེ་དང་གསོས་ཐང་སྟོང་ཐང་ཁྲིགས་སུ་བཅད་པ་མེད་པ་ལ་ཁྲིགས་སུ་བཅད་ནས་བྱང་བུ་ཆ་དགུར་བཅོས་ཏེ། མི་སྟོང་སོགས་ཀྱི་ཞལ་ཅེའི་དུས་ཤགས་ཀྱི་མགོ་རྒྱངས་དང་བཅས་ཐོག་མར་བསྲིངས་པ་ལ་ཐེན་བྱང་ཟེར། དེའི་ལན་གྱི་བྱང་བུ་ལ་སྦྲུལ་མགོ་ཡང་ལོན་ལ་སྨིག་ནག་ཟེར་སྟེ་དེ་གསུམ་གསོས་དང་སྟོང་གི་བྱང་བུའོ།། གཉེན་བྱེས་བྲལ་གྱི་ཞལ་ཅེའི་དུས་གཉེན་སྡེབས་དང་དགྲ་སྡེབས་ཇི་ལྟར་བྱུང་བའི་མགོ་རྒྱངས་དང་བཅས་པ་ཐོག་མར་བསྲིངས་པ་ལ་ཐེན་བྱང་ཟེར། སྨྱོན་ཐོལ་དཀར་མེའི་ཞལ་ཅེའི་དུས་བསྲིངས་པ་ལ་བྱང་བུ་མཆུ་སྨྱུང་ཟེར་ཏེ་སྤྱིར་བློ་ཡུས་ཀྱི་བྱང་བུ་ལྔའོ།། བློ་ཡུས་ཀྱིས་ཤགས་དང་སྦྱར་ནས་དྲང་བོར་གཅོད་པ་ལ་ཟང་ཡག་ཟེར།  ཡོན་པོར་གཅོད་པ་ལ་རྐེད་ཁྲེ་ཟེར། བདེན་རྫུན་གྱི་ཁ་དམར་འདོགས་པ་ལ་བྱང་བུ་ཁ་དམར་ཟེར་ཏེ་ཞལ་ཅེའི་བྱང་བུ་གསུམ་མོ།། ཉེས་པའི་སྐྱོན་ཐམས་ཅད་བཟང་བོའི་རྒྱས་བཏབ་ནས་བྱང་བུར་བྱེད་པ་ལ་རྒྱ་བྱད་ཟེར་ཏེ་སྤྱིར་རྒྱུག་པའི་བྱང་བུའོ།། དེ་ཡང་དགུང་བློན་ཆེན་པོ་ནི་འགྲན་གྱི་ཟླ་མེད་དེ་བསད་ན་སྟོང་ཐང་ཁྲི་ཆིག་སྟོང་། དགུང་བློན་འབྲིང་བོ་དང་ནང་བློན་ཆེན་པོ་གཉིས་མཉམ་སྟེ་ཁྲི། དགུང་བློན་ཆུང་ངུ་ནང་བློན་འབྲིང་བོ་བཀའ་ཡོ་གལ་འཆོས་པ་ཆད་པོ་གསུམ་མཉམ་སྟེ་དགུ་སྟོང་། ནང་བློན་ཐ་ཆུང་དང་བཀའ་གལ་འཆོས་པ་འབྲིང་མཉམ་སྟེ་བརྒྱད་སྟོང་། བཀའ་བློན་ཆུང་ངུ་ལ་བདུན་སྟོང་ངོ་།། དེ་བཞིན་དུ་འབངས་ཡང་ཐའི་བར་དུ་རིམ་པས་བཅད་དེ་ཁྲིམས་ཡིག་ཏུ་བཀོད་པས་བློན་པོ་ཕྱི་མ་རྣམས་ལ་ཤིན་ཏུ་དྲིན་ཆེ་བས་བོད་ཕྲུག་མཛངས་པའི་མི་བདུན་གྱི་དྲུག་པར་འདྲེན་པ་ཡིན་ནོ།།
༧.མཛངས་མི་བརྒྱད་ཀྱི་བདུན་པ་གཉེར་སྟག་བཙན་གདོང་གཟིགས།༼མཁས་པའི་དགའ་སྟོན༽ལས། སྟག་བཙན་གདོང་གཟིགས་བློན་པོ་གཉེར་གྱི་བྱས།། མཛངསཔའི་ལས་སུ་དབྱར་རྩྭ་དགུན་དུ་བསྐམས།། དེ་ནི་མཛངས་མི་བདུན་གྱི་ཐ་མར་གྲགས།། ཞེས་དང་།༼ལྡེའུ་ཆོས་འབྱུང༽དུ། གོང་གི་དེ་དང་མཉམ་དུ་འཕྲུལ་བློན་མཛངས་མི་བདུན་པ་སྟག་བཙན་གདོང་གཟིགས་ཀྱིས་འབངས་མི་ཁྱིམ་རེ་ལ་རྟ་རེ། མཛོ་རེ། བ་རེ། གླང་རེ་འཚག་དགོས་པ་དང་། དེ་དང་དགུན་གསོ་ཆས་ཀྱི་རྩྭ་སྔོན་དབྱར་ཁ་ནས་འཚག་བྱེད་དགོས་པའི་ཁྲིམས་བྱས་པས་རྩྭ་འཐུ་བའི་སྲོལ་འདི་ནས་ཚུགས་པ་ཡིན་ནོ།།༼སྦ་བཞེད༽དུ་གཉེར་སྟག་བཙན་གདོང་གཟིགས་ཀྱིས་ཀྱང་འབངས་མི་ཁྱིམ་རེ་ལ་རྟ་རེ་མཛོ་རེ་བ་རེ་གླང་རེ་ལ་སོགས་པ་བསྲེལ་བར་བྱས། དབྱར་གྱི་རྩྭ་སྔོན་དགུན་དུ་སྐེམ་པ་སོགས་བྱས་པའི་མཛངས་པའི་མི་བདུན་པར་གྲགས་སོ།། ཞེས་པ་ལྟར་མཛངས་པའི་ལས་སུ་འབངས་མི་ཁྱིམ་རེ་རེ་ལ་རྟ་མཛོ་གཡག་བ་གླང་སོགས་ཆ་སྙོམས་ཀྱིས་བགོས་པ་དང་། དབྱར་གྱི་རྩྭ་སྔོན་བྲེགས་ཏེ་དགུན་དུ་བསྐམས་པ་སོགས་ཀྱི་མཛད་རྗེས་ཡོད་པས་བོད་ཕྲུག་མཛངས་མི་བརྒྱད་ཀྱི་བདུན་པར་གྲགས་པ་ཡིན་ནོ།།
༨.མཛངས་མི་བརྒྱད་པ་རྒྱ་མོ་ཨོང་ཆུང་།༼ལྡེའུ་ཆོས་འབྱུང༽ལས། བརྒྱད་དུ་མཛངས་པ་རྒྱ་མོ་ཨོང་ཆུང་གིས།། གོས་ལ་ཕོ་ལས་མོ་ལས་སོ་སོར་ཕྱེ།། ཕོ་ལ་མདའ་གཞུ་མོ་ལ་འཕང་ཆ་གཏད།། ཞེས་པ་ལྟར་བོད་ཀྱི་མཛངས་མི་མི་བརྒྱད་པ་རྒྱ་མོ་ཨོང་ཆུང་གིས་གོས་ལ་ཕོ་ཆས་མོ་ཆས་སོ་སོར་ཕྱེས་པ་དེས་སྐབས་དེའི་སྤྱི་ཚོགས་ཀྱི་གོས་བཟོ་རིག་པ་སྔར་ལས་ལྷག་པར་གསར་གཏོད་དང་འཕེལ་རྒྱས་སུ་བཏང་བ་མཚོན་ཐུབ་ལ། སྤྱི་ཚོགས་ལས་བགོས་ཏེ་ཕོ་ལས་དང་མོ་ལས་སོ་སོར་ཕྱེས་པ་ལས་ཕོ་ལ་ཕྱིའི་དགྲ་འདུལ་བྱེད་དང་རི་དྭགས་རྔོན་བྱེད་ཀྱི་མདའ་གཞུ་གཏད་པ་དང་། མོ་ལ་ནང་གི་ཁྱིམ་ཐབ་ཀྱི་བྱ་བ་ཐགས་འཐག་བྱེད་ཀྱི་འཕང་ཆ་གཏད་པ་སོགས་སྤྱི་ཚོགས་དགེ་ཐོན་གྱི་བྱས་འབྲས་མང་བོ་ཞིག་ཡོད་པས་མཛངས་མི་བརྒྱད་དུ་བགྲངས་པ་ཡིན་མོད། བོད་ཀྱི་སྲོལ་རྒྱུན་གྱི་ལྟ་བའི་ཤུགས་རྐྱེན་ཕོ་མཆོག་མོ་དམན་གྱི་དབང་གིས་གངས་ལྗོངས་བུད་མེད་ཀྱིས་བོད་སྤྱི་ཚོགས་ལ་བཞག་པའི་རླབས་ཆེན་མཛད་རྗེས་ཡི་གེར་བཀོད་པ་ཧ་ཅང་ཉུང་ངུར་ཟད་ཅིང་། གནའ་བོའི་ལོ་རྒྱུས་ཡིག་ཚང་དག་ལས་བཙུན་མོ་རིན་ཆེན་གྲངས་མེད་བྱོན་གྱུར་ཀྱང་། དེ་ཙམ་ཡི་གེར་འཇིགས་པས་བྲིར་མི་ལང་ཞེས་བཙུན་མོ་རིན་ཆེན་ཞེས་སུ་འབོད་པ་དག་གི་རྣམ་ཐར་ཡང་ཡི་གེར་འཁོད་པ་མང་བོ་མེད་པས་ན། གངས་ལྗོངས་ལོ་རྒྱུས་ཀྱི་གར་སྟེགས་སྟེང་བྱུང་བའི་བུད་མེད་མཛངས་མ་རྣམས་ཀྱི་མཛད་རྗེས་ཡི་གེར་འཁོད་པ་འབྱུང་དཀའ་བ་སྨོས་ཅི་དགོས། འདི་ན༼ལྡེའུ་ཆོས་འབྱུང༽ལས་ཀྱང་རྩོམ་པ་བོས་བུད་མེད་ཡིན་པས་ཕྱེད་དུ་བཞག་པ་ཡིན་ཞེས་དངོས་སུ་གསུངས་ཡོད་པ་དེ་བཞིན་ནོ།།
ཚུལ་འདི་དག་ལ་དགོངས་ནས་དུས་རབས་ཉི་ཤུ་བའི་ནང་རྣམ་དཔྱོད་ཀྱི་གཞན་དྲིང་མི་འཇོག་པ། སྤྱིའི་གནས་ཚུལ་ཐོག་ཕུགས་རྒྱང་རིང་བོའི་མཁས་པའི་དབང་བོ་དགེ་འདུན་ཆོས་འཕེལ་གྱིས་བོད་ཀྱི་སྤྱི་ཚོགས་ལས་ཕོ་མཆོག་མོ་དམན་གྱི་འདུ་ཤེས་ལ་དགག་པ་དང་། བོད་རིགས་བུད་མེད་རྣམས་ལ་གདུང་འབོད་དང་རེ་སྐུལ་བྱས་པ། དཔེར་ན། རྒྱལ་བོ་ཞིག་གིས་བཙུན་མོ་སྟོང་བླངས་པ།། ད་དུང་ཡོན་ཏན་ཚུལ་དུ་སྒྲོགས་པར་བྱེད།། བུད་མེད་གཅིག་ལ་མག་པ་བརྒྱ་ཡོད་ན།། དཔེ་མི་སྲིད་པ་ཞིག་ཏུ་ཅི་ཙམ་སྨོད།། རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང་།། རྒྱལ་བོའི་རྒྱལ་སྲིད་སྤྲང་བོའི་འཚོ་ཐབས་སོགས།། ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་།། མེད་དུ་མི་རུང་བ་ནི་བུད་མེད་ཡིན།། ཞེས་པ་ལྟ་བུའི་འཇིག་རྟེན་ཡར་ཐོན་གྱི་ལུགས་དང་མཐུན་པའི་འབོད་སྐུལ་ཐེངས་དང་བོར་བཏོན་པ་ཡིན་པས་ང་ཚོའི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་ཚུལ་གཞིར་བཟུང་ནས་གངས་ལྗོངས་ལོ་རྒྱུས་ཀྱི་གར་སྟེགས་སྟེང་དངོས་སུ་བྱུང་བའི་མཁས་ཤིང་མཛངས་པའི་ངལ་རྩོལ་བུད་མེད་རྣམས་ཀྱིས་རང་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་དང་། རིག་གནས་གསར་གཏོད་དང་དར་རྒྱས་སུ་བཏང་བའི་ལོ་རྒྱུས་ལ་གདེང་འཇོག་བྱེད་དགོས་པ་དང་། མཚུངས་སུ་གངས་ལྗོངས་བུད་མེད་རྣམས་ཀྱི་བབ་ཆགས་ཀྱི་གཤིས་རྒྱུད་དང་། སྡུག་བསྲན་ཐེག་པའི་སྙིང་སྟོབས་ལ་སློབ་སྦྱོང་དང་ཕོ་མཆོག་མོ་དམན་ཀྱི་ལྟ་བ་རྒྱང་དུ་དོར་ཏེ། ཁོ་བ་ཚོས་མཛངས་པའི་བློ་རྩལ་དང་འཇོན་ནུས་པོའི་ནུས་པ་སྔོག་འདོན་བྱས་ཏེ་གངས་ལྗོང་གསར་བ་འཛུགས་སྐྲུན་གྱི་ཆེད་དུ་སྟོབས་ཤུགས་ཡོད་ཚད་འབུལ་རྒྱུའི་རེ་བ་བཅས་བསྲིངས་པའོ༎
 
༄༅།།རྒྱལ་ཐང་ཡུལ་གྱི་སྲིད་དོན་གྱི་བྱུང་བ་མདོ་ཙམ་བརྗོད་པ།
༡.རྒྱལ་ཐང་ཅེས་པའི་མིང་གི་ཐོགས་ཚུལ། 
༄༅།། ཡུལ་གྲུ་འདིའི་མིང་ལ་རྒྱལ་ཐང་ཞེས་འབོད་པའི་རྒྱུ་མཚན་ཡང་། ལོ་རྒྱས་སྟེང་བོད་རྒྱལ་སྲོང་བཙན་སྒམ་པོས་དམག་དྲངས་ཏེ་རྒྱ་བོད་གཡུལ་འཁྲུག་གིས་རྒྱལ་ཁ་བླངས་པའི་ཐང་ཡིན་པས་ན་རྒྱལ་ཐང་ཞེས་ཐོགས་པར་འདོད་ལ། ཡང་ན་ཡུལ་ལྗོངས་འདིའི་ཉེ་འཁོར་ཀུན་ཏུ་མི་རིགས་མི་གཅིག་པ་དུ་མ་གནས་ཀྱང་ཡུལ་མི་རྣམས་ཆས་གོས་དང་གོམས་གཤིས། སྤྱོད་ལམ་དང་ཆ་ལུགས།  སྐད་རིགས་རྣམས་མི་རིགས་གཞན་གྱིས་བསྲེ་བསླད་ཉེས་སྐྱོན་སོགས་ཐམས་ཅད་ལས་རྒྱལ་ཏེ་རང་སྲོལ་བརྟན་པོར་གནས་ཐུབ་པས་ན་ཡུལ་གྱི་མིང་ལ་རྒྱལ་ཐང་ཞེས་བཏགས་པ་ཡིན་པར་རྒན་པོ་རྣམས་ཀྱི་ངག་རྒྱུན་ལ་ཤོད་སྲོལ་ཡོད་པར་གྲགས། གང་ལྟར་དུས་ཀྱི་འཕོ་འགྱུར་གྱི་དབང་གིས་ཡུལ་གྱི་མིང་ཡང་གང་དག་ཅིག་ཏུ་འགྱུར་ཡོད་པར་སྣང་ཡང་བར་སྐབས་ཤིག་ནས་རྒྱལ་ཐང་ཞེས་ད་ལྟའི་བར་འབོད་སྲོལ་ཆགས་པ་འདིའོ།།
ཡང་རྒྱ་དང་འཐབ་མོ་བཀྱེས་པའི་ཐང་ཡིན་པས་ན་རྒྱ་ཐང་ཅེས་མིང་འདོགས་པ་མང་མོད། ལོ་རྒྱུས་ཡིག་རྙིང་ལས་རྒྱལ་ཐང་ཅེས་པའི་ཡི་གེ་དེ་གཉིས་མང་བོ་མཐོང་རྒྱུ་འདུག་ལ། སྐབས་ལ་ལར་རྒྱལ་ཏམ་ཞེས་པ་མཐོང་རྒྱུ་སྣང་ཡིན་རྒྱུ་ནི་རྒྱལ་ཐང་། ལེགས་བྱས་བསོད་ནམས་ཀྱི་དཔལ་ཡོན་སྟོང་གིས་ཕྱུག་པའི་ཡུལ་ལྗོངས་འདི་ལ་སྔོན་གྱི་དུས་སུ་རྫོང་ཁག་ལྔར་བཅད་ཡོད་ལ།  རྫོང་ཁག་ལྔ་ནི། རྒྱལ་ཐང་ཡུལ་ལྟེ་བའི་ཤོག་ཁག་བཅུ་ལ་རྫོང་ཁག་གཅིག བྱང་དང་བྱང་ཤར་མཚམས་སུ་གཏེར་མ་རོང་ཤོག་བརྒྱད་དང་ལམ་ཚན་དགུ་ལ་རྫོང་ཁག་གཅིག ལྷོ་ཕྱོགས་སུ་ཡང་ཐང་ཤོག་ཆེན་ལྔ་ལ་རྫོང་ཁག་གཅིག འཇང་ཤོག་ཆེན་བརྒྱད་ལ་རྫོང་ཁག་གཅིག ནུབ་ཕྱོགས་སུ་རོང་པ་ཤོག་ཆེན་ལྔ་ལ་རྫོང་ཁག་གཅིག་བཅས་ཡིན་ཞིང་། འདི་རྣམས་ལ་བསྡོམས་པས་དུད་ཁྱིམ་ཐེམ་གྲངས་ཁྲི་ཕྲག་བརྒལ་བར་ཡོད་སྐད།  
སྨྲས་པ།     མི་མཐུན་གཡུལ་ལས་རྒྱལ་བའི་ཐང་ཞེས་པ།།
      འཇིག་རྟེན་མེས་པོའི་སོར་མོའི་འདུ་བྱེད་ལས།།
      འཕོས་པའི་སྣོད་བཅུད་བཀོད་པ་ཕུན་སུམ་ཚོགས།།
      སྤྱི་མཐུན་དཔལ་ལས་གྲུབ་པ་ཨེ་མ་རྨད།།
༢.བོད་གནའ་རབས་ཀྱི་དུས། 
བདེ་ཆེན་ཁུལ་དུ་རྡོ་ཆས་རྙིང་བའི་དུས་མཇུག་ཏུ་འགྲོ་བ་མིའི་འགུལ་བསྐྱོད་ཡོད་ལ། རྡོ་ཆས་གསར་བའི་དུས་སུ་རྡོ་ཆས་དང་བྲག་བརྐོས་རི་མོ་རྒྱལ་ཐང་དང་ཡང་ཐང་། ཧྲང་ཅང་དང་ཅིན་ཅང་། སན་པཱ་ཁུལ་དུ་མཐོང་རྒྱུ་འདུག  སྤྱི་ལོ༡༩༨༨ལོའི་ཟླ༣པའི་ནང་ཉི་ཤར་བདེ་སྐྱིད་གྲོང་གི་ས་འོག་ནས་རྡོ་ཡི་རོ་སྒམ་བུད་པ་ལྟར་ན། ད་ལྟའི་བར་ལོ༢༨༥༠±༨༠དང༢༨༡༠±༨༠འགོར་བར་  ཚན་རིག་པས་བདེན་དཔང་བྱས། དེ་ནི་རྒྱ་ནང་དུ་ཞིས་ཀྲིག་དུས་སྐབས་ལ་ཁེལ་འདུག
རྒྱལ་ཁབ་གསུམ三国220-265ཅིན་གཉིས两晋266-420ནུབ་བྱང་རྒྱལ་རབས南北朝421-581སྐབས་སུ་རྒྱལ་ཐང་དང་ཡང་ཐང་གཙོས་འབྲི་ཆུའི་རྒྱུད་དུ་ཅེ་སྤྱང་པ་རྣམས་གནས་པས་སྤྱང་ངམ་ཆཱང་ཞེས་འབོད། 
༣.ཐུ་བྷོད་རྒྱལ་རབས་ཀྱི་སྐབས།
རྒྱའི་ལོ་རྒྱུས་ཡིག་རྙིང་ལས་ཆེས་ཐོག་མར་རྒྱལ་ཐང་འཁོད་པའི་དེབ་ནི་ཐང་རྒྱལ་རབས་ཀྱི་ཧྥན་ཁྲའོ樊朝ཡི་བྲིས་པའི་ཡུན་ནན་དེབ་ཐེར云南志ཁོངས་མིང་གི་སྐོར་ཁག་བཞི་བར名类第四རྒྱལ་ཐང་ཞེས་རྒྱ་ཡིག剑赕བྲིས་སྣང་། 
ཐང་རྒྱལ་བོའི་ཏི་ལོ་བཞི་བརསྤྱི་ལོ༦༢༡ཧྲིན་ཀྲིག神州བཙུགས། ད་ལྟའི་བདེ་ཆེན་ཁུལ་འབའ་ལུང་རྫོང་གི་ཡོངས་གྲགས་ཆོས་རྫོང་ཟེར་ས་གནའི་བོད་སྐད་དུ་རྒྱལ་བུ་སྟེང་ཟེར་ས་དེའོ།།
ཐང་རྒྱལ་རབས་སྐབས་ཐུ་བྷོད་ཀྱི་དམག་གིས་རྒྱ་དང་འཐབ་མོ་བཀྱེས་ཏེ་རྒྱལ་ཐང་ས་ཆ་བླངས་པ་དང་། རྒྱལ་ཐང་ས་ཆ་མཛེས་ཤིང་འབྱོར་ཕྱུག་ལྡན་པ་སོགས་ཆ་ཀུན་ནས་རྣམ་པར་རྒྱས་བས་ན། རྒྱལ་ཐང་དང་རྒྱ་བོད་འཐབ་མོ་བཀྱེས་ཏེ་རྒྱལ་ཁ་ཐོབ་པའི་ཐང་ཡིན་བས་ནས་རྒྱལ་ཐང་།结塘
ཐང་ཀྲོན་གོན་ལོ་བདུན་པསྤྱི་ལོ༦༦༣ཆོས་རྒྱལ་སྲོང་བཙན་སྒམ་བོས་དམག་དྲངས་ནས་ས་འདི་དབང་དུ་བསྡུས་ཏེ་རྒྱལ་བུ་གུང་རི་གུང་བཙན་ལ་ས་འདི་སྲུང་དུ་བཅུག རང་གིས་མུ་མཐུད་དུ་དམག་ཁྲིད་ནས་ལྗང་དང་ཏཱ་ལིས་ཕྱོགས་ལ་ཤར་བསྐྱོད་བྱས། 
སྤྱི་ལོ༦༨༠ཐུ་བྷོད་ནས་རྒྱལ་ཐང་མོའུ་ཀོ木高དང་ལྗང་མཐའ་བྲལ塔城བར་གྱི་འབྲི་ཆུར金沙江ཡ་དཀྲིས་ལྕགས་ཟམ་འཕངས་ཏེ་ཤར་ཕྱོགས་སུ་མཁར་བརྩིགས། ད་ལྟའང་ལྕགས་ཟམ་གྱི་ཤུལ་རྗེས་ཡོད།
མི་རིགས་དཔེ་སྐྲུན་ཁང་གི་པར་མབོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུསཀྱི་ཤོག་ངོས༨༩སྟེང་། སྤྱི་ལོ༧༠༣ཡོས་བུའྀ་ལོ་ལ། བཙན་པོ་དབྱརད་གླྀང་གྀ་འོལ་བྱག་ན་བཞུགས་ཤྀང་། རྒྱའྀ་པོ་ཉ་ཀམ་ཀེང་ཕྱག་འཙལད། མདོ་སྨད་གྱྀ་དགུན་འདུན་ཡོལ་གྱྀ་ཅི་འབོསུཿབསྡུས། ཡུམ་རྣང་ཕོ་དུར་མྱྀག་ན་བཞུགས་ཤྀང་། ཁུ་འབྱུར་ལོད་བཙན་བཀུམ། དགུན་བཙན་པོ་འཇང་ཡུལ་དུ་གཤེག་སྟེ།     འཇང་ཕབ། པར་ལོ་གཅིག ཅེས་འབྱུང་།
སྤྱི་ལོ༧༩༤ལོའི་ཟླ་དང་བོར། ནན་ཀྲའོ་རྒྱལ་བོ་ཡུས་མོའུ་ཤོན་ཐང་རྒྱལ་མགོ་བཏགས་ནས་རྒྱལ་བུའི་སྟེང་ལ་འཇབ་རྒོལ་བྱས་ཏེ་ཡ་དཀྲིས་ལྕགས་ཟམ་གཏོར། ལྕགས་ཟམ་ཤར་ཕྱོགས་ཀྱི་རྫོང་བཅུ་དྲུག་བླངས། རྒྱལ་བོ་ལྔ་འཛིན་བཟུང་བྱས་ཏེ་འབངས་མི་ཁྲི་བཅུ་ལྷག་མགོ་བཏགས་བྱས།
སྤྱི་ལོ༧༩༥ལོའི་ཟླ་བདུན་པར་སླར་ཡང་ཐུ་བྷོད་ཕྱོགས་སུ་དམག་དྲངས་ཏེ། དེང་གི་སྡེ་ཆེན་རྫོང་དང་ཞྭ་ནག ཀོང་ཇོ་རྭ་བ། ཉི་ཤར། ཨྱོན五境བཅས་བླངས།
སྤྱི་ལོ༧༩༩ནས༨༠༡ལོར་ནན་ཀྲའོ་ཡུས་མོའུ་ཤོན་དང་ཅན་ནན་ཞིས་ཁྲོན་ཅེ་ཏུའུ་ཧྲི་བེ་ཀའོ剑南西川节度使韦皋མཉམ་འབྲེལ་སྒོས་སླར་ཡང་ཐུ་བྷོད་ལ་དཔུང་འཇུག་བྱས་ཏེ་ལྕགས་ཟམ་ཤོར་ཅིང་། ཐུ་བྷོད་ཀྱི་དམག་རྒྱལ་ཐང་ནག་ཆུ་ཁར纳曲河ལོགས་ནས་སྒར་བཏབ། དེ་ནས་བོད་རྒྱལ་སིལ་བུར་འཐོར་ཅིང་ས་གནས་སོ་སོ་ནས་འབངས་གྱེན་ལོག་བྱུང་སྟེ། བོད་གཅིག་གྱུར་གྱི་རྒྱལ་བོ་མེད་པས་རྒྱལ་བོས་བཀའ་མེད་པར་མ་ལོག་ཅེས་བཀའ་མ་ལོག་པ་རྣམས་གཞིས་ཆགས་པ་དང་དམག་དཔོན་ཆེན་པོས་རང་ས་ནས་ནང་སོ་ཞེས་ནང་གི་སོ་ལྟ་བ་བྱས་ནས་བསྡད་པའོ།། 
༤.བོད་སིལ་བུའི་དུས།
གངས་ཅན་རིག་མཛོད་དེབ་དང་བོའིརླངས་ཀྱི་པོ་ཏི་བསེ་རུ་ཆེ་དགེ་ཡིག་ཚངདང་མི་རྒྱུད་གྲོལ་ཐབས་ཀྱི་ཤོག་ངོས༣༡སྟེང་།   དཔའ་རབས་ཟུར་བ་ཞིག་ཞུས་ན། རླངས་གུ་རུམ་སེང་གེས་རྒྱལ་གྱི་རྒྱ་བོད་སྟངས་ཐབས་བྱུང་བའི་དུས་སུ་རྒྱ་ལ་དམག་དྲངས། རྒྱའི་ཆུ་མཁར་ཡང་ལེ་དེ་ཕབ། དེའི་དཔའ་རྟགས་སུ་རྒྱ་ནག་པོའི་ཁྲིམས་ནོར་དེ་ཁྱེར་བས། དེ་བས་ནག་པོ་རྒྱའི་འདུལ་དཔོན་བྱེད་མི་ཡང་ལྷ་རིགས་རླངས་ཡིན། ཡང་ཤོག་ངོས༣༢སྟེང་། རླངས་དོ་དེས་ལྷ་རུ་གཡུ་དགུང་པོ་དེ་མཆོད་ནས། ལྗང་ལ་དམག་བྱས། ལྗང་གི་ཐོག་མདའ་ནག་པོ་དེ་བཏོགས། ལྗང་མི་དུག་ཅན་གྱི་མིག་དེ་ཕྱུངས།    དེའི་དཔའ་རྟགས་སུ་ལྗང་གི་རལ་གྲི་ངོ་གྲོ་དེ་དང་། འོད་འབར་མ་དེ་ཐོབ་པས། དེ་བས་ནག་པོ་ལྗང་གི་འདུལ་དཔོན་ཡང་ལྷ་རིགས་རླངས་ཡིན། 
ཡང་ཤོག་ངོས༡༣༤《 ཏཱ་སི་བྱང་ཆུབ་རྒྱལ་ངོ་མཚན་གྱི་བཀའ་ཆེམས་མཐོང་བ་དོན་ལྡན》 ལས་བླ་མ་བདག་ཆེན་པའི་བཀའ་ཤོགགི་ནང་ན།  རིན་པོ་ཆེའི་འོག་ནས། མཁན་སློབ་ཀྱི་མགོ་བྱས་ཐམས་ཅད་ཀྱིས། རིན་པོ་ཆེ་དང་འདྲ་བར་ཁུར་གསུངས་པ་དང་། རྟེན་སོ་ལ་རྒྱལ་ཐང་། བྱེ་ཆུང་།  ས་མཐོན་ཚོང་འདུས་ཡངས་པ་ཅན། བཀྲ་ཤིས་ལྗོངས། རྩ་ཐོབ་འབག་དང་བཅས་པ། ཐེལ་ནས་སྤྱིལ་བོ་ནང་སྤྱད་དང་བཅས་པ། སྦྲ་ཁ་ཅིག་བྱིན་གསུང་བའི་བཀའ་ཤོག་དང་། ཡང་ཤོག་ངོས༡༤༠སྟེང་། ཀུན་གྱི་སྟོན་པ་ལ་མི་བརྙས་པར། ཚིག་ལ་ཉན་ཞིང་འཁུར་བར་ཡོད་པ་ཡིན་ནའང་། ཁོས་ཀྱང་རེ་བ་བཞིན་མ་བྱས། རྒྱལ་ཐང་དང་། ས་མཐོན། བྱེ་ཆུང་རྣམས་ཁོའི་བུན་གཏེར་བཟུང་ནས། ནང་སོར་སྲན་གྲོ་ནས་གསུམ་གྱི་བུན་བྲེའི་ཁ་བཞར་སྐྱི་བཞར་བྱས། དེའི་མཇུག་ཏུ་ཡང་འཕྱོས་ཡར་སྟོན་ལ་སོགས་ཀྱི་བོགས་ཡོང་སྒོ་རྣམས་མཁར་ཐོག་དང་། རྒྱལ་ཐང་ནས་ས་སར་དམིགས་ཐིམ་ནས། ནང་སོར་མ་སླེབ། ཅེས་ཐེངས་འགའ་ཤས་སུ་རྒྱལ་ཐང་ཅེས་པའི་མིང་འཁོད་འདུག་གོ། 
གླིང་རྗེ་གེ་སེར་རྒྱལ་བོའི་སྒྲུང་རྒྱ་གླིང་གཏམ་གྱི་ངོ་མཚར་ཕྲེང་བའི་ཤོག་ངོས༡༥༢སྟེང་། འཇང་ས་དམ་ལ་དུག་ཆུ་ཡིས་བཏུལ། འཇང་ཡུལ་དབང་དུ་བསྡུས་ཞེས་དང་། ཡང་ཤོག་ངོས༢༢༧སྟེང་། དེའི་ཕྱི་ཉིན་སེང་ཆེན་རིན་པོ་ཆེ་ནག་པོ་རྒྱ་ནས་བྱོན་པའི་ལོ་རྒྱུས་འཇང་གི་མི་རྣམས་ཀྱིས་གོ་སྟེ། འཇང་མི་བློན་པོ་ལྕགས་འཕྲུ་ཅན་བརྒྱ་ཙམ་གྱིས་བསུ་བ་དང་ཇ་འདྲེན་མཇལ་དར་སོགས་གྲངས་མེད་པ་ཕུལ་ཏེ་སེང་ཆེན་རིན་པོ་ཆེ་འཇང་ཡུལ་དུ་ལོ་གསུམ་བཞུགས་པར་ཞུས་ཡང་མ་གནང་སྟེ། ཞག་བདུན་བཞུགས་རིང་སྐྱབས་སྡོམ་དང་རྫོགས་ཆེན་གྱི་ཆོས་བཀའ་མང་དུ་གནང་སྟེ།     འཇང་སྲས་གཡུ་ཁྲི་ལ་ཁྱོད་ཀྱི་རྡོའི་རྟ་དེ་ང་ལ་བྱིན་གསུངས་པས།  རྡོ་རྟ་དེ་གེ་སར་ལ་ཕུལ། རྟ་དྲེལ་ཕོ་མོ་སུམ་བརྒྱ་ལ་གསེར་དངུལ་དར་ཕྲུག་འབྲས་དཀར་ཟང་ཟིང་གི་འབུལ་བ་དཔག་མེད་བྱས་ཏེ་ཡང་གླིང་ཕྱོགས་སུ་ཆིབས་བསྐྱོད།
མིང་རྒྱལ་རབས་སྐབས་སུ་འཇང་ས་ཐམ་རྒྱལ་བོས་བདག་གིར་བཟུང་སྟེ། འཇང་སྐད་དུ主地ndzi dyསྒྲ་བསྒྱུར中甸ནང་དོན་ནི་ཚོ་དཔོན་འདུག་ས་ཟེར།
སུང་ལྷོ་མ་སྤྱི་ལོ༡༢༥༣ལོར། ཧུ་པེ་ལེ་ནས་ཏཱ་ལིས་དཔུང་འཇུག་དང་། ཟླ་དགུ་བར་ཟུང་ཆུ今松潘ཟླ་བཅུ་བར་རྒྱལ་ཐང་དབང་དུ་བསྡུས།  ༡༢༧༡ལོར་ཡོན་རྒྱལ་རབས་གྱི་ཧུ་པེ་ལེ་ནས་བུའུ་ཏུའུ་མན兀都蛮མངགས་ཏེ་སོག་དམག་ནས་རྒྱལ་ཐང旦当སྲུང་འཛིན་བྱས། ༡༢༩༣ལོ་ཟླ་དྲུག་པར་རྒྱལ་ཐང་ཐུ་བྷོད་ཤོན་ཝོ་སིའི་མངའ་ཁོངས་སུ་བསྒྱུར་ཏེ་ས་གནས་དཔོན་པོ་གཉིས་བསྐོ་བཞག་བྱས།
སྤྱི་ལོ༡༤༨༣ནས༡༥༥༣བར་གྱི་ལོ་བདུན་ཅུའི་ནང་འཇང་ས་ཐམ་རྒྱལ་བོས་བོད་དུ་དཔུང་འཇུག་བྱས་ཏེ། ས་ཆ་འདི་དག་བདག་གིར་མཛད་ཅིང་། སྤྱི་ལོ༡༥༢༩ལོར་འཇང་རྒྱལ་བོས་ཡང་ཐང་དུ་རྫོང་མཁར་ཞིག་བརྩིགས། སྐབས་དེར་ཀརྨ་དུས་གསུམ་   མཁྱེན་པ་ཁམས་ཁུལ་དུ་ཕེབས་ནས་ཨུ་སུ་རྒྱ་ཆེར་སྤེལ་བ་ལ་བརྟེན་དཔལ་སྤུངས་དགོན་ཆེན་གསར་དུ་བསྐྲུན་པ་དང་། ཆོས་སྡེ་དེའི་ཆོས་འཆད་ཉན་རྒྱ་ཆེར་གནང་བའི་འཕྲིན་ལས་ཀྱི་འོད་སྣང་འབའ་ཐང་བརྒྱུད་དེ་རིམ་གྱིས་བདེ་ཆེན་ཕྱོགས་སུ་དར་བ་རེད། ཁུལ་འདིར་དར་ཆེ་བ་ནི་དྭགས་པོ་བཀའ་བརྒྱུད་ལས་ཀརྨ་ཀཾ་ཚང་གི་བརྒྱུད་པ་ཡིན་ལ། ཆོས་སྡེ་གཙོ་བོ་ནི་ཁྲམ་བུ་དགོན康普寺或寿国寺དང་། དམ་པ་དགོན达摩寺བསམ་འགྲུབ་དགོན云仙寺或桑主寺གཡང་རྐང禹功寺བཀྲ་ཤིས་ཆེས་འཕེལ་དགོན། སྔགས་འཕེལ་དགོན承恩寺སོགས་དུ་མ་ཡོད། ཀརྨ་པའི་སྤྲུལ་སྐུ་ཆེ་ཤོས་ཞྭ་ནག་པ་དང་ཞྭ་དམར་བ་ནས་བརྒྱུད་པའི་ཆོས་རྒྱུན་སོ་སོ་ཡུལ་འདིར་སྤེལ་མྱོང་ལ། ལྷག་པར་ཀརྨ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེ་འཇང་ས་དམ་རྒྱལ་བོས་གདན་ཞུས་ལྟར་འཇང་ཡུལ་དུ་ཕེབས་ཏེ། འཇང་སྡེ་ཆོས་ལ་འགོད་སྐབས་ས་དམ་རྒྱལ་བོས་སྟོབས་ཤུགས་རྒྱ་ཆེར་ཕུལ་ནས་ཀརྨ་པའི་ཆོས་ལུགས་སྤེལ་བ་དང་།  ཆོས་ལུགས་དེ་ལ་བརྟེན་ནས་རང་གི་མངའ་རིས་རྒྱ་བསྐྱེད་དང་བདེ་འཇགས་ཡོང་བའི་སྲིད་ཀྱི་དམིགས་པ་འཆང་། དེའི་དུས་བདེ་ཆེན་ཁུལ་དུ་ཡང་གྲུབ་མཐའ་འདི་འཛིན་པའི་ཆོས་སྡེ་བརྒྱ་ལས་མི་ཉུང་ཙམ་ཡོད། དེ་ནས་རིམ་བཞིན་བཀའ་བརྒྱུད་པའི་ཆོས་ལུགས་དར་ཁྱབ་བྱུང་ཞིང་།  ཀརྨ་སྐུ་ཕྲེང་དགུ་བ་དབང་ཕྱུག་རྡོ་རྗེ་དགུང་ལོ་བཞི་བཅུ་ལྷག་ཙམ་ལ་ཕེབས་སྐབས་སུ་འཇང་ས་དམ་རྒྱལ་བོ་བསོད་ནམས་རབ་བརྟན་གྱིས་གདན་ཞུས་དང་འབུལ་བ་རྒྱ་ཆེན་འབྱོར་བས།   ཞྭ་དམར་སྐུ་ཕྲེང་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་དང་ཀརྨ་ལྷུན་གྲུབ་རྣམ་གཉིས་རྗེ་ཉིད་ཀྱི་ཚབ་ཏུ་འཇང་ཡུལ་དུ་བཏང་། འཇང་སྡེ་རྣམས་དབང་ལུང་ཁྲིད་གསུམ་གྱིས་ཚིམ་པར་མཛད། ཀརྨ་ཞྭ་དམར་བའི་བསྐུལ་ངོར་འཇང་ས་དམ་རྒྱལ་བོས་སྦྱིན་བདག་ཞུས་ཏེ་ལི་ཐང་བཀའ་འགྱུར་དཔར་དུ་བསྐྲུན། དེའི་དཀར་ཆག་ཞྭ་དམར་བས་སྤྱི་ལོ༡༦༡༤ལོར་མཛད་པ་ནི། བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་འདྲེན་པ་ཇི་སྙེད་པའི་ཕྱི་མོ་པར་གྱི་ཚོགས་སུ་འཁོད་པའི་བྱུང་བ་གསལ་བར་བརྗོད་པ་ལེགས་བྱས་ཀྱི་རང་གཟུགས་ཀུན་ནས་སྣང་བ་ནོར་བུ་རིན་པོ་ཆེའི་མེ་ལོང་ཞེས་བྱ་བ་བཞུགས་སོ་ཞེས་པའོ།། འདི་ནི་བོད་དུ་རྒྱལ་བའི་བཀའ་འགྱུར་ཤིང་པར་དུ་འཁོད་པའི་ཐོག་མ་ཡིན་ནོ།།
༥.དགའ་ལྡན་སྲིད་གཞུང་གི་སྐབས།
སྤྱི་ལོ༡༦༣༩ལོར་སོག་པོའི་དམག་ཤུགས་ཁམས་ཕྱོགས་སུ་སླེབས་ནས་བེ་རི་རྒྱལ་བོ་བཅོམ་པ་དང་ས་དམ་རྒྱལ་བོའི་སྟོབས་ཤུགས་ལ་ཕམ་ཉེས་ཅུང་ཟད་ཤོར། སྤྱི་ལོ༡༦༤༧ལོར་འཇང་ཡུལ་ཞིང་བའི་ཡར་ལངས་བྱས་ཏེ་འདི་ཕྱོགས་ཀྱི་དམག་གི་སྟོབས་ཤུགས་ཕྱིར་བསྡུ་བྱས།
སྤྱི་ལོ༡༦༦༧ལོའི་ཟླ་བདུན་པར་སོག་དམག་གིས་རྒྱལ་ཐང་བཟུང་སྟེ་རྡོ་མཁར་རྫོང་བཙུགས། རྒྱལ་དབང་ལྔ་བ་ཆེན་པོས་རྫོང་དཔོན་བཀོད་མངགས་ཀྱིས་དཔྱ་ཁྲལ་བསྡུས། སྤྱི་ལོ༡༦༧༤ལོར་འཇང་རྒྱལ་བོའི་རྒྱབ་སྐྱོར་འོག་རྒྱལ་ཐང་འཇང་དགོན་པ་གཙོ་བྱས་ཀྱི་ཀརྨ་བཀའ་བརྒྱུད་པ་དང་བོན་པོའི་བླ་གྲྭ་ཐམས་ཅད་ཀྱིས་སོག་དམག་ལ་ངོ་རྒོལ་དང་དགེ་ལུགས་པའི་ཕྱོགས་ལ་དོགས་ཟོན་བྱས་པ། རྒྱལ་དབང་ལྔ་བ་ཆེན་མོས་བཀྲ་ཤིས་པ་ཐུར་ཐའེ་རྗེ་དང་ཕྱག་ མཛོད་ནོར་བུ་རྒྱལ་ཐང་ཕྱོགས་སུ་མངགས་པ།  མུ་ལི་རྒྱལ་བོ་བསམ་གཏན་ནོར་བུའི་རོགས་སྐྱོར་ལ་བསྟེན་ཟིང་འཁྲུག་ཞི་འཇམ་དུ་བཏང་ཏེ་འཇང་རྒྱལ་བོའི་སྟོབས་ཤུགས་རྩ་རྫོགས་བྱས། དེ་ནས་བཟུང་དགའ་ལྡན་སྲིད་གཞུང་ནས་བདག་གིར་མཛད་དེ། སྤྱི་ཁྱབ་རྒྱ་མ་ཁང་གསར་བ་དང་། ཞི་བའི་དཔོན་ལ་རྩ་སྡེ་བ། དྲག་པོའི་དཔོན་པོ་ནང་སོ་སྡེ་བ་བཅས་བསྐོས་རྫོང་གནང་བ་ནས་བཟུང་ཡུལ་འདིར་སྡེ་བ་ཤར་ནུབ་གཉིས་ཞེས་མི་རབས་བརྒྱུད་འཛིན་གྱི་དཔོན་བརྒྱུད་དེང་སང་གི་བར་དུ་ཟམ་མ་ཆད་པར་ཡོད་མུས་དང་། དེ་འོག་རྫོང་འགོ་སོ་སོའི་ནང་དུ་སྒེར་གྱི་ཁྲིམས་འདོམས་དང་ཁྲལ་བསྡུ་སོགས་བྱེད་པོ་རྗོང་དཔོན་ལྔ་ཡང་མི་རབས་བརྒྱུད་འཛིན་དང་དཔོན་བརྒྱུད་རྒྱལ་ཁབ་གསར་བའི་བར་ཡོད། དེ་འོག་དམག་གི་འགོ་འདོམས་དང་མི་སེར་གྱི་བདེ་སྡུག་ཞིབ་འཇུག་ཐོག་འཚོ་སྐྱོང་བྱེད་པོ་ལྡིང་དཔོན་བཅུ་བདུན། དེ་འོག་ཡུལ་སོ་སོའི་འགོ་བ་དང་འབིལ་སིལ་ཟེར་བ་སོགས་མང་དག་ཅིག་ཡོང་ཁོངས་ནས་རེ་ཟུང་མི་རབས་བརྒྱུད་འཛིན་ལྟ་བུ་ཡོད་སྐད་ལས་བྱིངས་རྣམས་ཡུལ་དེའི་མི་དམངས་རྣམས་ཀྱིས་མང་མོས་ཐོག་རེས་མོས་ཀྱིས་བསྐོ་གཞག་བྱ་སྲོལ་ཡོད། ཡུལ་གྱི་ནང་དུ་ཁྲལ་རིགས་གསར་བཟོ་དང་ཁྲིམས་ལུགས་བསྒྱུར་བཅོས། དངུལ་གྱི་འགྲོ་རྒྱུག་དང་ཛཱར་ཐང་གཏན་འབེབས་སོགས་དོན་གནད་ཆེ་བའི་རིགས་ཡུལ་ནང་དབང་ཚད་མཐོ་ཤོས་མཆོད་ཡོན་ལྷན་རྒྱས་ཀྱི་ཚོགས་ཆེན་ཐོག་ནས་ཐག་གཅོད་གཏན་འབེབས་གནང་དགོས་ཤིང་། དོན་གནད་ཆུང་བའི་གྲས་རྫོང་ཁག་སོ་སོའི་རྫོང་དཔོན་སོགས་ཀྱིས་ཐག་བཅད་ཆོག་པ་རེད།   མཆོད་ཡོན་ལྷན་རྒྱས་ཞུ་བ་ནི། ཡུལ་སྡེ་སྤྱིའི་དཔོན་པོ་སྡེ་བ་ཤར་ནུབ་གཉིས་དང་། རྗོང་དཔོན་རྣམ་པ་ལྔ། ལྡིང་དཔོན་བཅུ་བདུན་གྱི་ནང་ནས་ཉེ་འཁོར་དུ་ཡོད་པའི་གྲས། དགོན་སྡེའི་ཁོངས་ནས་མཁན་རིན་པོ་ཆེའི་སྐུ་ཚབ་བླ་བྲང་ཕྱག་མཛོད་དང་། དགོན་པའི་རྒྱུན་ལས་ཚོགས་མི་ཁམས་ཚན་བརྒྱད་ཀྱི་སྤྱི་མཐུས་རྣམ་པ་བརྒྱད། དགོན་པའི་ལས་དྲུང་ཆེན་མོ། སྤྱི་སོ་རྒྱབ་ཤག་གི་སྡེ་བ་ལས་ཐོག་པ་གསུམ་བཅས་ཚོགས་ཞུགས་ཡོད་པའི་ཚོགས་ཆེན་ལྷན་ཚོགས་དེ་ལ་མཆོད་ཡོན་ལྷན་རྒྱས་ཞུ་བ་རེད། མཆོད་ཡོན་ལྷན་འཛོམས་དེ་ལོ་ལྟར་འཆར་ཅན་ཐེངས་གཉིས་རེ་ངེས་པར་ཚུགས་དགོས་ཤིང་། ཛ་དྲག་ཅན་གྱི་ཕྱག་ལས་བྱུང་ན་སྐབས་བསྟུན་ལྷན་འཛོམས་འཕར་མ་འཕྲལ་འཕྲལ་ཚུགས་སྲོལ་ཡོད། དགོན་སྡེའི་མི་སེར་ལྷ་སྡེའི་གྲས་དང་སེར་མོ་བ་རྣམས་ཀྱི་དོན་གནད་ཆེ་ཕྲ་གང་ཡོད་དགོན་པའི་རྒྱུན་ལས་ཚོགས་འདུ་ཆེན་མོས་ཐག་གཅོད་གནང་བ་མ་གཏོགས་གཞན་སུ་ལའང་ལྟོས་དགོས་པ་མེད། དགོན་པའི་རྒྱུན་ལས་ཚོགས་འདུ་ཆེན་མོ་དེར་མཁན་རིན་པོ་ཆེའི་སྐུ་ཚབ་བླ་བྲང་ཕྱག་མཛོད་དང་། ཁམས་ཚན་བརྒྱད་ཀྱི་སྤྱི་འཐུས་རྣམ་པ་བརྒྱད། ཁམས་ཚན་རྒན་བརྒྱད། དགོན་པའི་ལས་དྲུང་ཆེན་མོ་བཅས་ཚོགས་ཞུགས་གནང་བ་རེད། ཚོགས་འདུ་ལྷན་རྒྱས་དེ་ལ་མཁན་གྲྭ་ལྷན་རྒྱས་ཞེས་ཞུ་བ་རེད། ལས་དོན་ཛ་དྲག་ཆེ་བའི་སྐབས་འགར་སྤྱི་སོ་རྒྱབ་ཤག་གི་སྡེ་བ་ལས་ཐོག་རྣམ་པ་ཡང་མཁན་གྲྭ་ལྷན་ཚོགས་སུ་ཚོགས་ཞུགས་གནང་བའི་སྲོལ་བཅས་ཡོད། 
དགོན་སྡེའི་དབུ་ལས་ཁག་གི་འགྲོ་ཁོངས་རོབ་ཙམ་འགོད་ན། དབུ་བཞུགས་མཁན་རིན་པོ་ཆེ་ནི་གདན་ས་ཁག་ནས་གསར་དུ་ཕེབས་པའི་དགེ་བཤེས་རྣམས་ཀྱིས་གསར་ཁྲལ་ལྟ་བུ་སྨོན་ལམ་ཆེན་མོའི་སྐབས་སུ་དམ་བཅའ་འཇོག་རྒྱུ་དང་། ཚོགས་གཞུང་དུ་རྡོར་སློབ་ལོ་རེ་ངེས་པར་གནང་དགོས་ཤིང་། དེ་གནང་གྲུབ་པའི་རྗེས་སུ་མཁན་པོའི་འོས་ཤིག་ལ་ཕེབས་ཐུབ། མཁན་པོ་གསར་རྙིང་བརྗེ་ཉེར་ཁང་ཚན་བརྒྱད་སོ་སོ་ནས་མཁན་པོར་འོས་ཤོག་གསུམ་རེ་དགོན་པའི་རྒྱུན་ལས་ལྷན་ཚོགས་ལ་འབུལ་རྒྱུ་དང་། རྒྱུན་ལས་ལྷན་ཚོགས་ཀྱིས་འོས་གྲངས་མང་བ་གསུམ་འདེམ་སྒྲུག་བགྱིས་ཏེ།      དགོན་སྡེའི་ཐུན་མོང་མ་ཡིན་པའི་བཀའ་སྲུང་བསེ་ཁྲབ་པའི་སྤྱན་སྔར་ཟན་བརྟགས་བསྒྲིལ་ནས་དང་བོར་ཕེབས་ཐོན་བྱུང་བར་མཁན་པོ་གསར་བ་བསྐོ་བཞག་ཞུ་རྒྱུ་དང་། དེ་འོག་བླ་བྲང་ཕྱག་མཛོད་དང། དབུ་ཆོས་གསུམ། ཁམས་ཚན་རྒན་བརྒྱད། ཁམས་ཚན་བརྒྱད་ཀྱི་སྤྱི་འཐུས་བརྒྱད། དགོན་པའི་ལས་དྲུང་། ཚོགས་ཆེན་ཇ་མ་གཉིས། དུང་བ་གཉིས་བཅས་མཁན་རིན་པོ་ཆེ་ནས་བསྐོ་བཞག་གནང་བའི་ལམ་སྲོལ་དང་། སྤྱི་སོ་དང་རྒྱབ་ཤག་གི་སྡེ་བ་རྣམས་ཀྱང་འོས་ཤོག་བསྡུས་ཐོག་ཟན་བརྟགས་བསྒྲིལ་ཏེ་བསྐོ་བཞག་བྱ་སྲོལ་དང་། དེ་འོག་གཉེར་བ་ཚོ་དང་ཞབས་གྲས་བྱིངས་རྣམས་སྡེ་བ་སོ་སོས་འདེམ་བསྐོ་གནང་རྒྱུ། དེ་མིན་པའི་དགོན་པའི་ལས་བྱེད་ཁག་རྒྱུན་ལས་ལྷན་ཚོགས་སོགས་ཀྱིས་བསྐོ་བཞག་བྱ་སྲོལ་ཡོད།
སྤྱི་ལོ༡༧༢༣ལོར། ཆིང་ཡུང་ཀྲི་རྒྱལ་བོའི་སྐབས་སུ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་ཚ་བུ་བློ་བཟང་བསྟན་འཛིན་གྱིས་མཚོ་སྔོན་ནས་ཆིང་རྒྱལ་ལ་ངོ་རྒོལ་བྱས་པའི་ནང་འདི་ཕྱོགས་ཡང་ཚུད་པ་ཟི་ཁྲིན་དམག་སྤྱི་ཉན་གུན་ཡའོ年羹尧ཡིན། ནན་དམག་ཧའོ་ཡུས་ལིན郝玉麟ནས་རྒྱབ་སྐྱོར་གྱིས་ཕམ་པར་བཏང་བ་སྡེ་བ་གཉིས་དང་བླ་གྲྭ་ནས་མགོ་བཏགས་བྱས། བོད་དུ་ལྷ་བཟང་ཧན་འདས་གྲོངས་བྱུང་བ་དང་། བསྟན་འཛིན་ཆོས་རྒྱལ་གྱི་ཚ་བོའི་ངོ་ལོག་རྐྱེན་བྱས་ཁམས་ཕྱོགས་ལ་བདག་པོ་མེད་པ་ལྟ་བུར་གྱུར་བས། ཡུང་ཀྲི་རྒྱལ་བོས་ས་འདི་ཡུན་ནན་ཕྱོགས་གཏོགས་སུ་བཅུག  སྤྱི་ལོ་༡༧༢༥ལོའི་ཟླ་ལྔ་བར་རྫོང་དཔོན་གཅིག་དང་ལག་གཡོག་པ་གཉིས་མངགས། སྤྱི་ལོ༡༧༢༧ལོའི་ཟླ་བཞི་བར་རྒྱལ་ཐང་དུ་དཔོན་པོ་གཅིག་འཕར་མ་དང་བཅས་ཧོ་ཆེན鹤庆府གྱི་མངའ་ཁོངས་སུ་བཅུག་པ་ལས་སྔ་སོར་གྱི་ལོ་ལུགས་ཚང་མ་མིང་ཙམ་ལས་བསྒྱུར་བཀོད་བཏང་མ་སོང་། 
སྤྱི་ལོ༡༧༥༦ལོར་ཆན་ལུང་རྒྱལ་བོས་རྒྱལ་ཐང་ཐིན་དུ་བཏང་ནས་ལི་ཅང་མངའ་ཁོངས་སུ་བཅུག
སྤྱི་ལོ༡༩༡༣ལོའི་ཟླ་ལྔ་བར་ཀྲུང་ཧྭ་མིན་གོས་རྒྱལ་ཐང་རྫོང་དུ་བསྒྱུར་ཅིང་། སྔ་སོར་གྱི་ལམ་ལུགས་དེ་ལྟར་བཞག སྤྱི་ལོ༡༩༣༦ཟླ༤ཚེར༢༩ཉིན། དམག་སྤྱི་ཧུ་ལུང་གིས་སྣེ་ཁྲིད་པའི་དམར་དམག་ཁྲི་གཅིག་དང་སྟོང་ཕྲག་བརྒྱད་རྒྱལ་ཐང་དུ་ཐོན། ཟླ་ལྔ་བའི་ཚེར་གཉིས་ཉིན། ཧུ་ལུང་ནས་སྐྱ་དམག་བཞི་བཅུ་ལྷག་ཁྲིད་ནས་རྒྱལ་ཐང་དགའ་ལྡན་སུམ་རྩེན་གླིང་དུ་བལྟ་གཟིགས་སུ་ཕེབས་ཏེ། བྷོད་རིགས་དར་རྒྱས་ཞེས་པའི་གོས་དར་དང་མེ་ཏོག་འཇོག་བྱེད་ཀྱི་ཤེལ་དམ་ཆ་གཅིག་དགོན་པར་ཕུལ།
༦.རྒྱལ་ཁབ་གསར་བའི་སྐབས།
སྤྱི་ལོ༡༩༥༠ལོའི་ཟླ༥བའི་ཚེས༡༠ཉིན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཧྲི་བཞི་ཅུ་ཞེ་གཉིས་པའི་ཐོན༡༢༦རྒྱལ་ཐང་རྫོང་དུ་བབས། ཚེས༡༢ཉིན། རྒྱལ་ཐང་རྫོང་མི་དམངས་སྲིད་གཞུང་བཙུགས། ༡༩༥༧ལོའི་ཟླ༩བའི་ཚེས༡༣ཉིན། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས་ཏེ་ལི་ཅང་ཀྲོན་ཆས་ཀྱིས་བདག་མཛད། རྒྱལ་ཐང་དགའ་ལྡན་སུམ་རྩེན་གླིང་དགོན་པའི་དགོན་བདག༧སྐྱབས་རྗེ་ཟངས་འབུམ་རིན་པོ་ཆེ་ནས་བདེ་བ་ཆེན་པོའི་གནས་ཞེས་ཐུགས་སྨོན་གྱིས་བདེ་ཆེན་ཁུལ་ཞེས་མིང་འདོགས་མཛད། སྤྱི་ལོ༡༩༦༨རིག་གནས་གསར་བརྗེ་ཆེན་པོའི་ནང་རྒྱལ་ཐང་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས། སྤྱི་ལོ༡༩༧༣ལོར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སླར་གསོ་དང་རྒྱལ་ཐང་བདེ་ཆེན་ཁུལ་གྱི་ཁོངས་གཏོགས་སུ་བཅུག སྤྱི་ལོ༢༠༠༢ཟླ༥བའི་ཚེས༥ཉིན། རྒྱལ་ཐང་རྫོང་དེ་སེམས་ཀྱི་ཉི་ཟླའི་རྫོང香格里拉ཞེས་མིང་བསྒྱུར་མཛད་དོ།།

0 comments:

ཟིན་བྲིས་འཚོལ་ཡུལ