དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 29 March 2014
གླིང་རྗེ་གེ་སར་རྒྱལ་བོ་ནི་བོད་ཀྱི་སྤྱི་ཚོགས་སྟེང་དངོས་སུ་བྱུང་བའི་
རླབས་ཆེན་གྱི་མི་སྣ་ཞིག་ཡིན་པར་དཔྱད་པ།
༄༅།།གླིང་སེང་ཆེན་ནོར་བུ་དགྲ་འདུལ་འཛམ་གླིང་གེ་སར་རྒྱལ་བོ་ཞེས་གྲགས་པ་གང་ཉིད་ལོ་རྒྱུས་སྟེང་དངོས་སུ་མདོ་ཁམས་སྐྱིད་སོས་ཡག་གི་ཁ་མདོ་རུ་སྐུ་འཁྲུངས་ཏེ་རྨ་སྟོད་ཕྱོགས་ནས་གཉོམ་ལག་རྒྱས། བོད་ཁ་འཐོར་དུ་སོང་བའི་སྐབས་སུ་ཕྱོགས་ཀྱི་རྒྱལ་བོ་དག་གིས་བོད་ཀྱི་རྒྱལ་སྲིད་ཉམས་ནས་གཅིག་གྱུར་མེད་པ་ཤེས་ཏེ་བོད་ལ་བརྙས་གཙེ་དང་བཙན་གནོད་བྱེད་པ་ཡིན་ལ། གླིང་གེ་སར་གྱིས་གནས་ཚུལ་དེ་མཐོང་ནས་བློ་རྣོ་ཞིང་དཔའ་སེམས་མཁའ་ལ་འཕྱུར་བའི་གླིང་གི་དཔའ་རྟུལ་སུམ་ཅུ་མཐུན་པའི་གྲོགས་སུ་བཀུག་ནས། རྣམ་པར་རྒྱལ་བའི་གཡུལ་ལས་ཤ་སྟག་བྱས་ཏེབཙན་གནོན་བྱེད་པའི་ཕྱིའི་རྒྱལ་ཁབ་ཀྱི་རྫོང་ཆེན་བཅོ་བརྒྱད་སོགས་བཅོམ་པ་དང་། བོད་ནང་གི་མི་སེར་གྱི་བདེ་འཇགས་གཏོར་བཤིག་བྱེད་པའི་ཇག་དཔོན་སྟོབས་ལྡན་བདུད་རྒྱལ་ཟེར་བ་སོགས་བཅོམ་ནས་བོད་འབངས་བདེ་ལ་བཀོད་པས། ཕྱི་རབས་པས་ཁོང་གི་བཀའ་དྲིན་རྗེས་དྲན་གྱི་རྟེན་བཞེངས་དང་དུས་མཆོད་བཙུགས་པ་བགྲང་གིས་མི་ལང་བ་ལས་འདིར་འཁྲུངས་ཡུལ་སྡེ་དགེ་རྫོགས་ཆེན་དགོན་པས་བོད་ཟླ་དང་བོའི་ཚེས་ཉེར་བདུན་ནས་སུམ་ཅུའི་བར་ཉིན་བཞིའི་རིང་གླིང་རྗེ་གེ་སར་རྒྱལ་བོའི་འཆམ་འཁྲབ་བཞིན་ཡོད་པ་ད་བར་དུ་མི་ལོ་བརྒྱ་ཙམ་གྱི་ལོ་རྒྱུས་ཡོད། དེ་ཡང་རྫོགས་ཆེན་སྐུ་ཕྲེང་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་རྨི་ལམ་དུ་གླིང་གེ་སར་དཔའ་རྟུལ་སུམ་ཅུ་དང་བཅས་པ་རྨིས་པས། ཕྱི་ཉིན་ལྷ་བཟོ་ལ་འབག་བཟོ་རུ་བཅུག དེ་ནས་བཟུང་གླིང་རྗེ་གེ་སར་དཔའ་རྟུལ་སུམ་ཅུ་དང་བཅས་པ་འཆམ་པའི་དུས་ཆེན་གྱི་སྲོལ་བཏོད། 
གེ་སར་རྒྱལ་བོའི་རིགས་རུས་དང་འཁྲུངས་ཡུལ་བཤད་པ། 
གླིང་རྗེ་གེ་སར་རྒྱལ་བོའི་རིགས་རུས་ནི་བོད་མིའུ་ལྡོང་དྲུག་གི་ནང་ཚན་སྨུག་པོ་ལྡོང་གི་རིགས་རྒྱུད་ཡིན་པ་དང་། སྨུག་པོ་ལྡོང་གི་རྒྱུད་ལ། ཡང་སེ་རྒྱལ་བོ་དང་། དེ་ནས་ཡེ་སྨོན་རྒྱལ་བོ། དེ་ནས་ར་ཁྲ་རྒན་པོ་བྱུང་བ་དང་། དེ་ལ་བུ་གསུམ་བྱུང་བ་ལས། ཆེ་བ་ར་ཁྲ་བཙན་ལ་བུ་གསུམ་བྱུང་བའི་ཆེ་བ་ཆོས་ལི་འཕན། འབྲིང་བ་བླ་མ་འཕན། ཆུང་བ་ཆོས་འཕན་ནག་པོ་ཡིན་པ་དང་། དེ་ནས་བཟུང་བུ་སྐྱེས་པ་ཐམས་ཅད་སྟག་ཤར་དཔའ་བོ་ཤ་སྟག་ཡིན། ལྡོང་ཆོས་འཕན་ནག་པོའམ་ཆོས་འཕན་ནག་པོ་ལ་བཙུན་མོ་གསུམ་ཡོད་དེ། གཟེར་བཟའ་དང་ལམ་བཟའ། སྤྱང་བཟའ་གསུམ་ཡིན་པ་དང་། གཟེར་བཟའ་ལ་བུ་ལྷ་ཡག་དར་དཀར་འཁྲུངས་པ་དང་། དེ་ནི་བུ་ཆེ་བ་ཡིན། ལམ་བཟའ་ལ་བུ་ལམ་བུ་ཁྲི་སྤྱང་དཔའ་རྒྱལ་འཁྲུངས་པ་དང་། དེ་ནི་བུ་འབྲིང་བ་ཡིན། སྤྱང་བཟའ་ལ་བུ་དགྲ་རྒྱལ་འབུམ་མེ་འཁྲུངས་པ་དང་། དེ་ནི་བུ་ཆུང་བ་ཡིན། དེ་ལྟར་ལྡོང་ཆོས་འཕེལ་ནག་པོ་ལ་མ་མི་གཅིག་པའི་བུ་གསུམ་བྱུང་བ་དང་། དེ་གསུམ་གྱི་རྒྱུད་པ་ལས་སྟོད་གླིང་གསེར་བ་ཆེ་བརྒྱད་དང་། བར་གླིང་འོམ་བུ་ཚོ་དྲུག སྨད་གླིང་མུ་སྤྱང་སྡེ་བཞི་སྟེ་གླིང་ཆེ་འབྲིང་ཆུང་གསུམ་གྱི་རྒྱུད་པ་བྱུང་བ་དང་། དེ་ནས་མི་རྒྱུད་མང་དུ་འཕེལ་ནས་སྡེ་ཤོག་ཆེ་ཞིང་བཙན་ཕྱུག་འཛོམས་པས་སྙན་གྲགས་ཤིན་ཏུ་ནས་ཆེ་བ་ཞིག་བྱུང་། དེ་ཡང་ལྡོང་ཆོས་འཕེལ་ནག་པོའི་བུ་ཆེ་བ་ལྷ་ཡག་དར་དཀར་ལས་མཆེད་པ་ནི། མི་ཆེན་རྒྱལ་བ་ལྷུན་གྲུབ་དང་། སྟག་རོང་ཨ་ནུ་གཟིག་འཕེན། ཡ་ཐེའི་སྐྱེས་མཆོག་ཐར་བ་སོགས་གླིང་ཆེ་རྒྱུད་ཕྱོགས་ཀྱི་གདུང་རྒྱུད་རྣམས་ཡིན་པ་དང་། བུ་འབྲིང་བ་ཁྲི་སྤྱང་དཔའ་རྒྱལ་ལས་མཆེད་པ་ནི། བརྒྱ་དཔོན་གསེར་གྱི་ཨ་རྒྱས་དང་། སྟོང་དཔོན་བྲ་ཚིས་ཤེལ་ལྕགས། གསེར་བུའི་ཉི་འབུམ་དར་ལུ་སོགས་གླིང་འབྲིང་རྒྱུད་ཕྱོགས་ཀྱི་གདུང་རྒྱུད་རྣམས་ཡིན་པ་དང་། བུ་ཆུང་བ་དགྲ་རྒྱུད་འབུམ་མེ་ཡི་སྲས་ཐོགས་ལྷ་འབུམ་ཡིན་པ་དང་། དེའི་སྲས་ཆོས་ལ་འབུམ། ཆོས་ལ་འབུམ་ལ་རོང་བཟའ་དང་། སྒ་བཟའ། རྨུ་བཟའ་གསུམ་བཙུན་མོར་བླངས་ཤིང་། རོང་བཟའ་ལ་སྲས་སྤྱི་དཔོན་རོང་ཚ་ཁྲ་རྒན་དུ་གྲགས་པ་འཁྲུངས། མིང་དངོས་ལ་ཁྲོ་བོ་སྐྱབས་ཟེར། རྨུ་བཟའ་ལ་བུ་སྟག་ལྷ་ཞེས་པ་འཁྲུངས་པ་དང་། དེ་ཡི་བུ་སེང་བློན་ཡིན། སྤྱི་དཔོན་རོང་ཚ་ཁྲ་རྒན་ལ་བོད་བཟའ་མེ་ཏོག་མཚོ་བག་མར་བླངས་ནས། སྲས་ཆེ་བ་གཡུ་ཕན་སྟག་རྒྱལ་དང་། འབྲིང་བ་གླེན་པ་ཆོས་རྒྱལ། ཆུང་བ་སྣང་ངུ་གཡུལ་སྟག སྲས་མོ་ལྷ་མོ་གཡུ་སྒྲོན་བཅས་སྲས་དང་སྲས་མོ་བཞི་འཁྲུངས་་རེད། སེང་བློན་གྱིས་རྒྱ་བཟའ་འགག་བཟའ་རོང་བཟའ་གསུམ་ཁབ་ཏུ་བཞེས་ནས། རྒྱ་བཟའ་ལྷ་དཀར་སྒྲོན་མ་ལ་རྒྱ་ཚ་ཞལ་དཀར་དང་། འགག་བཟའ་ལ་གེ་སར་རྒྱལ་བོ། རོང་བཟའ་ལ་གེ་འཕེན་དམར་ལེབ་འཁྲུངས་པ་རེད། རྒྱ་ཚ་བ་ལ་བུ་དགྲ་ལྷ་རྩེ་བརྒྱད་དང་། རོང་ཚ་ལ་དཔའ་དགོད་འབུམ་ལུ་འཁྲུངས་པ་དང་། གེ་སར་རྒྱལ་བོ་ལ་སྲས་མེད། འཛམ་གླིང་གེ་སར་རྒྱལ་བོ་གླིང་དུ་འཁྲུངས་པ་ནས་བཟུང་རིམ་གྱིས་གླིང་གི་མངའ་ཁོངས་རྒྱ་བསྐྱེད་པ་དང་། གླིང་སྡེ་ཐམས་ཅད་ཇེ་ཆེ་ནས་ཇེ་ཆེར་དར་ཞིང་རྒྱས་པ་རེད།
གླིང་རྗེ་གེ་སར་རྒྱལ་བོའི་འཁྲུངས་ཡུལ་ཐད་བཞེད་པ་མི་མཐུན་པ་མང་མོད། གྲགས་ཆེ་བ་ནི་གླིང་རྗེ་གེ་སར་རྒྱལ་བོའི་འཁྲུངས་ཡུལ་མགོ་ལོག་ཡིན་ཟེར་བ་དང་། སྡེ་དགེ་ཡིན་ཟེར་བའི་བཞེད་ཚུལ་གཉིས་ཡོད་པ་ད་ལྟའི་གླིང་སྒྲུང་ཞིབ་འཇུག་པ་ཚོས་རྩོད་གླེང་བྱེད་བཞིན་ཡོད་པ་རེད། གང་ལྟར་ཡང་གླིང་རྗེ་གེ་སར་རྒྱལ་བོ་མདོ་སྨད་དང་ཁམས་ཕྱོགས་གཉིས་ཀྱི་གཅིག་ནས་འཁྲུངས་པ་ཡིན་པར་ཁ་ཚོན་བཅད་ནས་བཤད་ཀྱང་མི་ཆོག་པ་མེད་དེ། རྒྱུ་མཚན་ནི། འཁྲུངས་གླིང་མེ་ཏོག་ར་བལས། འཛམ་གླིང་ས་ཡི་ལྟེ་བ།། མདོ་ཁམས་གླིང་ཁྲི་བར་མ།། རྨ་ཡུལ་གཡང་གི་རྭ་བ།། ཞེས་དང་། རི་ནུབལས། ཤེལ་གྱི་ཉི་མ་རང་ཤར།། རྨ་ཡུལ་མཐོང་བ་ཀུན་གྲོལ་ནས།། ཞེས་དང་། ལྷ་གླིང་གབ་ཙེ་དགུ་སྐོརལས། མདོ་ཁམས་ས་ཡི་ཐིག་ལེ།། སྐྱིད་སའི་ཉི་མ་རང་ཤར།། བར་གླིང་དམུ་བའི་ས་མཚམས་ནས།། ཞེས་དང་། མུ་ཏིག་ཕྲེང་མཛེསལས། ད་ལྟ་མདོ་ཁམས་གླིང་ཡུལ་ན།། ཆོས་ཀྱི་བསྟན་པ་འཛིན་མི་ལ།། ལྷ་རིགས་འགག་མོའི་ཇོ་རུ་ཞེས་དང་།། མདོ་སྨད་ཆོས་འབྱུངལས། དེ་ཡང་སྔོན་རྨ་འགྲམ་སྟོད་ཀྱི་ས་ཐམས་ཅད་ལ་གླིང་རྗེ་གེ་སར་རྒྱལ་བོའི་དབང་བསྒྱུར་བྱས་ཞེས་དང་། རྒྱལ་དབང་ལྔ་བའི་རང་རྣམ དུ་ཀཱུ་ལའི་གོས་བཟངལས། མཚོ་སྐྱ་རེངས་ནས་རིམ་གྱིས་བྷོ་རོ་ཇོར་སླེབས། གེ་སར་གྱི་དུས་ཧོར་དམག་གིས་རི་ཀླུང་གང་ཟེར་བའི་ཨབ་ཕྱི་དུག་ཐང་བརྒྱུད་ཨ་ལག་ཤ་མི་ཆ་གན་ཁུ་ཐལ་དུ་དཔོན་པོ་ཁག་གི་རྔ་མོང་སྐྱེལ་མི་བརྒྱ་སྐོར་ལ་ཐུགས་རྗེ་ཆེན་པོའི་རྗེས་གནང་བསྐུར། གེ་སར་གྱི་མཛོ་འདོགས་ས་ཡིན་ཟེར་བའི་རི་དེའུ་ཞིག་གི་ཉེ་འགྲམ་སྤང་སྔོན་པོ་ལ་བྲག་དཀར་པོ་སྲོག་ཆགས་ཀྱི་རྣམ་པ་འབུར་དུ་དོད་པའི་ས་འཛིན་མཛོ་ཁྲ་ལྡིངས་སུ་སླེབས་ཞེས་པའི་ལུང་འདི་དག་གིས་མདོ་ཁམས་སུ་འཁྲུངས་པ་གསལ་བོར་ཤེས་ཐུབ་པ་དང་། གཞན་ཡང་གླིང་སྒྲུང་ཞིབ་འཇུག་པ་མང་བོ་ཞིག་གིས་ཀྱང་མདོ་ཁམས་ཕྱོགས་སུ་འཁྲུངས་པ་ལ་དགོངས་པའི་ལྟ་བ་གཅིག་མཐུན་ཡིན།
དེ་ཡང་གླིང་ཞེས་པ་ནི་བོད་ཆེན་པོའི་ལྗོངས་ལས་ཡུལ་མདོ་ཁམས་ཕྱོགས་ཀྱི་ཚོ་བ་ཆེན་པོ་ཞིག་ཡིན་པ་དང་། གླིང་རྗེ་གེ་སར་རྒྱལ་བོ་ཡང་ཚོ་བ་དེའི་ཚོ་དཔོན་ཡིན་པ་ལས། གླིང་ཞེས་པ་ནི་རྒྱལ་ཁབ་ཞིག་དང་། གླིང་གེ་སར་ནི་དེའི་རྒྱལ་བོ་ཞིག་ཏུ་འདོད་པ་ནི་ནོར་བ་དང་འཁྲུལ་བའི་ལམ་དུ་འཕྱན་པ་ཡིན་པས། གླིང་སྒྲུང་ཞིབ་འཇུག་པ་དག་གིས་གནད་ཀ་འདི་ངེས་པར་དུ་ཤེས་དགོས། གླིང་རྗེ་གེ་སར་རྒྱལ་བོའི་འཁྲུངས་ཡུལ་གང་ཡིན་གྱི་ཁ་མཚོན་གཅོད་མི་ཐུབ་མོད། འོན་ཀྱང་། ཕྲན་གྱིས་ལྟ་ཚུལ་ལྟར་ན། གླིང་རྗེ་གེ་སར་རྒྱལ་བོའི་འཁྲུངས་ཡུལ་ཁམས་ཕྱོགས་ཀྱི་སྡེ་དགེ་ནས་ཡིན་པ་དང་། གླིང་རྗེ་གེ་སར་རྒྱལ་བོ་སྐུ་འཁྲུངས་པའི་རྗེས་ནས་རིམ་གྱིས་མགོ་ལོག་ས་ཆ་རུ་གཞི་ཆགས་ནས་འདུས་སྡོད་ཀྱི་འཚོ་གནས་གཙོ་བོ་དང་འགུལ་བསྐྱོད་བྱེད་ས་གཙོ་བོ་ནི་རྨ་ཆེན་སྦོམ་ར་དང་མཚོ་སྐྱ་རེངས་སྔོ་རེངས་ཀྱི་ཉེ་འདབས་དང་དེའི་མཐའ་འཁོར་གྱི་ས་ཆ་རྣམས་ཡིན་པར་འདོད། དེ་ལྟར་འདོད་པའི་སྒྲུབ་བྱེད་ཁྱོད་ལ་ཅི་ཡོད་ཅེ་ན།
དང་བོ་ལུང་གི་སྒྲུབ་བྱེད་ནི། མཁས་ཤིང་གྲུབ་པའི་དབང་ཕྱུག་རྟ་ནག་མཁན་ཟུར་ངག་གི་དབང་བོའི་ཞལ་ནས། བོད་སིལ་བུའི་དུས་ཙམ་ལ་འགུ་ལོག་གི་ས་མཚམས་སུ་གེ་སར་ནོར་བུ་དགྲ་འདུལ་ཞེས་རྫུ་འཕྲུལ་ཡ་མ་ཟུང་སྣ་ཚོགས་སྟོན་ནུས་པའི་རྣལ་འབྱོར་བ་ཞིག་འབྱུང་ངེས་ཞེས་དང་། བོད་ཆེན་པོའི་རྒྱལ་ཕྲན་དུ་གཏོགས་པའི་གླིང་ཚང་རྒྱལ་བོ་ཕུན་ཚོགས་དགེ་ལེགས་རབ་བརྟན་ནས་ཀྱང་། གེ་སར་འཁྲུངས་པའི་ཡུལ་ནི་མདོ་སྨད་གླིང་ཚང་རྒྱལ་བོའི་ཁོངས་རྫ་ཆུ་དང་ཉེ་བར་ས་ཆ་གོན་གྱི་ཉེ་འགྲམ་སྐྱིད་གསོས་ཡག་གི་ཁ་མདོ་ཞེས་པ་འདི་ཡིན་ལ། གེ་སར་གྱི་ཕོ་བྲང་ཇ་མཁར་རིང་མོ་ནི་གླིང་ཚང་རྒྱལ་བོའི་ཕོ་བྲང་བཟང་གྲགས་ཞེས་པ་དེ་ཡིན། གེ་སར་གྱི་སྐུ་མཆེད་རྒྱ་ཚ་ཞལ་དཀར་གྱི་དངུལ་ཆུའི་ཁྲོ་རྫོང་ནི་དེང་སང་སྡེ་དགེ་རྒྱལ་བོའི་ཕོ་བྲང་དངུལ་ཟླ་དགོན་མཆོག་ཐུབ་སྟེངབྱ་བ་དེ་ཡིན་ཞེས་དང་། འཇུ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི་ཞལ་ནས། གེ་སར་གྱི་འཁྲུངས་ཡུལ་ནི་འགུ་ལོག་གླིང་ཚང་གི་ས་ཁུལ་དུ་ཡིན་པར་ངོས་འཛིན་ཆ་འཇོག་བྱས་ཆོག་པ་འདུག་ཅེས་དང་། དགེ་བཤེས་རྡོ་རམས་པ་ཆེན་པོ་དམུ་དགེ་བསམ་གཏན་ཚང་ནས། སྡེ་དགེ་ཕྱོགས་ཀྱི་སྡེ་དཔོན་གླིང་ཚང་རྒྱལ་བོ་གླིང་སེང་ཆེན་གྱི་རྒྱལ་རྒྱུད་རེད། གླིང་འགུ་ཟིའི་རྒྱལ་བོ་ཟེར་ལ་སྲས་དགྲ་བླ་རྩེ་རྒྱལ་ནས་བརྩིས་པའི་གདུང་རབས་ཞེ་དགུ་སོང་། ཞེས་སྔོན་གྱི་གླིང་ཚང་རྒྱལ་བོའི་རྒྱལ་རབས་ལོ་རྒྱུས་སུ་ཡོད་འདུག གླིང་ཚང་རྒྱལ་བོ་ནི་དེང་སང་རྒྱ་གར་ན་བསྡད་ཡོད། གླིང་ཚང་རྒྱལ་བོའི་རྒྱལ་ས་དེ་ན་སྔོན་གྱི་གླིང་གེ་སར་གྱི་སྦྲ་ཤུལ་ཡོད་པ་དང་། གེ་སར་སོགས་ཀྱི་གོ་མཚོན་དང་། བ་སོའི་ཕྱག་ཐམ་སོགས་ཡོད། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་བཅུ་བ། དགེ་བའི་བཤེས་གཉེན་ཆེན་པོ་གླིང་དཔོན་སློབ་དོན་འགྲུབ་རྒྱ་མཚོ་ནི་གླིང་གི་དཔོན་རྒྱུད་ཡིན་གཤིས། གླིང་གེ་སར་གྱི་གྲི་རིང་སོགས་ཡོ་བྱད་འགའ་ཡོད་པ། སྔར་ཨ་ལགས་གླིང་ཚང་གི་ནང་ཆེན་གྱི་ཚོམས་ཆེན་ལྷ་ཁང་དུ་བཞུགས་ཡོད། དམངས་གཙོའི་བཅོས་བསྒྱུར་དང་། རིག་གནས་གསར་བརྗེ་ཟེར་བའི་གོད་ཆག་སྐབས། ནང་ཆེན་གྱི་གནའ་རྫས་ལ་གཏོར་བཤིག་ཆེན་པོ་བྱུང་ཡང་། གླིང་སེང་ཆེན་གྱི་གྲི་རིང་དེ་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་འདུ་ཁང་ཐོག་གི་འགྲེམས་སྟོན་ཁང་གི་ནང་དུ་བཞག་འདུག ཅེས་གསུངས་ཡོད་པ་འདི་དག་གིས་གླིང་རྗེ་གེ་སར་རྒྱལ་བོའི་འཁྲུངས་ཡུལ་ཁམས་ཕྱོགས་སྡེ་དགེ་གླིང་ཚང་ཡིན་པ་ངོས་འཛིན་བསྙོན་དུ་མེད་པ་བྱས་འདུག
གཉིས་པ་རིགས་པས་སྒྲུབ་བྱེད་དུ། སྡེ་དགེ་གླིང་ཚང་རྒྱལ་བོའི་རྒྱལ་ས་དེ་ན་སྔོན་གྱི་གླིང་གེ་སར་གྱི་སྦྲ་ཤུལ་དང་། ཁྲབ་མོག་འཁོར་གསུམ། སྒ་སྲབ་མཐུར་གསུམ། ཞྭ་གོས་ལྷམ་གསུམ་སོགས་དངོས་སུ་མཇལ་རྒྱུ་ཡོད་པར་མ་ཟད། སྡེ་དགེའི་ལྕང་ར་ན་ཁྲོ་ཆུ་དངུལ་རྫོང་གི་ཤུལ་ཡོད་པ་དང་། ད་དུང་དཔའ་རྒྱ་ཚས་གཙོ་བྱསཔའི་གླིང་དཔའ་རྟུལ་རེ་རེ་ཡི་འབག་སྐུ་བཞེངས་ཡོད་ལ། གླིང་རྗེ་གེ་སར་རྒྱལ་བོའི་འཁྲུངས་ཤུལ་དུ་ལྷ་ཁང་ཞིག་ཀྱང་བཞེངས་ཡོད་པ་རེད། གླིང་རྗེ་གེ་སར་རྒྱལ་བོའི་གནའ་རྫས་འདི་དག་གཞིར་བཞག་ནས་དཔྱད་ན། སྡེ་དགེ་གླིང་ཚང་ནས་འཁྲུངས་པ་ལ་ཐེ་ཚོམ་མེད་སྙམ་སྟེ། དེ་མིན་ན་སྡེ་དགེ་གླིང་ཚང་གི་རྒྱལ་རྒྱུད་དུ་འཁྲུངས་ཟེར་བ་དང་། ད་སྐབས་སྡེ་དགེ་ན་མཇལ་རྒྱུ་ཡོད་པའི་གླིང་རྗེ་གེ་སར་རྒྱལ་བོའི་གནའ་རྫས་དང་གནའ་ཤུལ་དེ་དག་ལ་རྒྱུ་མཚན་འཐད་ལྡན་མེད་པའི་ཕྱིར། གཞན་ཡང་གླིང་རྗེ་གེ་སར་རྒྱལ་བོ་སྐུ་འཁྲུངས་པའི་རྗེས་སུ་རིམ་གྱིས་མགོ་ལོག་གི་ས་ཆ་རུ་གཞིས་ཆགས་ཤིང་། འགུལ་བསྐྱོད་ཀྱི་གཙོ་བོ་རྨ་ཆེན་སྦོམ་ར་དང་མཚོ་སྐྱ་རེངས་སྔོ་རེངས་ཀྱི་གཡས་གཡོན་ཡིན་ཟེར་བ་ལ་སྒྲུབ་བྱེད་ཅི་ཞིག་ཡོད་ཟེར་ན།
དང་བོ་ལུང་གི་སྒྲུབ་བྱེད་ནི། བྲག་དཀར་དགེ་བཤེས་བློ་བཟང་དཔལ་ལྡན་གྱི་ཞལ་ནས། ད་ལྟ་མགོ་ལོག་གིས་བཟུང་བའི་རྨ་ཡུལ་འདི་ནི་སྔར་ཁྲ་མོ་གླིང་གི་ཡུལ་ཡིན་པར་བཤད་ཅེས་དང་། དགེ་བཤེས་རྡོ་རམས་པ་ཆེན་པོ་དམུ་དགེ་ཚང་གིས། མཚོ་སྐྱ་རེངས་དང་སྔོ་རེངས་གཉིས་ཀྱི་བར་དུ་འབྲུག་མོའི་གསེས་མཁར་དང་། འབྲུང་མོའི་ཆུ་འཁུར་སའི་རྡོ། སྐྱ་ལོའི་གཡག་རྔའི་ལབ་ཙེ། ཕོ་བྲང་སྟག་རྩེའི་མཁར་ཤུལ་ཡོད་ཅེས་དང་། མགོ་ལོག་གི་གླིང་བླ་མ་ཆོས་རྡོར་ཡང་གླིང་གི་རྒྱུད་པ་ཡིན་གཤིས་གླིང་བླ་མ་ཞེས་འབོད། དེ་གའི་གླིང་སྐོར་ཞེས་པའི་རུ་སྡེ་དེ་ཡང་གླིང་གི་སྡེ་ལྷག་ཡིན་འདུག་ཅེས་གསུངས་པའི་ལུང་གིས་གླིང་རྗེ་གེ་སར་རྒྱལ་བོས་མགོ་ལོག་ས་ཁུལ་དུ་འགུལ་བསྐྱོད་བྱས་པའི་རྟགས་མཚན་གསལ་བོར་མཚོན་ཡོད་པ་རེད།
གཉིས་པ་གནའ་རྫས་དང་གནས་ཤུལ་གྱི་སྒྲུབ་བྱེད་ནི། མགོ་ལོག་གི་རྨ་ཆུའི་སྟོད་རྒྱུད་སྲིབ་ཕྱོགས་བལ་ཝོའི་སྟག་གཟིག་སུམ་མདོ་ན་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་མཁར་ཤུལ་ཡོད་པ་དང་། རྨ་ཆུའི་སྟོད་ཀྱི་ཉིན་ཕྱོགས་ཁོ་ཆུ་དང་རྨ་ཆུ་འདྲེས་མཚམས་ཁོ་མདོ་ལི་མའི་གདོང་ཟུར་ན་ཁྲོ་ཐུང་གི་མཁར་ཤུལ་ཡོད། མགོ་ལོག་གི་པདྨ་རྫོང་ན་གེ་སར་དང་འབྲུག་མོ་འདན་མ་གསུམ་གྱིས་ཁྲུས་བྱེད་སའི་ཆུ་ཚན་ཡོད། མགོ་ལོག་མི་ར་ཟེར་བའི་ས་ན་གེ་སར་གྱི་ལྷ་རྟ་རྐྱང་རྒོད་ཀྱི་རྔོག་མ་འབྲེག་སའི་བྲག་ཟོར་ཞིག་ཡོད་པ་དང་། དེང་སང་ཡང་རྟའི་རྔ་རྔོག་མཆོད་སྲོལ་འདུག གཞན་ཡང་གེ་སར་གྱི་བཞུགས་ཁྲི་རྡོ་ཁྲི་རྒྱབ་ཡོལ་ཅན། འཇང་གླིང་འཐབ་པའི་དུས་སུ་འཇང་དམག་ལ་ལྟ་བའི་སོ་ཁང་། གེ་སར་གྱི་རྟ་ཕུར། གོ་མཚོན་སོགས་ཡོད་པའི་གནའ་ཤུལ་འདི་དག་གིས་མགོ་ལོག་ས་ཁུལ་དུ་གླིང་ རྗེ་གེ་སར་རྒྱལ་བོའི་འགུལ་བསྐྱོད་བྱས་པ་བསྙོན་དུ་མེད།
གླིང་རྗེ་གེ་སར་རྒྱལ་བོ་ནི་རབ་བྱུང་དང་བོ་ཚུགས་ཁ་མའི་དྲུག་ཅུ་སྐོར་དེའི་ནང་འཁྲུངས་ཤིང་། དུས་རབས་ཀྱི་དབང་དུ་བྱས་ན་བོད་ཆེན་པོའི་རྒྱལ་རབས་སིལ་བུར་འཐོར་ཏེ་གཉའ་ཁྲི་བཙན་པོའི་རྒྱལ་རྒྱུད་ཆད་ནས་བོད་ཡུལ་ཐམས་ཅད་ཁ་འཐོར་ཡ་བྲལ་དུ་གྱུར་ནས་ཚོ་དཔོན་དང་སྡེ་དཔོན་སོགས་ཀྱིས་ས་ཁུལ་བཅད་བཟུང་བྱས་པའི་སྐབས་དེ་དུས་ཤིག་ཡིན་པར་སེམས། གླིང་རྗེ་གེ་སར་རྒྱལ་བོ་མཆོག་ལོ་རྒྱུས་སྟེང་དངོས་སུ་བྱུང་བ་ནིཏ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་བཀའ་ཆེམས་མཐོང་བ་དོན་ལྡན་ནམ་དེབ་གཏེར་གསལ་བའི་མེ་ལོངP43དུ། རླངས་ཀྱི་གྲུབ་ཐོབ་ཆེན་པོ་ལྷ་གཟིགས་བྱང་ཆུབ་རྡོ་རྗེས། རྟ་ཤོད་ཤེ་ལེ་ཕུ་གསུམ་གྱི་ལྷ་ཁང་གི་ཕུ་ན་འབྲུ་སྟོན་དར་མ་སིདྡྷི་བཞུགས་པའི་སར་བྱོན་པས་མཚན་ཡང་བྱང་ཆུབ་འདྲེ་བཀོལ་བཏགས། ཁོང་ཤར་དུ་བྱོན། གེར་འཚོའི་མགུལ་དུ་བྱོན་པ་ལ། གླིང་རྗེ་གེ་སར་གྱིས་སྲིན་གྱི་བེར་ནག་པོ་ཐོགས་གདུགས། སྲིན་རལ་ཁྲའོ། སྲིན་རྟ་ནག་པོ་གསུམ་ཕུལ་ནས། མི་འཆི་ཚེའི་དབང་ཞིག་ཞུས་པ་ལ། རྣལ་འབྱོར་བདག་གིས་སྲུང་མ་བྱེད།། ལོ་ནི་བརྒྱད་ཅུ་རྩ་བརྒྱད་བར།། སྐྱེས་བུ་ཁྱོད་ཀྱི་ཆེ་ཚད་ཡིན།། ཞེས་གསུངས།
དེ་ནས་རི་བོ་རྩེ་ལྔ་དང་ཐེ་རྒྱའི་ལེ་ཁྱུར་དུ། རྒྱལ་ཐེལ་ཆུ་ཡང་ལེར་བྱོན། རྒྱའི་ཕོ་བྲང་ཐམས་ཅད་བཏུལ། གདན་འདྲེན་པ་བྱུངནས་རྔ་གྲམ་པ་གཞུང་རྒྱལ་ལ་ཆིབས་ནས་ནམ་མཁའི་ཁམས་ལ་བྱོན། གླིང་གི་གླིང་ཡུལ་གོར་མདོར་བྱོན་པ་དང་། གླིང་གི་རྒྱལ་བོ་གེ་སར་དེས་ཡོལ་གྱི་ཡོལ་སྟོད་དུ་ཕྱག་ཕབ་པ་དང་། གླིང་རིང་གི་མི་ཚོ་དེར་འབུལ་བ་བྱེད་དུ་བྱུང་། གེ་སར་ནས་ཁོང་གི་བཀའ་ལྟར་གཏེར་ནས་བཏོན་པའི་ཐང་ཡིག་རིན་པོ་ཆེའི་སྒྲོན་མ་དང་། བསྟན་པ་མགྱོགས་པའི་གླང་པོ། རླངས་ཀྱི་པོ་ཏི་བསེ་རུ་སོགས་ཕུལ། སེང་བློན་གྱིས་ཁྲ་བོ་གཡང་ལུགས། ཁྲ་རྒན་གྱིས་ཐོགས་རྒྱུགས་དཀར་བོ། ཁྲོ་ཐུང་གིས་ཤང་ལང་ནག་པོ། ལྡོམ་བུའི་དཀར་མོ་རུབ་གདུགས། ཞལ་དཀར་གྱིས་གངས་དཀར་ལྷ་རྩེ། བན་དེས་གཡུལ་དམར་འོད་གསལ། ཤེལ་རིས་གསེར་གྱིས་མཆོད་རྟེན་ཕུལ་བ་ལ། 
ཨ་ཉེ་བྱང་ཆུབ་འདྲེ་བཀོལ་གྱིས། 
ང་རྣལ་འབྱོར་པདྨའི་ཐུགས་སྤྲུལ་ཡིན།། བཙུན་མོ་ཡེ་ཤེས་མཁའ་འགྲོ་ཡིན།། ཡོན་བདག་གླིང་རྗེ་གེ་སར་འདི།། ཁྲི་སྲོང་ལྡེ་བཙན་གྱི་སྤྲུལ་བ་ཡིན།། ཞེས་སྤྲོ་བའི་ཉམས་མགུར་འཐེན་ཡོད་པ་ལྟ་བུ་དང་། 
ཡང་ཀཐོག་དམ་པ་བདེ་གཤེགས་ཤེས་རབ་སེང་གེའི་རྣམ་ཐར་དུ་གླིང་གི་དགྲ་ལྷ་རྩེ་རྒྱལ་གྱི་གཤིན་པོའི་སྔས་མགོའི་བླ་མར་དམ་པ་ཁོང་རིགས་གདན་དྲངས་པ་དང་། བསྔོ་རྟེན་དུ་གྲི་ཡ་ཟི་སྐར་ཕྲན་ཕུལ་བ་གསལ་བར་བཀོད་འདུག་པ་གང་ཅི་ནས་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་མི་སྣ་ངོ་མ་ཡིན་པར་བདག་གིས་མགྲིན་པ་གཟེངས་སུ་བཏེག་ནས་ཐག་གིས་བཅད་པའོ་ཞེས་ངག་རྟ་ཁྲོམ་ཆེན་ཟིལ་གནོན་ལ་དྲངས་ནས་གླུ་བླངས་པ་འདི་ལྟར།
གླུ་ཐ་ལ་ལ་མོ་ཐ་ལ་ལེན།། ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས།། བླ་སྐལ་གུ་རུ་ཨོ་རྒྱན་མཁྱེན།། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་།། སྲིད་པ་ཆགས་པའི་ལྷ་དགུ་དང་།། གླིང་རྗེ་གེ་སར་རྒྱལ་བོ་མཁྱེན།། རྗེ་ཡི་མགུར་ལྷ་བཅུ་གསུམ་མཁྱེན།། མཁྱེན་ནོ་མཁྱེན་ནོ་ཐུགས་རྗེའི་མཁྱེན།། དྲོངས་ཤིག་དྲོངས་ཤིག་གླུ་སྣ་དྲོངས།། བོད་རྒྱལ་སིལ་བར་འཐོར་བའི་དུས།། ས་ཁུལ་བཅད་བཟུང་བྱེད་པའི་དུས།། འབངས་ཀྱི་གྱེན་ལོག་བྱེད་པའི་དུས།། རབ་བྱུང་དང་པོ་ཚུགས་ཁའི་དུས།། མདོ་ཁམས་ས་ཡི་ཐིག་ལེ་མཆོག། རྫ་ཆུའི་འབབ་ཡུལ་སྡེ་དགེ་གླིང་།། བཙན་པོའི་མགོ་གནོན་ཐོ་བ་ཆེ།། གཉོན་ཆུང་སྐྱོང་གི་ཕ་མ་སྟེ།། རྫོང་ཆེན་བཅོ་བརྒྱད་ཕབ་མི་ལ།། གོང་མ་ལྷ་ནས་མངགས་ལེ་བོ།། གླིང་རྗེ་གེ་སར་རྒྱལ་བོ་མཆོག། རིགས་རུས་བོད་མིའུ་ལྡོང་དྲུག་གོ། ནང་ཚན་སྨུག་པོ་ལྡོང་གི་བརྒྱུད།། སྟོང་གླིང་གསེར་བ་ཆེ་བརྒྱད་དང་།། བར་གླིང་འོམ་བུ་ཚོ་དྲུག་ཟེར།། སྨད་གླིང་མུ་སྤྱང་སྡེ་བཞི་སྟེ།། གླིང་ཆེ་འབྲིང་ཆུང་གསུམ་རྒྱུད་པ་ལས།། ཆུང་རྒྱུད་ཡབ་ཆེན་སེང་བློན་དང་།། ཨ་མ་འགག་བཟའ་གཉིས་ཀྱི་པང་།། གེ་སར་ཉི་མ་རང་བྱོན་འཁྲུངས།། འཁྲུངས་ས་འཁྲུངས་ཡུལ་ཁ་མི་མཚུངས།། འཁྲུངས་ས་མདོ་ཁམས་སྡེ་དགེ་གླིང་།། འཚར་ས་རྨ་ཡུལ་མགོ་ལོག་གི། ཁྲ་མོ་གླིང་གི་འདུ་ར་ནས།། མཐའ་བཞི་དགྲ་བཞིའི་འདུལ་བ་ལ།། དཔོན་རྒྱུད་དཔའ་བརྟུལ་བརྒྱད་ཅུ་ཚོགས།། རྫོང་ཆེན་བཅོ་བརྒྱད་ཆམ་ལ་ཕབ།། ནོར་སྣ་བཅོ་བརྒྱད་གཡང་ལ་བཀུག། ཉམ་ཐག་འབངས་ལ་བགོ་བཤའ་བརྒྱབ།། དཔའ་བོ་རྣམས་ལ་རྟིང་མ་ཕྱིན།། རྫོང་ཆུང་རྩི་རྩི་གྲངས་མེད་པ།། སྒྲུང་སྣ་ཉིས་བརྒྱ་ལྷག་ལ་བུད།། སྒྲུང་རྐང་ས་ཡ་གཅིག་ཡས་མས།། སྒྲུང་བའི་བློ་ན་གསལ་དུང་དུང་།། སྒྲུང་བའི་ཁ་ན་ཤར་ར་ར།། འབུད་མི་དགོས་མེ་ལྕེ་མཆེད་མཆེད་ཡིན།། ཁྲིད་མི་དགོས་ཆུ་བོ་འབབ་འབབ་ཡིན།། འཛམ་གླིང་ས་ཡི་གོ་ལ་ན།། ལོ་རྒྱུས་སྙན་རྩོམ་ཀུན་གྱི་མཆོག། ཧོ་མའི་དབྱི་ལེ་ཡ་ཐེ་དང་།། རྒྱ་གར་རཱ་མ་ཡ་ན་ཡིས།། དོ་ཟླ་འཕེར་བའི་གནས་མ་ཡིན།། རྒྱ་བོད་ཧོར་སོག་ཡུ་གུར་དང་།། དབྱིན་ཇི་འཇར་མན་ཨུ་རུ་སུ།། ཐུར་ཆི་མོང་གོལ་ཞི་པན་ཡ།། རྒྱ་གར་བལ་ཡུལ་འབྲུག་ལྗོངས་སོགས།། རྒྱལ་ཁབ་ཁག་ན་དར་ཁྱབ་ཆེ།། གླིང་ཨ་ཁུའི་ངོ་སོ་ཡར་ལ་བསྟོད།། གླིང་གེ་སར་བསྟན་པ་དར་བར་ཤོག། གླིང་ལྷ་སྡེའི་ལ་རྒྱ་འདི་མོ་གདའ།། གླིང་ཕྲུག་ཁྱོད་ལ་ཨེ་ཡོད་སོམས།། གླིང་དཀར་པོའི་ཐུགས་ལ་དེ་ལྟར་ཞོག།

0 comments:

ཟིན་བྲིས་འཚོལ་ཡུལ