དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 29 March 2014
ཨ་མའི་དུས་ཆེན་ལ་ཕུལ་བ་བཙུན་མོའི་མགུལ་རྒྱན་མེ་ཏོག་ཕྲེང་མཛེས།
ན་མོ་གུ་རུ་ཨརྱ་ཏྰ་ར་ཡེ།།
ཨ་མ་དྲིན་ཆེན་མ་ལ་ཕྱག་འཚལ་ལོ།།
ཨི་ཨུ་ཨེ་ཨོའི་དབྱངས་ཀྱི་ང་རོ་དང་།།
ཧ་ནས་ཀ་བར་གསལ་བྱེད་མིང་དོན་སོགས།།
ས་མཚམས་སྟོན་པའི་རང་བཞིན་སློབ་དཔོན་རྒྱལ།།
ཤ་ཁྲག་ལུས་རྟེན་གནང་བའི་དྲིན་ཆེན་མ།།
ལྭ་བ་གོས་བཟང་བྱིན་པའི་དྲིན་ཆེན་མ།།
ར་རོ་གསོན་པོར་སྐྱོང་བའི་དྲིན་ཆེན་མ།།
ཡ་རབ་དྲིན་ཆེན་མ་རྣམས་གཙུག་ན་རྒྱལ།།
འ་ཅག་ཉམ་ཆུང་དུད་འགྲོ་འདྲ་བ་ལ།།
ཟས་མལ་ལོངས་སྤྱོད་སྟེར་བའི་དྲིན་ཆེན་མ།།
ཞ་ལོང་ལྐུག་པ་བསམ་མེད་ལྟ་བུ་ལ།།
ཝ་ལེར་གདམས་ངག་བསྩལ་བའི་བཀའ་དྲིན་ཅན།།
ཛ་ཡའི་ཆོས་དད་དགེ་སྒྲུབ་བྱིན་རླབས་དང་།།
ཚ་གྲང་གཡུལ་ལས་སྐྱོབ་པའི་དྲིན་ཆེན་མ།།
ཙ་ར་བདག་སྐྱོང་བཀའ་དྲིན་མཚུངས་མེད་མ།།
མ་ལུས་བུ་ལ་བཅོལ་བའི་ཕྲིན་ལས་རྒྱལ།།
བ་གླང་ཕྱུགས་ཀྱི་གྲལ་དུ་མ་བཞག་པར།།
ཕ་རོལ་གཞན་ལས་ལྷག་པའི་རྣམ་དཔྱོད་བསྐྲུན།།
པ་སངས་ལྟར་དཀར་ལྷག་བསམ་ཟླ་མེད་མ།།
ན་མོ་གུས་པའི་བླ་མ་དང་པོ་ལགས།།
ད་འདས་མ་འོངས་བྱམས་པའི་ཨ་མ་དང་།།
ཐ་དག་རང་ལས་གཅེས་པའི་ཨ་མ་ཉིད།།
ཏྰ་ར་འཕགས་མའི་རྣམ་སྤྲུལ་ལྟ་བུ་ཡི།།
ཉ་ཉོག་བརྩེ་ལྡན་ཨ་མའི་ཚོགས་ཀུན་རྒྱལ།།
ཇ་ཆང་ཟས་གོས་ཕུད་ཀྱིས་ལེགས་པར་མཆོད།།
ཆ་ལུགས་རང་ལས་ལྷག་གི་རྒྱན་གོས་གསོལ།།
ཅ་ཅོའི་གཏམ་ཙམ་མིན་པར་སྙིང་ནས་བྱམས།།
ང་ཡིས་མཚན་ལྡན་ཨ་མའི་རིགས་ལ་བསྟོད།།
ག་དུས་ཡིན་ཡང་དྲིན་ཆེན་མ་ལ་དྲན།།
ཁ་ཙམ་མིན་པར་གསང་གསུམ་གུས་འདུད་བཅས།།
ཀ་དག་སྤྲོས་བྲལ་ཨ་མའི་འོད་གསལ་ངང་།།
ཧ་ཅང་ངེས་པའི་གཏམ་ཞིག་དེ་སྐད་ཐལ།།
ཨ་མ་ངོ་ཤེས་དྲིན་དྲན་དྲིན་ལན་འཇལ།།
ཡིད་འོང་བྱམས་པ་བརྩེ་བའི་སྙིང་རྗེ་དང་།།
ལྷག་བསམ་རྣམ་དག་བྱང་ཆུབ་སེམས་མཆོག་གིས།།
མ་རྒན་འགྲོ་ཀུན་འདྲེན་ནུས་སྨོན་འཇུག་བརྩོན།།
ཞེས་རབ་རྒྱན་ཤིང་པོ་རྟ་ལོའི་ཆོ་འཕྲུལ་ཟླ་བའི་དབང་ཚེས་སམ་རྒྱལ་སྤྱིའི་མ་ལོའི་དུས་ཆེན་སྐབས་སུ་མཁའ་འགྲོ་རྗེ་བཙུན་སྒྲོན་དཀར་གྱིས་གསུང་སྐུལ་ལྟར་དབྱིན་ཡུལ་ཀུན་བཟང་ཆོས་གླིང་གི་དགའ་ཚལ་ཤིང་ནགས་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པའི་རང་བྱུང་གི་སྐྱེད་ཚལ་དང་ཡིད་འོང་ནུབ་ཕྱོགས་རྒྱ་མཚོའི་ཁ་ནས་དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་བདེ་སྨོན་བཅས་ཤྲྰིས་བགྱིས་པར་དགེའོ།། །།
Subscribe to:
Post Comments (Atom)
0 comments:
Post a Comment