དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 28 March 2014
༄༅།།རྒྱལ་བོ་སྲོང་བཙན་སྒམ་པོའི་ལོ་རྒྱུས་བཀའ་ཆེམས་ཀ་ཁོལ་མ་ཞེས་པ་བཀླགས་པའི་འཆར་སྣང་།།
རྒྱལ་སྲས་ཚང་གིས།
༄༅།།བོད་ཀྱི་ལོ་རྒྱུས་དེབ་ཐེར་བཀའ་ཆེམས་ཀ་ཁོལ་མ་ཞེས་པ་ཡོངས་གྲགས་རྒྱལ་བོ་སྲོང་བཙན་སྒམ་པོ་རང་ཉིད་ཀྱིས་མཛད་པའི་ལོ་རྒྱུས་ཀྱི་དཔེ་ཆ་ཆེས་སྔ་ཤོས་དང་། ཕྱི་རབས་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཁུངས་གཏུགས་ས་དང་ལུང་འདྲེན་བྱེད་ཀྱི་ཚད་མར་གྱུར་འདུག་པས། ཕྲན་ནས་ཀྱང་མཇལ་འདོད་ཀྱི་ཀུན་སློང་ཆུ་རིས་བཞིན་འགོག་ཏུ་མ་ཐུབ་པརབོ༼ད་ཀྱི་རྒྱལ་བོ་སྲོང་བཙན་སྒམ་པོའི་རྣམ་ཐར་བཀའ་ཆེམས་གསེར་གྱི་ཕྲེང་བ༽ཞེས་བྱ་བའམ། མཚན་གཞན༼བཀའ་ཆེམས་ཀ་ཁོལ་མ༽བྱ་བ་ལེའུ་བཅུ་དྲུག་དང་མཇུག་བསྡུ་བ་བཅས་ས་བཅད་བཅུ་བདུན་གྱི་བདག་ཉིད་ཅན་ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ལེགས་སྒྲིག་གཞུང་སྒྲུབ་ཁང་གིས་པེ་ཅིན་མི་རིགས་དཔེ་མཛོད་ཁང་གི་དཔེ་ཚན་གཅིག་དང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དཔེ་མཛོད་ཁང་དུ་དགོན་དེའི་གསུང་གི་རྟེན་གཙོར་གྲགས་པའི་མཐིང་ཤོག་ལ་དུང་བྲིས་བྱས་པ་ཚར་གཅིག་བཞུགས་པ་འདི་གཉིས་གཞིར་བཟུང་ནས་དཔེ་བསྐྲུན་བྱས་པ་དེ་ལ་མཇལ་བའི་སྐལ་བཟང་ཐོབ་པ་དང་། སེམས་ཕངས་པ་ཞིག་ལ་རང་བློ་ན་མ་རྒྱས་ཤིང་མ་དག་པའི་སྣང་ངོར་ལྷུང་ཚུལ་སྲོང་བོར་སྨྲ་བར་འདོད་པ་ཡིན་པས་རྣལ་འབྱོར་དག་སྣང་ཅན་གྱིས་ཐུགས་བརྩེ་བར་གྱིས།
དེ་ཡང་དཔེ་ཆ་འདིར་མིང་མི་འདྲ་བ་འགའ་རེ་མཐོང་བ་ལ་བསམ་པར་བྱ་སྟེ།༼བཀའ་ཆེམས་གསེར་གྱི་ཕྲེང་བ༽༼བཀའ་ཆེམས་ཀ་ཁོལ་མ༽༼བཀའ་ཆེམས་གསེར་གྱི་ཡང་ཞུན༽༼བཀའ་ཆེམས་བཀའ་ཁོལ་མ༽༼བཀའ་ཆེམས་མེ་ཏོག་ཕྲེང་བ༽ལ་སོགས་པ་མཐོང་ལ། བཀའ་ཆེམས་ཞེས་པ་ཁ་ཆེམས་ཞེས་ཁ་ཆེམས་ཀྱི་ཞེ་ཚིག་ཡིན་ལ། བཀའ་ཁོལ་མ་ནི་བཀའ་བློན་འབངས་མི་རྣམས་ལ་ཁ་ཆེམས་བཞག་པ་དེབ་འདིའི་ལེའུ་བཅུ་དྲུག་པའི་མ་འོངས་བསླབ་བྱའི་བཀའ་ཆེམས་ལ་གཙོ་ཆེར་དགོངས་པ་ཡིན་པར་སེམས། ཡང་བཀའ་ཆེམས་ཀ་ཁོལ་མ་ནི་ཕྱི་རབས་པའི་བཏགས་པའི་ཡོངས་གྲགས་ཀྱི་མིང་ཞིག་ཡིན་ལ། བཀའ་གདམས་བསྟན་པའི་སྲོལ་འབྱེད་སྙིགས་དུས་ཀྱི་འགྲོ་བའི་མགོན་པོ་དཱི་བཾ་ཀཱ་ར་ཤཱི་ཛྙཱ་ན་སྟེ། བོད་སྐད་དུ་དཔལ་མར་མེ་མཛད་ཡེ་ཤེས། མཚན་གཞན་ཇོ་བོ་རྗེ་ཨ་ཏི་ཤ་ཞེས་པའི་པཎྚི་ཏ་ཆེན་པོ་དེ་ཉིད་དགུང་ལོ་རེ་བདུན་བཞེས་པ་བོད་ཀྱི་རབ་བྱུང་དང་བོའི་བགྲང་བྱ་ཉེར་གཉིས་པ་ས་བྱི༡༠༤༩ལོར་ལྷ་སའི་གཙུག་ལག་ཁང་གི་བྱམས་ཁྲ་ཆེན་མོའི་སྒོ་རྩའི་རྒན་མོ་མུ་འགྲམ་སེའོ་བྱས། སྐལ་ཐགས་བྱས་ནས་རྒྱགས་འཚོལ་ཞིང་རེས་འགའ་གཅེར་མོར་འགྲོ་བ། རེས་ངུ་རེས་རྒོད་པ་ལྷ་སའི་སྨྱོན་མ་བྱ་བ་ཅིག་ཡོད་པ་དེ་ན་རེ། པཎྚི་ཏ་ལགས། ལྷ་ཁང་འདི་ཇི་ལྟར་བཞེངས་པའི་ལོ་རྒྱུས་ཤེས་པར་འདོད་དམ་ཟེར་བས། ཤེས་པར་འདོད་ཀྱི། ཁྱོད་ཀྱི་ཤེས་སམ་བྱས་པས། ངས་ཏ་ཤེས་ཏེ་ང་ལ་བཤད་དབང་མེད། ཀ་བ་བུམ་པ་ཅན་གྱི་སྟེང་ནས་འདོམ་ཕྱེད་དང་གསུམ་གཞལ་བའི་ནང་ན་འདི་བཞེངས་མཁན་གྱིས་མཛད་པའི་ཡེ་གེ་ཡོད་དོ།། ཞེས་པ་ལྟར་སང་ནངས་པར་པཎྚི་ཏ་དཔོན་གཡོག་གསུམ་གྱིས་བཏོན་པ་སྔོན་མ་ལ་བློན་པོ་རྣམས་ཀྱིས་བྱས་པའི་ལོ་རྒྱུས་ཟླ་བ་འདོད་འཇོ་བྱ་བ་བྱུང་། བར་བ་གཉིས་པ་ལ་བཙུན་མོ་རྣམས་ཀྱིས་བྱས་པའི་དར་དཀར་གསལ་བ་བྱ་བ་བྱུང་། ཕྱི་གསུམ་པ་ནས་རྒྱལ་བོ་རང་གིས་མཛད་པའི་ལོ་རྒྱུས་བཀའ་ཆེམས་ཀྱི་ཡི་གེ་འདི་བྱུང་བ་ཡིན་པས། ཕྱི་རབས་པས་ཀ་བ་བུམ་པ་ཅན་ནས་བཏོན་པས་ཀ་ཁོལ་མ་ཞེས་ཡོང་གྲགས་སུ་གྱུར་བའོ།།
དེ་ལས་བློན་པོ་རྣམས་ཀྱིས་བྱས་པའི་ལོ་རྒྱུས་ཟླ་བ་འདོད་འཇོ་བྱ་བ་དང་བཙུན་མོ་རྣམས་ཀྱིས་བྱས་པའི་དར་དཀར་གསལ་བ་ནི་ལོ་རྒྱུས་མཁན་པོ་རྣམས་ཀྱིས་མིང་ཙམ་ལས་མ་མཐོང་བར་སྣང་ངོ་།།
དེ་ཡང་རྒྱལ་བོའི་བཀའ་ཆེམས་དོན་དངོས་སུ་ཇི་འདྲ་ཞིག་མཆིས་པར་བསམ་ན། ལེའུ་བཅུ་དྲུག་པ་ན།༼རྒྱལ་བོ་དང་ལྷ་ཅིག་ཁྲི་བཙུན། ཨོང་ཅོང་གསུམ་ཡི་དམ་གྱི་ལྷ་ཐུགས་རྗེ་ཆེན་པོ་རབ་བྱུང་བཅུ་གཅིག་ཞལ་ལ་ཐིམ་པ་དང་བློན་པོ་རྣམས་ཀྱིས་གྲོས་བྱས་པས་བློན་པོ་མགར་ན་རེ། དགོངས་ཤིག་རྒྱལ་བོ་ཡབ་ཡུམ་སྟངས་ཞལ་གསུམ་ལྷའི་ཐུགས་ཀར་ཐིམ་བྱས་ན། རྒྱལ་ཁྲིམས་འཇིག་པས་དེ་སྐད་མ་ཟེར་བར་མི་ལ་གསོངས་ཤིག༽ཞེས་དང་།༼ཡར་ལོངས་དོན་མཁར་ཐང་དུ་ཨ་ཡ་བོན་པོ་རྣམས་ཀྱིས་བང་སོ་བརྩིགས་ཏེ། ཤོག་འདམ་ལ་རྒྱལ་བོའི་འདྲ་འབག་སྟེར་སྐུ་བྱས། དར་ཟབ་ཀྱི་ན་བཟའ་གསོལ་ནས་ལྟག་སྐོར་ཞུགས་ཤིང་རྟས་སྤྱན་དྲངས་ཏེ་བང་སོའི་ནང་དུ་བཞུགས་སོ།། བཙུན་མོ་དང་སྲས་བློན་པོ་དང་བཅས་པས་འཁོར་གྱི་བསྐོར་ཏེ་བཞུགས་སོ།། རྒྱལ་བོའི་བཀའ་ཆེམས་མཐོ་མཐོང་མ་དང་བཀའ་ཁོལ་མ་འདི་གཉིས་བང་སོའི་ནང་ན་རྒྱུད་རིས་བྲིས་ནས་ཡོད་དོ༽ཞེས་པ་ལྟར་རྒྱལ་བོའི་བཀའ་ཆེམས་ལ་རྣམ་པ་གཉིས་སུ་ཡོད་པར་མཐོང་སྟེ། གཅིག་ནི༼མཐོ་མཐོང་མ༽དང་། ཅིག་ཤོས་ནི༼བཀའ་ཁོལ་མ༽ཡིན་པ་ལྟར་འདུག་ལ། ཡང་དེ་ཉིད་ལས། ༼གཞན་ཡང་ཇོ་བོ་ཆེན་པོ་ལྷ་ཅིག་གི་ཞལ་ནས་རྒྱལ་བོའི་བཀའ་ཆེམས་ཀྱི་ཡི་གེ་ཤོག་དྲིལ་འདི་དར་ཡུག་སྔོན་པོ་ལ་ཤོག་བུ་བྱས། གསེར་གྱི་ཡི་གེ་བྲིས་ནས་འདུག་པ་མཐོང་ནས་རྒྱས་འབྲིང་བསྡུས་གསུམ་དུ་འདུག་པ་ལྟར༽ཞེས་པ་རྒྱལ་བོའི་བཀའ་ཆེམས་ལ་རྒྱས་འབྲིང་བསྡུས་གསུམ་དུ་འདུག་པར་མཆིས་པས་མགོ་བོ་མགལ་མེ་ཀྱི་འཁོར་ལོ་བསྐོར་བ་ལྟར་གྱུར་བས་གཞི་གཅིག་ཏུ་ཁ་ཚོན་གཅོད་དཀའོ།།
དེ་ནས་ཇོ་བོའི་གཏེར་ནས་དྲངས་པའི་ཤོག་དྲིལ་ཕྱི་མའི་བུ་ཡིག་གི་རྒྱུད་རབས་ལ་བསམ་པར་བྱ་སྟེ། དེ་ཉིད་ལས།༼ཡེ་ཤེས་ཀྱི་མཁའ་འགྲོ་མས་ལུང་བསྟན་ཏེ་གཙུག་ལག་ཁང་གི་ནང་གཏེར་ནས་བྱུང་སྟེ། དུས་ཕྱི་མའི་མི་རྣམས་ཚོགས་ཆེན་པོ་བསོག་པའི་ཆེད་དུ་པོ་ཏི་གླེགས་བམ་གྱི་ནང་དུ་ཡི་གེར་བྲིས་ཡོད། བཀའ་ཆེམས་ཀྱི་ཡི་གེ་འདི་ཡང་མཐོང་བར་དཀའ་བ། ཐོས་པར་དཀའ་བ། རྙེད་པར་དཀའ་བ་ཡིན་ཏེ། དེ་ཇི་ལྟར་དཀའ་ཞེ་ན། ཡེ་ཤེས་ཀྱི་མཁའ་འགྲོ་མས་ལུང་བསྟན་པ་ལས་གཞན་གྱིས་རྙེད་པ་དང་བསྟན་པར་ནུས་པར་དཀའ་བས་སོ།། ཕྱི་མོའི་ཤོག་དྲིལ་གསུམ་པོ་ནི་གཏེར་བསྲུང་བཀའ་སྙན་གྲགས་ནས་ཤུལ་དུ་སྦས་སོ༽ཞེས་པ་ལ་ཤོག་དྲིལ་གསུམ་པོ་ཕྱིར་གཏེར་དུ་སྦས་པ་དང་། ཕྱི་མོའི་ཤོག་དྲིལ་རྒྱལ་བོའི་བཀའ་ཆེམས་ཉིད་བསྡུས་ཏེ་གླེགས་བམ་དུ་ཡི་གེར་བཀོད་པའི་བརྒྱུད་རབས་ནི་དེ་ཉིད་ལས།༼ཇོ་བོ་རྗེས་བང་སྟོན་ལ་གནང་བང་སྟོན་གྱིས་སྟོད་ལུངས་པ་ལ་གནང་། དེས་སྤྱན་སྔ་བ་ལ། དེས་སྣེའུ་ཟུར་བ་ལ། དེས་འབྲི་གུང་བ་ལ། དེས་རྒྱ་མ་བ་ལ། དེས་རྭ་སྒྲེངས་པ་ལ། དེས་དཀོན་བཟང་ལ། དེའི་རྡོ་རྗེ་ཚུལ་ཁྲིམས། དེས་བདག་ལའོ།། ཡི་གེ་འདིའི་ཕྱི་མོ་ཡང་དག་པ་གསུམ་བྱས་ནས་བྲིས།༽ཞེས་པ་ལྟར་རིམ་པར་བརྒྱུད་པའི་རབས་བཅུ་གཅིག་པ་འདིས་ཇེ་རྒྱས་སུ་བཏང་སྟེ་བྲིས་པར་འདོད། གཞན་ཡང་ཡི་གེ་འདིའི་ཕྱི་མོ་འགའ་རེ་ཡོད་པ་ཁོང་གིས་ཡང་དག་པ་གསུམ་ལ་གཞི་བྱས་ནས་བྲིས་པར་འདོད། གཞན་ཡང་ཡི་གེ་འདིའི་ཕྱི་མོ་འགའ་རེ་ཡོད་པ་ཁོང་གི་ཡང་དག་པ་གསུམ་ལ་གཞི་བྱས་ནས་བྲིས་པར་རྩོམ་པ་བོ་རང་གིས་བཞེད་ལ། ཡང་དེའི་འགབ་ན།༼དེ་ལྟར་ཆོས་ཀྱི་རྒྱལ་བོ་སྲོང་བཙན་སྒམ་པོ་ཉིད་ཀྱི་བཀའ་ཆེམས་བཀའ་ཁོལ་མ་ཆེན་མོ་འདི་ཉིད་ལ་ལྷག་ཆད་དང་ཡི་གེ་མཁན་པོས་གོ་མགོ་སོགས་ཀྱི་ནོར་འཁྲུལ་འདུག་པ་རྣམས་ཕྱི་མོ་བཞི་ལས་འདུས་ཏེ། ལྷག་ཆད་རྣམས་ཁ་བཀང་སྟེ་དག་པར་བྲིས་པ་ལེགས་སོ༽ཞེས་ཕྱི་མོ་བཞི་ཞེས་ཀྱང་བརྗོད་ཡོད།
ཡང་བརྒྱུད་རབས་གཅིག་ནི།༼ཕྱི་མོ་གཅིག་བཀའ་ཆེམས་བཀའ་ཁོལ་མ་འདི་དགེ་བཤེས་རྣལ་འབྱོར་བས་དཔེ་ཆུང་བཤུས་ནས་དགེ་བཤེས་སྤྱན་སྔན་བ་ལ་གནང་། དེས་དགེ་བཤེས་བྱ་ཡུལ་བའི་ཕྱག་ན་ཡོད་པ་གདུང་རྟེན་དུ་བཅུག༽ཞེས་པ་ལ་བསམ་ན། ཇོ་བོའི་སྐབསགླེགས་བམ་ལ་བཀོད་པའི་ཤོག་དྲིལ་ཕྱོགས་འགའ་ཤས་ནས་བརྒྱུད་ཡོད་པར་སེམས་སོ།།
དེ་ཡང་རྒྱལ་བོ་སྲོང་བཙན་རང་ཉིད་ཀྱིས་ཡི་གེར་མཛད་མ་མཛད་ལ་བསམ་པར་བྱ་སྟེ། དེ་ལ་ལྷ་སའི་སྨྱོན་མས༼བཞེངས་མཁན་གྱི་མཛད་པའི་ཡི་གེ་ཡོད་དོ༽ཞེས་པ་ལས་སྔར་རྒྱལ་བོ་ཉིད་ཀྱི་མཛད་པར་སེམས་ལ། ཡང་ད་ལྟའི་དཔེ་ཆ་འདི་རྩོམ་པ་བོ་ཉིད་ཀྱིས༼ཡི་གེ་མཁན་པོས་གོ་མ་གོ་སོགས༽དང་འགལ་ལ། བཞེངས་མཁན་གྱི་མཛད་པ་ནི་མཇུག་གི་ཡབ་ཡུམ་གསུམ་གྱི་མ་འོངས་ལུང་བསྟན་གྱི་ཁ་ཆེམས་དང་བསླབ་བྱ་དེ་དག་གི་ནང་དོན་ཡིན་པར་གོར་མ་ཆག་ལ། རྩོམ་སྲོལ་ཡང་ཕྱི་རབས་དུས་ཕྱིས་ཡིན་པར་ཤེས་ནུས་སོ།། ད་ལྟ་ང་ཚོས་མིག་གི་མཐོང་སྣང་དུ་གྱུར་བའི་རྡོ་རིང་གི་ཡི་གེ་དང་དྲིལ་བུའི་ཁ་བྱང་། ཏུང་ཧོང་གི་གཏེར་ཡིག་སོགས་ལས་དཔྱོད་ནུས། དེ་ལ་ཤོག་དྲིལ་གྱི་གཏད་རབས་བཅུ་གཅིག་པས་ལོ་རྒྱུས་ཀྱི་ཤོག་དྲིལ་འདི་གཞིར་བྱས་ནས་ཇེ་རྒྱས་སུ་བཏང་ཡོད་པ་ཤོག་ངོས༨༤ན༼བཀའ་ཆེམས་ལས་བྱུང་ངོ༽ཞེས་པ་དང་། ཤོག་ངོས༢༦༤ན༼དེ་ལྟར་ར་སའི་གཙུག་ལག་ཁང་བཞེངས་པའི་དུས་ན་རྒྱལ་བོ་ཆེན་པོ་སྲོང་བཙན་སྒམ་པོ་དགུང་ལོ་སུམ་ཅུ་སོ་བཞི་ལ་བཞེངས་པ་ཡིན་ནོ།། བལ་མོ་བཟའ་དང་རྒྱ་བཟའ་་གཉིས་ཀྱང་དེ་ དང་འདྲ་བར་ན་སོ་དུས་མཉམ་མོ༽ཞེས་དང་། ཡང་ཤོག་ངོས༩༦ན༼གཉན་པོ་གསང་བ་དེའི་ནང་ནས་མདོ་སྡེ་བཞིའི་གསུང་བཞུགས་ཡོད་པར་གདའ་སྟེ། རྒྱལ་བོ་སྲོང་བཙན་སྒམ་པོའི་ལེའུའི་སྐབས་འོག་ནས་གསལ་ལོ།།༽ཞེས་པ་དང་། ཤོག་ངོས༢༦༥ན༼དེ་ལྟར་བྱས་ན་བྱ་བ་བྱེད་པ་ཐམས་ཅད་འགྲུབ་ཅིང་སེམས་ཅན་ལ་ཕན་ཐོགས་པར་འགྱུར་རོ།། ཅེས་རྒྱལ་བོ་ཆེན་པོས་དེ་སྐད་གསུངས་ནས་རྒྱལ་བོའི་བཀའ་ཆེམས་ཀྱི་ནང་དུ་བྲིས་ནས་བཞག་གོ༽ཞེས་པ་སོགས་ལས་ད་ལྟ་ང་ཚོའི་མཐོང་བའི་བཀའ་ཆེམས་འདི་སྲོང་བཙན་རང་ཉིད་ཀྱིས་མཛད་པ་མིན་པར་ཐག་ཆོད་དོ།། གཞན་རྩོམ་པ་བོ་རང་ཉིད་ཀྱིས་ཀྱང་མཇུག་མཐར༼ལྷག་ཆད་རྣམས་ཁ་བཀང་སྟེ་དག་པར་བྲིས་པ་ལེགས་སོ༽ཞེས་བཀོད་ཡོད་པ་ལས་གཏོགས་ནུས་སོ།། དེས་ན་ཡང་གཏད་རབས་བཅུ་གཅིག་པ་འདི་སུ་ཡིན་ཤེས་དཀའ་མོད་དུས་ནམ་ཚོད་བྱུང་བའི་མི་ཞིག་ཡིན་པ་དཔྱད་པར་བྱ་སྟེ། ཤོག་ངོས༣༢༠ནང༼ཇོ་བོ་རྗེས་བང་སྟོན་ལ་གནང་། བང་སྟོན་གྱིས་ལུངས་པ་ལ་གནང་། དེས་སྤྱན་སྔ་བ་ལ། དེས་སྣེའུ་ཟུར་བ། དེས་འབྲི་གུང་བ་ལ། དེས་རྒྱ་མ་བ་ལ། དེས་རྭ་སྒྲེངས་བ་ལ་གནང་། དེས་སྤྱད་སྔ་བ་ལ། དེས་སྣེའུ་ཟུར་བ། དེའ་འབྲི་གུང་བ་ལ། དེས་རྒྱ་མ་བ་ལ། དེས་རྭ་སྒྲེངས་པ་ལ། དེས་དཀོན་བཟང་ལ། དེས་རྡོ་རྗེ་ཚུལ་ཁྲིམས། དེས་བདག་ལའོ།། ཡི་གེ་ཕྱི་མོ་ཡང་དག་པ་གསུམ་བྱས་ནས་བྲིས།༽ཞེས་པས་ཀྱང་ད་ལྟའི་མཐོང་སྣང་དུ་གྱུར་བའི་བཀའ་ཆེམས་འདི་ཉིད་རྩོམ་པ་བོ་རང་གིས་བྲིས་པ་གསལ་ནུས་ལ། རྩོམ་པ་བོའི་མཚན་གསལ་མི་ནུས་མོད་ཁོང་གིས་དུས་ནམ་ཚོད་བྲིས་པ་ཕལ་ཆེར་རྟོགས་ཐུབ། རབ་བྱུང་གསུམ་པའི་ཤིང་ཁྱི་ལ་འབྲི་གུང་བ་རྡོ་རྗེ་ཚུལ་ཁྲིམས་འཁྲུངས་པར༼བསྟན་རྩིས་ཀུན་བཏུས༽ནས་གསལ། སྤྱི་ལོ༡༡༥༥དེས་བདག་ལའོ་ཞེས་པ་ལ་གཞིགས་ན་ད་ལྟའི་བཀའ་ཆེམས་འདི་ལྷག་ཆད་ཁ་བཀང་སྟེ་འབྲི་བའི་དུས་ནི་སྤྱི་ལོ༡༢༠༠ ནང་ཡིན་པར་འདོད་དོ།། ཇོ་བསྟོད་དང་ལམ་རིམ་ལྟར་ན་རབ་བྱུང་དང་བོའི་ས་ཡོས་ལ་ཇོ་བོ་རྗེ་མངའ་རིས་སུ་ཕེབས་པར་བཤད་ལ། དེ་ནས་བརྒྱུད་རབས་བཅུ་གཅིག་ན་ཉུང་མཐར་ཡང་༡༢༠༠ནང་བབས་ཡོད་པར་གོར་མ་ཆག་གོ།
དེ་ཡང་མ་དག་རྒྱུན་འབྱམས་སུ་སོང་ན་རང་རིགས་ཕྱི་རབས་ལ་གནོད་པས་དག་པ་གཙུག་ལ་འཛིན་རྒྱུ་ནི་ཤིན་ཏུ་ནས་གལ་ཆེའོ།། ༼ཐུའུ་བཀན་གྲུབ་མཐའ་ཤེལ་གྱི་མེ་ལོང༽ཤོག་ངོང༥༧ལས་ཐོག་མར་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐུགས་རྗེ་ཆེན་པོའི་བསྐྱེད་རྫོགས་སོགས་ཀྱི་གདམས་པ་རྒྱ་ཆེར་གསུངས་ཤིང་ཉམས་སུ་ལེན་པ་ཡང་མང་དུ་བྱུང་སྟེ། བོད་ཁམས་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་ཤིང་ཡིག་དྲུག་བཟླ་བ་འདི་ཐོག་མར་འདི་ནས་དར། དེ་ལྟར་རྒྱ་གར་ནས་སློབ་དཔོན་ཀུ་ས་ར་དང་བྲམ་ཟེ་ཤཾ་ཀ་ར། བལ་བོའི་སློབ་དཔོན་ཤཱི་ལ་མཉྫུ་སོགས་སྤྱན་དྲངས་ནས་རྒྱུད་ཀྱི་ཆ་ལག་མང་དུ་བསྒྱུར་ཅེས་ཀ་ཁོལ་མར་འབྱུང་། ཞེས་པ་འདི་འདྲ་ད་ལྟ་ང་ཚོའི་མིག་མཐོང་དུ་གྱུར་བའི་བཀའ་ཆེམས་ཀ་ཁོལ་མར་མཇལ་རྒྱུ་མི་སྣང་ལ་གཞན་དུ་མེད་པའི་ངེས་པ་མ་མཆིས་སོ།། བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་ལོ་ཙཱ་བའི་མཚན་བྱང་དུ་གོང་གསལ་གྱི་ལོ་ཙཱ་བ་གསུམ་གྱི་མཚན་བྱང་གསལ་བར་བཞུགས་པ་ཁྲི་སྲོང་ལྡེ་བཙན་སྐབས་ཡིན་པར་གསལ།
ཇི་སྐད་དུ། རྗེ་ས་པཎ་གྱིས། མཁས་པ་རང་གིས་དཔྱོད་ཤེས་ཀྱི།། བླུན་པོ་གྲགས་པའི་རྗེས་སུ་འབྲངས།། ཁྱི་རྒན་ཀུ་ཅོ་འདོན་པ་ན།། རྒྱུ་མཚན་མེད་པར་གཞན་དག་རྒྱུག །ཞེས་པ་ལེགས་པར་བཤད་པའོ།།
དེ་ཡང་ཁ་བ་ཅན་གྱི་ལྗོངས་འདིར་འགྲོ་བ་མི་འཕེལ་བའི་བཤད་ཚུལ་ལས་འཕྲོས་ན། དེ་ཉིད་སྤྱན་རས་གཟིགས་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་གསོལ་བ།༼བྱང་ཕྱོགས་ཁ་བ་ཅན་དུ་སྐྱེས་པའི་སེམས་ཅན་མ་ཀི་རྣམས་ནི་དེ་བཞིན་གཤེགས་པའི་གདུལ་བྱར་མ་གྱུར་བས་མཚན་མོ་མུན་པའི་སྨག་རུམ་དུ་གྱུར་བས་ངན་འགྲོ་ནས་ངན་འགྲོའི་མིའི་འཇིག་རྟེན་དུ་སྐྱེས་པ། ཤི་བ་ཐམས་ཅད་གཅིག་ཀྱང་ཡར་ལ་མི་ཟློག་པར་མཚོ་ལ་ཁ་བ་བབས་པ་བཞིན་དུ་ངན་སོང་དུ་འགྲོ་བ་ཡིན་པས་མ་འོངས་པ་ན་ཁྱོད་ལྟ་བུའི་བྱང་ཆུབ་སེམས་དཔའི་འདུལ་བར་འགྱུར་རོ༽ཞེས་གསུངས་པ་ལྟར། སྤྲེའུ་བྱད་ཧ་ལུ་མ་ད་བྱ་བ་སྤྱན་རས་གཟིགས་ཀྱི་སྤྲུལ་བའི་སློབ་མ་དེ་རི་བོ་པོ་ཏ་ལར་སྤྱན་རས་གཟིགས་ཀྱི་དྲུང་དུ་ཕྱིན་པའི་སྤྱན་རས་གཟིགས་ཀྱིས་སྤྲེའུ་བྱང་ཆུབ་སེམས་དཔའི་འདུལ་བར་འགྱུར་རོ་ཞེས་གསུངས་པ་ལྟར། སྤྲེའུ་བྱང་ཆུབ་སེམས་དཔའ་ཞེས་མིང་བཏགས་ནས་བྱང་ཕྱོགས་ཁ་བ་ཅན་གྱི་རི་ལ་སྒོམ་དུ་བཏང་ངོ་།། དེ་ནས་བྲག་སྲིན་མོ་དང་འདུས་པ་ལས་ཟླ་བ་བཅུ་ན་དེ་ལ་བུ་ཕ་ཡང་ མི་འདྲ། མ་ཡང་མི་འདྲ་བ། ལུས་ལ་སྤུ་མེད་པ་མཇུག་མ་མེད་པ། གདོང་བ་དམར་བ། ཟས་སུ་ཤ་ཁྲག་དམར་པོ་ཟ་བ། སྐོམ་དུ་ཁྲག་དྲོན་མོ་འཐུང་བ་ཅིག་སྐྱེས་སོ།།དེ་སྐྱེས་པ་དང་མ་བྲག་སྲིན་མོ་དེ་གསུས་པ་ལྟོགས་ནས་བུ་དེ་ཟ་བར་འདུག་པ་དང་། ཕ་སྤྲེའུ་དེས་འཁུར་ནས་ནགས་མ་བྱ་ཚོགས་ཅན་དུ་སྤྲེའུ་མང་བོ་ཟླ་ལ་བསྐྱལ་ལོ།། ཕང་ཕོད་ལྟར་ཕྱིན་པས་ཕྲུ་གུ་བཞི་བརྒྱ་སྐྱེས་ནས་འདུག་པ་མེས་པོ་སྤྲེའུ་སྒོམ་དེ་མི་འདྲ་བ། ཕ་དེ་མི་འདྲ་བ། མ་སྤྲེའུ་མོ་དེ་རྣམས་དང་མི་འདྲ་བ། སྤུ་དང་མཇུག་མ་མེད་པ། ཤིང་ལ་མི་ཐར་བ། ཤི་ལ་ཁད་པ་ཁ་དམར་དམར་ཏིང་ཏིང་འདུག་པས་དེ་རྣམས་དང་མེས་པོ་སྤྲེའུ་སྒོམ་དེ་སྙིང་རྗེ་སྐྱེས་ནས་ཤིང་ཏོག་བཏུས་ཀྱིན་གསོས་པས་མ་ཤི་ཙམ་བྱུང་། མེས་པོའི་ལུས་ཀྱི་སྤུ་ཐམས་ཅད་ཀྱང་བྱི། རྐང་བ་དང་ལག་པ་ཡང་གས། མཇུག་མ་ཡང་སྐྱ་བ་བཞིན་སོང་ནས་སྤྲེའུ་རྒན་རྫུ་འཕྲུལ་གྱི་རི་བོ་པོ་ཏ་ལར་ཕྱིན་ཏེ་འཕགས་པ་ལ་ཞུས་པ་དང་། འབྲུ་སྣ་ལྔ་ཡང་མཁྱེར་ནས་བོད་ཁ་བ་ཅན་དུ་ལོག་པ་ལས་རིགས་རྒྱུད་འཕེལ་བར་བཤད་ལ། དེ་ལྟ་ན་བོད་ཁ་བ་ཅན་གྱི་འགྲོ་བ་མི་ཆགས་ནས་ད་བར་དུ་ལོ་ཉིས་སྟོང་ལྷག་ལས་འགོར་མེད་པས་མཁས་པ་ཆེན་པོའི་གསུང་བརྩི་བར་སྣང་སྟེ། ཡོངས་གྲགས་ཀྱི་ལོ་རྒྱུས་ཆེན་པོ་རྣམས་སུ་བོད་འདི་ཡང་རྒྱ་གར་ནག་དང་འདྲ་བར་གནའ་དུས་རིང་མོ་ནས་ཆགས་པར་བཤད་པ། ད་ལྟའི་ཚན་རིག་གི་འགྲེལ་བཤད་དུའང་རྡོ་ཆས་གསར་བའི་དུས་རབས་ནས་འགྲོ་བ་མི་བྱུང་ཡོད་པར་བཞེད་པ་དང་མི་མཐུན་པས་སོ།། ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་ལས་རིགས་རྒྱུད་འཕེལ་བར་བཤད་སྲོལ་འདི་བོད་དུ་ཆེས་སྔ་ཤོས་ཡིན་ལ། ད་ལྟ་འཛམ་གླིང་ཚན་རིག་གི་ཡང་རྩེར་རློམ་པའི་བཤད་བྱ་ཡང་སྤྲ་མི་མི་ལ་འགྱུར་བར་གྲགས་ལ། ང་ཚོས་བོད་རང་གི་བཤད་སྲོལ་རྨ་མེད་པ་འདིའི་ཆོས་ལུགས་ཀྱིས་སྤྲས་པའི་ཕྱི་ཤུན་བཤུས་ན་ཡང་དག་འོད་ཟེར་སྟོང་ལྡན་དུ་འཕྲོ་བའི་ཚན་རིག་ཅིག་ཡིན་ལ། བོད་ཕྱི་རབས་པའི་བྲིས་པའི་ལོ་རྒྱུས་ལ་ཆོས་ལུགས་ཀྱི་གྲུབ་མཐའི་ཕྱོགས་ཞེན་དབང་གིས་ལོ་རྒྱུས་དོན་དེན་དངོས་ཀྱི་རིན་ཐང་ལྡན་པའི་གསེར་ཞལ་དུ་མི་གཙང་སྐྱག་རྫུན་སྦྱར་ཏེ་གཞན་པའི་མི་རིགས་ལ་སྟོན་སྲོལ་མེད་པ་དང་། ལོ་རྒྱུས་སུ་བརྩི་བ་ཞིག་ཏུ་གྱུར་བ་ནི་ཧ་ཅང་ཡིད་ཕམ་གྱི་གནས་ཤིག་ཡིན་པས་མ་འོངས་ལོ་རྒྱུས་མཁན་པོ་རྣམས་ལ་ལོ་རྒྱུས་ཞེས་པ་ནི་དོན་དངོས་ཞིག་ཡིན་དགོས་པའི་རེ་འབོད་ལན་བརྒྱར་བསྒྲགས་པའོ།།
དེ་ཡང་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་ཚུལ་ལ་བསམ་པར་བྱ་སྟེ། ཀ་ཁོལ་མ་ལས་ཤཱཀྱའི་རྒྱལ་རྒྱུད་ཀྱི་རྒྱལ་བོ་ཤར་བ་དེ་ལ་སྲས་གཉིས་ཡོད་པ་རྒྱལ་བོ་སྐྱབས་སེང་དང་། རྒྱལ་བོ་དམག་བརྒྱ་བ་གཉིས་ཡིན་ནོ།། ཁོང་སྤུན་གཉིས་ཡབ་རྒྱལ་བོའི་རྒྱལ་སྲིད་ལ་མ་འཆམས་པར་འཐབ་པས་རྒྱལ་བོ་སྐྱབས་སེང་རྒྱལ་བོའི་དུས་སུ། རྒྱལ་བོ་དམག་བརྒྱ་བ་ཕམ་ནས་འདི་ཅིས་ལན་པ་ཡིན་རྩིས་བྱས་པས། རྩིས་མཁན་ན་རེ་རྒྱལ་བོ་ཁྱོད་ལ་སྲས་ཡ་མཚན་ཅིག་སྐྱེ། གནམ་རིམ་པ་བཅུ་གསུམ་གྱི་སྟེང་དུ་ལྷས་སྨུ་ཐག་ལ་འཐེན་ནས་འབྱོན། དུས་ཕྱི་མ་ལ་ལྷའི་སྨུ་ཐག་རིང་པོ་ལ་འཇུས་ཏེ་བབས་ནས་འབྱོན། དུས་ཕྱི་མ་ལ་ལྷའི་སྨུ་ཐག་རིང་བབས་ནས་གངས་ཅན་གངས་རིའི་ཁྲོད་རི་གླང་རུའི་ཞོལ་དུ་བོད་ཀྱི་རྗེ་རྒྱལ་བྱེད་པ་ཅིག་སྐྱེ། སྲས་དེ་རྒྱལ་སྲིད་འཛིན་ཁ་མ་ལ་ཤི་ཟེར་རོ།། རྩིས་མཁན་གྱིས་དེ་སྐད་དུ་ལུང་བསྟན་པས། རྒྱལ་བོ་དམག་བརྒྱ་བའི་གཙུན་མོ་མཆོག་བཟང་མ་སྲས་གཅིག་སྐྱེས་པ་ལ་སྲས་རྒྱལ་བུ་མིག་བྱ་མིག་ལྟར་ཡར་ལ་འགེབས་པ། སྐྲ་རྒྱ་ཁམ་པ་ཡོད་པ། གཡུའི་སྨིན་མ་ཡོད་པ། སོ་དུང་སོ་འཁོར་བ་ཡོད་པ། ལག་པ་བྱའི་རྒྱལ་བོ་ངང་བ་ལྟར་དྲ་བས་འབྲེལ་བ་ཅིག་སྐྱེས་པས་རི་གླང་རུ་ལ་བབས་པར་ལུང་བསྟན་ཏེ་དེའི་མིང་ནི་རུ་བ་སྐྱེས་ཞེས་བྱའོ།།༼བཤད་ཚུལ་འདི་སྤུ་དེ་གུང་རྒྱལ་གྱི་སྤུན་དུ་གྱུར་བ་རུ་ལས་སྐྱེས་ཀྱི་གཏམ་རྒྱུད་སྐོར་དང་མཐུན་ཚུལ་མང་དུ་མཆིས༽དེ་ཡབ་ཀྱིས་ཐོས་ནས་ལྟས་ངན་ཡིན་པས་སོད་ཅིག་གསུང་ངོ་།། བློན་པོས་སྲས་དེ་མཚོན་གྱིས་གསོད་མ་ནུས་པར་ཟངས་ཀྱི་གའུ་ཁ་སྦྱར་དུ་བཅུག་ནས་ཆུ་བོ་གང་གཱ་ལ་བསྐྱུར་བས། དེ་མ་ཤི་བར་གྲོང་ཁྱེར་ཡངས་པ་ཅན་གྱི་ཆུ་ཁུའི་རྐ་མགོ་ནས་ཞིང་བ་ལྔ་ཐུབ་ཅན་གྱིས་རྙེད་ནས་ཁོས་ཁྱིམ་དུ་ཁྱེར་མ་ནུས་པར་ནགས་ཁྲོད་དུ་གསོལ་པའི་ཚེ། བྱ་ཐམས་ཅད་ཀྱིས་སྐྱོ་རོགས་བྱེད་པ། གཅན་གཟན་ཐམས་ཅད་ཀྱིས་ཤ་སྐྱེལ་བ། ཤིང་གི་གྲིབ་མས་བསྒྲིབས་པའི་ཉི་མའི་ཚད་མི་ཡོང་བ། བསྐྱེད་རབ་ཏུ་ཆེ་བ་ཞིག་ཏུ་ བྱུང་བས། དེའི་དུས་ན་རྒྱལ་བུ་དེ་ན་རེ། བསོད་ནམས་རབ་ཏུ་ཆེ་བར་འདུག་པ་ལ། ངའི་ཡུལ་འཁོར་ན་ང་ལ་ཡབ་མེས་ཇི་སྐད་བྱ་བ་དང་ཅི་འདྲ་ཡོད་ཅེས་དྲིས་པས། ཞིང་བ་ལྔ་ཐུབ་ན་རེ། བུ་ཁྱོད་ཀྱི་ཕ་རྒྱལ་བོ་དམག་བས་ཟངས་སུ་བཅུག་ནས་ཆུ་ལ་བསྐྱུར་བའི་ལོ་རྒྱུས་ཞིབ་རྒྱས་བཤད་པས། ཁོ་བྲེད་ནས་རི་ལ་བྲོས་པས་ལྷ་རི་གྱང་མཐོའི་རྩེ་མོར་བྱུང་ངོ་།།ད་རུང་བྱང་ཕྱོགས་ཁ་བ་ཅན་དུ་ཁ་བལྟས་ནས་ལྷ་རི་ཡོར་པོའི་རྩེ་ལ་བྲོས་པས། གནམ་ལྷས་ཁོའི་སྤྱི་བོའི་དབུ་སྐྲ་ལ་ལྷ་ཐག་དང་དམུ་ཐག་བཏགས་ནས་ཡར་ལ་འཐེན་ཏེ་གནམ་རིམ་པ་བཅུ་གསུམ་གྱི་སྟེང་དགའ་ལྡན་ལྷ་ཡུལ་དུ་བྱོན་ནོ།། དེ་ནས་གནམ་རིམ་པ་བཅུ་གསུམ་གྱི་སྟེང་དུ་བཞུགས་ནས་ལྷ་རབས་ཐེན་དགུ་དང་ལྷ་མཆེད་བཞིའི་ཡང་མེས་དགུ་མེས་མཛད་དོ།། བོད་ཀྱི་མིའུ་རིགས་བཞི་འདུལ་བའི་རྗེ་རུ་འབྱོར་པར་དགོངས་ནས་རྒྱལ་བོ་རུ་ བ་སྐྱེས་ཞེས་བྱ་བ་ཉིད་ལ་ཕྱྭའི་ལྷ་དེ་ལ་མགོའི་སྤྱི་བོ་ན་ལྷའི་དམུ་ཐག་ཡོད་པས། ལྷས་དམུ་ཐག་གནང་ནས་སྐས་གདང་དགུ་ལ་བབས་ཏེ། ལྷ་རི་ཡོར་བའི་རྩེར་མོར་བྱོན་ནས་ལྷ་རི་ཡོར་བའི་འགུལ་གཡའ་དང་སྤང་གི་མཚམས་ན་བོན་པོ་ཤེས་པ་ཅན་བཅུ་གཉིས་ཡོད་པ་དང་འཕྲད་ནས་ལྷའི་སྤྱི་བོ་ནས་མཛུབ་མོ་གནམ་དུ་བསྟན་པས། བོན་པོ་རྣམས་ན་རེ། འདི་གནམ་ནས་ཡོང་བའི་ལྷ་བཙན་པོ་ཅིག་འདུག་ཅེས་ཤིང་གི་ཁྲི་ལ་བཞག་ནས་གཉའ་བར་ཁུར་ནས་ལྷ་གཉའ་ཁྲི་བཙན་པོ་ཟེར་བ་ཡིན་ནོ་ཞེས་པ་ལས་དཔྱད་པ་ཞིག་འདུག་པ་ནི། དེ་ཉིད་ལས་ཤཱཀྱ་རི་བྲག་གི་བུ་རྒྱུད་དྲུག་པ་ནས་རྒྱལ་སྲིད་མ་འཆམ་པར་བཤད་ལ། དེ་ནས་ཆུ་བོ་གངྒ་ལ་བསྐུར་ཏེ་ཞིང་བས་རྙེད་ནས་ཐར། དེ་ནས་བྱང་ཕྱོགས་ཁ་བ་ཅན་ཏུ་ཁ་བལྟས་ནས་ལྷ་རི་ཡོར་བོའི་རྩེ་ལ་བྲོས་ཏེ་ལྷའི་དམུ་ཐག་ལ་བརྟེན་ནས་རིམ་པ་ བཅུ་གསུམ་གྱི་སྟེང་དགའ་ལྡན་ལྷ་ཡུལ་ཏུ་བྱོན། དེ་ནས་ལྷ་རབས་མཆེད་བཞིའི་ཡང་མེས་དང་དགུ་མེས་མཛད་དེ་ལྷ་དེ་ལྷ་རབས་བཅུ་ལྷག་ཞིག་སྤེལ་ཏེ་སླར་བོད་དུ་བབས་པ་བདག་ལྟའི་གང་ཟག་ཕལ་བའི་བློ་ངོར་ཤོང་དཀའ་བས་སོ།། ཅིའི་ཕྱིར་ཞེ་ན། ཤཱཀྱ་རི་བྲག་ནི་བདག་ཅག་གི་སྟོན་པ་དང་དུས་མཉམ་ཡིན་པར་དེ་ཉིད་ལས་གསུངས་ལ། དེ་ནས་བུ་རབས་དྲུག་པ་དམག་བརྒྱ་བའི་སྲས་རུ་བ་སྐྱེས་ཞེས་པ་ལྷ་ཡུལ་ནས་སྲས་རབས་བཅུ་ལྷག་སྤེལ་ཅིང་ཡང་མྱེས་དགུ་མྱེས་མཛད་དེ་བོད་དུ་བྱོན་པ་དང་། ཡང་ཁོས་མཛུབ་མོ་གནམ་ཏུ་སྟོན་པ་དང་ལྷ་ཡུལ་གྱི་རབ་དང་རིམ་པ་བཤད་ཤེས་པ་ལྡོག་ཟླ་རེད། ཡང་རྒྱ་གར་བའི་མི་ཞིག་ལྷ་ཡུལ་དུ་ལོ་མང་བོ་བཞུགས་པ་བོད་སྐད་མི་ཤེས་པས་འབངས་ཇི་ལྟར་དབང་བསྐུར། བུ་དེ་ཆུ་ལ་བསྐུར་བ་ཡིན་ན་གངྒ་བོད་ནས་ཐུར་ཏུ་འབབ་པས་ཁ་མར་ཕྱོགས་འཁོར་ན་བདེ་བ་ལས་བོད་དུ་ཕྱིར་བྲོས་ན་ཁ་ཐག་རིང་བས་སོ།།
ཡང་གཉའ་ཁྲི་བཙན་པོའི་བཤད་ཚུལ་ལས་འཕྲོས་ན། ལོ་ཙཱ་བ་རིན་བཟང་གི་བསྒྱུར་བའི་ལྷ་ལས་ཕུལ་བྱུང་གི་འགྲེལ་བ་ལས་ཁྱབ་འཇུག་གིས་སྲིད་སྒྲུབ་ལ་གདམས་པའི་གཏམ་རྒྱུད་ཀྱི་མཇུག་ཏུ།༼རུ་བ་ཏི་ཞེས་བྱ་བའི་རྒྱལ་བོ་དཔུང་གི་ཚོགས་གཅིག་དང་བཅས་པ་གཡུལ་འགྱེད་པའི་ཚེ། བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་བྲོས་ནས་རི་ཁ་བ་ཅན་གྱི་རི་ཁྲོད་ཏུ་ཞུགས་ཏེ། གནས་པའི་རིགས་ལས་དེང་སང་ན་ཡང་བོད་ཅེས་བྱ་བར་གྲགས་པ་ཡིན་ནོ༽ཞེས་གོང་གི་གཏམ་རྒྱུད་དང་གཤམ་གྱི་གཏམ་རྒྱུད་པུ་རན་སྔོན་རབས་ལས་བྱུང་བ་དེའི་བར་དུ་འབྲེལ་མེད་པའི་ཚིག་ལྷག་ཅིག་བཅུག་ཡོད་དོ།། མ་ཧ་བྷ་ར་ཏ་ནི་རྟ་དབྱངས་ཀྱིས་སྤྱི་ལོ་བརྒྱ་བའི་དུས་སུ་སངས་རྒྱས་སྤྱོད་པ་ཐོབ་ཀྱི་ལེའུ་ལས་དྲངས་ཡོད། གུ་བྷའི་རྒྱལ་རིང་སྤྱི་ལོ༩༩༢ལོར་བཙུགས་པའི་རྡོ་རིང་ལས་མ་ཧ་བྷ་ར་ཏའི་གཏམ་རྒྱུད་བྱུང་ཡོད་པར་གསལ། སུ་རན་སྔོན་རབས་ནི་རྩོད་ལྡན་གྱི་དུས་སུ་བྱུང་བ་ཡིན་ནོ།། དེབ་ཐེར་གསར་མ་ཤོག་ངོས་དྲུག་པ་ལས་ཡང་རྩོད་ལྡན་གྱི་ཐོག་མ་རྒྱལ་བོ་སྐྱབས་སེང་གི་བུ་ལས་རུ་ཏྲ་དཔུང་ཚོགས་བཅོམ་པའི་ཚེ། རུ་ཤི་ཞེས་བྱ་བའི་རྒྱལ་བོ་དཔུང་ཚོགས་དང་བཅས་པ་བུད་མེད་ཀྱི་ཆས་སུ་བྱས་ཏེ་རི་ཁ་བ་ཅན་གྱི་ནང་དུ་ཞུགས་པའི་རིགས་ལས་ཆད་པ་སོགས་དུ་མ་ཞིག་སྣང་ཞེས་གསལ་ལ། རྒྱལ་ཁམས་འགྲིམ་པའི་ལོ་རྒྱུས་སྨྲ་བ་དགེ་ཆོས་ལགས་ནས༼རྒྱལ་ཁམས་རིག་པའི་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ༽ལས༼འགའ་ཞིག་བུད་མེད་ཀྱི་ཆས་སུ་སྦས་སོ་ཟེར་ཀྱང་ལྷ་ལས་ཕུལ་བྱུང་གི་འགྲེལ་བའི་ལོ་རྒྱུས་དེ་འདྲ་ནི་མ་ཐོས་སོ༽ཞེས་གསལ་བསྒྲགས་བྱས་ཡོད་དོ།།
དེ་ཡང་ནང་འགལ་ཅན་འགའ་ཤས་མཐོང་བ་ཡང་འདི་ལྟར།
༡.འབྲུ་སྣ་ལྔ་གནང་ཚུལ་འགལ་བ།༼འཕགས་པ་ཨཱརྱ་པ་ལོ་ལགས། ངས་ཁ་བ་ཅན་ཏུ་ཕྱིན་ཏེ་བྲག་རུམ་གྱིས་དབུས་ཀྱི་བྲག་ཕུག་ཅིག་ཏུ་སྒོམ་ཡིན་ཡོད་པའི་མདུན་དུ་བྲག་སྲིན་མོ་ཅིག་བྱུང་ནས།  ཁྱོད་དང་ང་གཉིས་ཁྱིམ་ཐབ་བྱའོ་ཟེར་དུ་བྱུང་བའི་བྱར་རུང་ངམ་མི་རུང་ཞུས་པས། འཕགས་པ་ཨཱརྱ་པ་ལོའི་ཞལ་ནས་ཁྱིམ་ཐབ་གྱིས་ཤིག་གསུངས་ནས་བྱ་དགའ་གནང་ངོ་།། འབྲུ་སྣ་ལྔ་གནང་། རིན་པོ་ཆེའི་གཏེར་ཁ་འབྱེད་པར་བྱིན་གྱིས་བརླབས། སྤྲེའུ་སྒོམ་ཁྱོད་ཀྱི་བུ་ཚ་བོ་རྣམས་སངས་རྒྱས་ཀྱི་རྒྱུར་འགྱུར་རོ་ཞེས་གསུངས་སོ༽ཞེས་བྱ་དགའ་གསུམ་གྱི་དང་བོ་འབྲུ་སྣ་ལྔ་གནང་ལ། ཡང་ཤོག་ངོས༥༣སྟེང་༼ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ལགས། ངས་དེ་རྣམས་མ་སོས་མ་སྐྱོངས་པས་ང་ལ་སྡུག་བསྔལ་ཆེན་པོ་བྱུང་བ་ལགས་བྱས་པས། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་ནས། སྤྲེའུ་སྒོམ་ཁྱོད་ཀྱི་བུ་དང་ཚ་བོ་དང་ཡང་ཚ་རྣམས་ཀྱི་ཟས་སྐལ་འདི་ཡིན་པས། འདི་ལ་གྱིས་ཤིག་གསུངས་ནས། འབྲུ་རྣམ་པ་ལྔ་གནང་ལུགས་སྔ་ཕྱི་འགལ་བའོ།།༽
༢.རྒྱལ་བོ་སྲས་གཙང་གིས་སྲས་གསུམ་ཐོ་མི་ཐུག་པ། ཤོག་ངོས༧༦སྟེང༼རྒྱལ་བོ་སྲས་གཙང་གི་སྲས་ནི། ཨ་བོ་མོས་པ། འབྲིང་བོ་དོན་གྲུབ། ནུ་བོ་གཅུང་དགའ་བོ་དང་གསུམ་ཡིན་ནོ།། འབྲིང་བོ་རྒྱལ་བོ་དོན་གྲུབ་ཀྱི་སྲས་སྒྲ་ཅན་འཛིན་ཡིན་ལ་ཡབ་ཀྱི་དྲུང་དུ་རབ་དུ་བྱུང་ནས་དགེ་སློང་བྱས་ཏེ་ཐར་བར་གཤེགས་པས་རྒྱལ་བོ་དོན་གྲུབ་ཀྱི་གདུང་རྒྱུད་ཆད་ཅེས་བྱ་བར་གྲགས་སོ།། འབྲིང་བོ་ཤཱཀྱ་ལི་ཙ་བྱིའི་བུ་རྒྱུད་ནི་གསེར་དངུལ་ཟངས་བཞིའི་འཁོར་ལོ་བསྒྱུར་བའི་རྒྱལ་བོ་བཞི། བུ་ཚ་ཡང་ཚའི་རྒྱུད་དང་བཅས་མང་དུ་ཡོད་དོ།། ད་རུང་ཤཱཀྱ་ལི་ཙ་བྱིའི་རྒྱུད་པ་ནི། རྒྱལ་བོ་གཟུགས་ཅན་སྙིང་བོ་དང་། རྒྱལ་བོ་གསལ་རྒྱལ་ལ་སོགས་པ་རྒྱལ་རྒྱུད་བུ་ཚ་ཡང་ཚར་བཅས་པའི་ལྷ་མང་དུ་བཞུགས་ཡོད་དོ།། ཤཱཀྱ་རི་བྲག་པའི་བུ་རྒྱུད་ནི་གྲོང་ཁྱེར་པདྨ་ཅན་ན་རྒྱལ་བོ་པདྨ་ཆེན་པོ། དེའི་བུ་རྒྱུད་མུ་ཁྱུད་མཐའ་ཡས། དེའི་བུ་རྒྱུད་གཏུམ་པོ་མཐའ་ཡས། དེའི་བུ་རྒྱུད་ནི་གྲོང་ཁྱེར་པད་ས་ལ་ན་རྒྱལ་བོ་འཆར་བྱེད། འཆར་བྱེད་ཀྱི་བུ་ཤར་བ། དེའི་བུ་སྲས་རྒྱལ་བོ་ཤར་བ་དེ་ལ་སྲས་གཉིས་ཡོད་པ་རྒྱལ་བོ་སྐྱབས་སེང་དང་། རྒྱལ་བོ་དམག་བརྒྱ་བ་གཉིས་ཡིན་ནོ།།༽ཞེས་པ་ལས་འབྲིང་ པོ་རྒྱལ་བོ་དོན་འགྲུབ། ཡང་འབྲིང་བོ་ཤཱཀྱ་ལི་ཙ་བྱི། ཡང་ཤཱཀྱ་རི་བྲག་ཞེས་ཤཱཀྱའི་བརྒྱུད་བཤད་སྐབས་སུ་འདི་འདྲའི་འགལ་མེད་བསྐོར་ཡོད་དོ།།
༣.ཤཱཀྱའི་མིང་རབས་འདེད་པ་འགལ་བ། ཤོག་ངོས༨༣སྟེང༼དེ་ནས་མི་རབས་འབུམ་ཚོ་གཉིས། ཁྲི་ཚོ་དགུ་བཅུ། སྟོང་ཚོ་གོ་ལྔ་སུམ་བརྒྱ་དོན་བདུན་ན། རྒྱལ་བོ་བར་ར་དྷཱཙ་དང་གོའུ་ཏ་མ་བྱུང་ངོ་།། དེ་ནས་མི་རབས་ལྔ་ཁྲི་ལྔ་སྟོང་དང་བཅུ་བཞི་ན། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱུང་ངོ་།།༽ཞེས་གོང་གི་རྒྱལ་རྒྱུད་འདེད་པ་དང་འདི་ནས་མི་རབས་འདེད་པ་ནང་འགལ་ཆེའོ།། ཤཱཀྱའི་རིགས་ནི་གོ་ཏ་མའི་ཚ་བོ་ཡིན་ན་མི་རབས་བརྒྱ་ཐམ་པ་ཇི་ལྟར་འདས།
༤ .རྒྱལ་ཁབ་བཞིའི་བློན་པོ་རྒྱ་བཟའ་སློང་དུ་སོང་བ། ཤོག་ངོས༡༤༨སྟེང་།༼རྒྱལ་བོ་ཀོང་རྩེའཕྲུལ་ཆུང་གི་ཕོ་བྲང་དུ། མི་རིགས་མི་གཅིག་པའི་གཉེ་བོ་ཚན་པ་བཞི་འཚོགས་ཏེ། རྒྱ་གར་ཆོས་ཀྱི་རྒྱལ་བོའི་རྟ་བ་བརྒྱ། སྟག་གཟིག་ནོར་གྱི་རྒྱལ་བོའི་རྟ་བ་བརྒྱ། ཁྲོམ་གེ་སར་དམག་གི་རྒྱལ་བོའི་རྟ་བ་བརྒྱ། བོད་ཀྱི་རྒྱལ་བོའི་རྟ་བ་བརྒྱ་དང་བཅས་པའི་རྟ་བ་བཞི་བརྒྱ་ཙམ་དུ་ལྷགས་སོ།།༽ཞེས་དང་། ཡང་ཤོག་ངོས༡༦༡ན༼ཧོར་ན་རེ་ངེད་ལ་མ་སྦྱིན་ན་དམག་འདྲེན་ཟེར། སྟག་གཟིག་ན་རེ་ངེད་ལ་མ་སྦྱིན་ན་མེས་སྲེག་ཟེར། རྒྱལ་གར་བ་ན་རེ་ངེད་ལ་མ་སྦྱིན་ན་ངན་སྔགས་ཀྱིས་ཡུལ་ཁམས་འཕུང་བར་བྱེད་ཟེར། ཁྲོམ་ན་རེ་ངེད་ལ་མི་སྟེར་ན་ཡུལ་ཁམས་ཆུས་འགེངས་ ཟེར། དེར་བློན་པོ་རྟ་བ་ལྔ་བརྒྱ་ཚོགས་ནས་ལར་མི་རྟ་སྟོང་ཚོ་གཅིག་ཚོགས་ཟེར་བའང་ཡོད་དོ།།༽ཞེས་བོད་ཕུད་པ་དང་། ཧོར་བགྲང་བའི་རྒྱལ་ཁབ་ལྔའི་བློན་པོ་ལྔར་གྱུར་ཡོད་དོ།།
༥.རྒྱ་མོ་ཨོང་ཅོང་བསུ་དུས་ཀྱི་འགལ་བ། ཤོག་ངོས༡༩༩སྟེང་། ལྷ་ཅིག་འཕྲུལ་གྱི་ཨོང་ཅོང་འདི་རྫུ་འཕྲུལ་ཆེ་བ༼དུས་ཅིག་ན་མར་ཕྱོགས་བཞི་ཀ་ནས་བྱོན་པར་མཐོང་ངོ་།། ལྷོ་ཕྱོགས་པ་རྣམས་ན་རེ། གྲིབ་ཕུ་ན་མར་བྱོན་པས། ཨོང་ཅོང་གིས་ཁྱག་པ་ལ་དངུལ་དཀར་གྱི་ལྕག་བསུགས་ནས། ཁྱག་པ་ཡ་གི་དུང་དཀར་གཡས་སུ་འཁྱིལ་བ་འདྲ་ཟེར། ནམ་མཁའ་འདི་གཡུང་དྲུང་འཁྱིལ་བ་འདྲ་གསུངས། ལམ་ཤར་ན་མར་བྱོན་ཙམ་ན། མཁར་སྣ་གདོང་དུས་ཀྱི་གཙང་ལ་རབ་རྒལ་བའི་ས་ན་རྒྱ་མོ་རབ་ཁ་ཟེར་མིང་ཐོགས་པ་དེ་ཡིན་ནོ།། ལམ་བྱང་ངོས་སུ་སྒོ་ཕུ་ན་མར་བསུ་བ་བྱས་པས་གྲོང་གི་མིང་ཡང་ལྷ་བསུ་ཞེས་པར་གྲགས་སོ།། ནུབ་ཕྱོགས་པ་རྣམས་ན་རེ་སྟོད་ལུང་མདའ་ན་བྱོན་པས། སྦལ་བ་ཚལ་གྱི་བྲག་དང་། བྱེ་མའི་རི་གྲུ་གསུམ་གྱི་བར་བྱོན་པས། འདི་ནས་ས་སྒོ་བྱེ་བའི་རི་ཕག་སྣ་འདྲ་བ་ཡོད། གནམ་སྒོ་བྱེ་བར་ལ་གྲི་ཕྱུང་ནས་གནམ་དུ་དེ་ལ་ཞལ་གཟིགས་པའི་མགོན་པོ་ལྕམ་དྲལ་བྲིས་ཤིག་གསུང་། རྒྱ་ནག་གི་ལྷ་བཟོས་བྲག་ལ་བྲིས་པ་བྲག་ལྷ་མགོན་པོར་བཏགས། ད་ལྟ་ཕག་སྣ་གདོང་ཞེས་སུ་གྲགས་སོ།།༽ཞེས་དང་། ཤོག་ངོས༢༠༣སྟེང༼ཨོང་ཅོང་གིས་གཙོར་བྱས་པའི་གཞན་མ་རྣམས་རྒྱལ་བོའི་ཕོ་བྲང་གི་ཤར་སྒོ་འོངས་སོ།།༽ཞེས་གོང་དུ་རྫུ་འཕྲུལ་བཤད་པ་དང་། འདི་ནས་ཕོ་བྲང་ཤར་སྒོ་འོངས་པ་ཐག་གིས་བཅད་ཡོད་དེ། འདི་དང་འདི་ལྟ་བུའི་བོད་ཕྱི་རབས་པས་ལོ་རྒྱུས་དོན་དངོས་ཀྱི་རིན་ཐང་ལྡན་པའི་གསེར་ཞལ་དུ་མི་གཙང་སྐྱག་རྫུན་སྦྱར་ཏེ་གཞན་པའི་མི་རིགས་ལ་སྟོན་སྲོལ་མེད་པའི་གནས་ཚུལ་ཞིག་ཆགས་ཡོད་པ་འདི་ལྟར་རོ།།
དེབ་འདིའི་ཁྱད་ཆོས་གཙོ་ཤོས་ནི་རྒྱ་བཟའི་མཛད་པ་དང་སྤྲེའུ་བསྒྱུར་དུ་བོད་མི་བྱུང་བ་ཞིབ་གསལ་ཞིག་བཀོད་ཡོད་ལ། གྲི་གུམ་བཙན་པོ་གྲོངས་ལུགས་ཡང་དེབ་གཞན་ན་མེད་པའི་ངེས་དོན་དང་མཐུན་པའི་ལོ་རྒྱུས་ཀྱི་དཔྱད་གཞི་ཆེན་པོར་སྣང་། ཡང་དེབ་འདིའི་ནང་གི་བཤད་ཚལ་ཁྱད་པར་བ་ཞིག་ལ་རྒྱལ་བོ་གཉའ་ཁྲིའི་ཕོ་བྲང་ཡུམ་བུ་བླ་སྒང་བརྩིགས་པའི་བཤད་སྲོལ་མེད་ལ། ཤོག་ངོས༨༤སྟེང་།༼དེ་ནས་གནམ་གྱི་ཁྲི་བདུན་ནི་རྗེ་གཉའ་ཁྲི་བཙན་པོ་དེ་ཡར་ལུང་བཙན་ཐང་སྒོ་བཞིར་ཆགས་ཕེབས་ནས་ཕོ་བྲང་བཏབ་པ་ཡིན། ཕོ་བྲང་ནི་ས་དང་རྡོ་ལ་མ་བརྩིགས། རི་དྭགས་ཤ་བ་དང་འབྲོང་། གཅན་གཟན་སྟག་གཟིག་པགས་པ་ལ་གུར་དུ་ཕུབ་ནས་བྱས་པ་ཡིན་ནོ།།༽ཞེས་པ་བོད་སྤྱི་ཚོགས་ཀྱི་དུས་རིམ་དང་མཐུན་པའི་ལོ་རྒྱུས་དཔྱད་གཞིར་དངོས་ཞིག་ཡིན་པར་གོར་མ་ཆག་གོ།
འདི་ལ་ཤོག་ངོས༩༡ན།༼དེ་ནས་ལྷ་ཐོ་ཐོ་རེ་གཉན་ཤེལ་བྱ་བ་དེས་ཡུལ་ཡར་ལུང་ཤེལ་དུ་ཕོ་བྲང་ཡུམ་བུ་བླ་སྒང་ཞེས་བྱ་བ་ཤེལ་དཀར་གྱི་མཁར་འདྲ་བ་ཅིག་བཙུགས་ནས། ཕོ་བྲང་དེའི་ནང་ན་ཡང་བ་ཁྲི་ཐོག་རྗེ་བཙན་དང་། སྲས་ལྷ་ཐོ་ཐོ་རི་གཉན་ཤལ་གཉིས་བཞུགས་ཏེ་བཀའ་གྲོས་མཛད།༽ཅེས་གསལ་ལོ།།
ཇི་སྐད་དུ། དཔང་ལོ་ཆེན་པོས། མཁས་པ་ཉི་མའི་འཕྲིན་ལས་ལ།། སྲིན་བུ་མེ་ཁྱེར་ལྟ་བུ་ཡིས།། མཁས་འདོད་བྱ་བར་མི་རིགས་ཀྱང་།། བསམ་པ་དག་ཕྱིར་སྐྱོན་མེད་སྙམ།། ཞེས་པ་ལྟར་དཔྱད་པ་ཅུང་ཟད་ཐལ་ཡང་ནོངས་པར་གྱུར་ན་མི་འཆབས་པར་བཤགས་སོ།།
ཞེས་པ་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གོ་གཅིག་ལོའི་གནའ་རྩོམ་ཞིབ་འཇུག་སློབ་མ་འདོན་པའི་དུས་སུ་དགེ་རྒན་བདེ་མཆོག་ནས་ལས་བྱ་བཞག་པ་ལྟར་བྲིས་པ་ཡིན་མོད། འོན་ཀྱང་དགེ་རྒན་ནས་བལྟས་ཚར་རྗེས། ཁྱེད་ཀྱིས་དཔེ་ཆར་བལྟ་མི་ཉན་གི་ཟེར། དཔྱད་པ་ཐལ་ཆེ་བ་ཡིན་ནམ་སྙམ།

0 comments:

ཟིན་བྲིས་འཚོལ་ཡུལ