དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 28 March 2014
༄༅།།རྗེ་ཙོང་ཁ་བས་མིང་དུ་གྲགས་པའི་བསྟོད་ཆེན་བཞི་ཚུལ་ཇི་ལྟར་མཛད་པའི་
ཚུལ་བརྗོད་པ་དཔྱོད་ལྡན་དགའ་བའི་སྐྱེས།།
རྒྱལ་སྲས་ཚང་གིས།
༄༅།།ད་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་རྗེ་ཙོང་ཁ་བ་ཆེན་པོའི་བསྟོད་ཆེན་བཞིའི་རྩ་འགྲེལ་ཕྱོགས་སྒྲིག་འགྲེམས་སྤེལ་བྱས་པ་ནི་རྩོམ་རིག་ལ་འཇུག་འདོད་པའི་ལས་དང་བོ་བ་དང་། བོད་ཀྱི་ཤེར་རྟོགས་རིག་པར་ཞིབ་འཇུག་བྱེད་འདོད་ཀྱི་དཔྱོད་ལྡན་དག་ལ་སྐོམ་པ་ཆུ་དང་འཕྲད་པའི་དོ་ཟླ་ཡིན་ལ། ཕྲན་ནས་ཀྱང་དགའ་བའི་ཉམས་དང་བཅས་ཀུན་སློང་རྣམ་པར་དག་པ་ཕྱར་བ་གྲུ་འདེགས་སུ་འགྱུར་རམ་སྙམ་པས་བསྟོད་ཆེན་བཞི་ཚུལ་ཇི་ལྟར་བརྩམས་པའི་ཚུལ་ཅུང་ཟད་བརྗོད་པ་ལ་འགལ་འཁྲུལ་ཉེས་པ་ཅི་མཆིས་མཁས་པའི་སྤྱན་སྔར་བཤགས།
དང་བོ། རྟེན་འབྲེལ་བསྟོད་པ་ལེགས་བཤད་སྙིང་བོ་ཚུལ་ཇི་ལྟར་བརྩམས་པ།
དེ་ཡང་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ནས་སྙིང་སྟོབས་ཆེན་པོར་བསྔགས་པ་གངས་ཅན་མཁས་པའི་གཙུག་རྒྱན་འགྲན་ཟླ་དང་བྲལ་བ་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱི་མཛད་ཆེན་བཞི་སོགས་ཐུན་མོང་བའི་རྣམ་ཐར་འདིར་མ་བརྗོད་ཀྱང་བློ་གསལ་དག་གིས་མཁྱེན་གསལ་ལགས་པ། ཁོང་ཉིད་མཁན་ཆེན་ཕྱག་རྡོར་བ་ལ་མ་འཇལ་བའི་སྔོན་ཙམ་དུ། བོད་ན་ཡོད་པའི་བཀའ་བསྟན་བཅོས་ཀྱི་མན་ངག་ལེགས་པར་ཉན་ནའང་། ད་དུང་སྒྲོ་འདོགས་གཅོད་པ་དང་། ཁྱད་པར་དབུ་མ་དང་སྔགས་ཀྱི་སྐོར། བྱེ་བྲག་ཏུ་འདུས་པ་དང་བདེ་མཆོག་གི་སྐོར་རྣམས་གཏན་ལ་འབེབས་པའི་ཆེད་དུ་རྒྱ་གར་དུ་བྱོན་ནས་ཨོ་ཏནྟ་པུ་རི་དང་། ནཱ་ལེནྡྲ་ལ་སོགས་པ་རྣམས་སུ་ཀླུའི་བྱང་ཆུབ་སོགས་ལ་གཏུགས་པར་དགོངས་ཏེ། དཔོན་སློབ་བཅུ་གསུམ་ཙམ་སྨོན་ལམ་དང་རྟེན་འབྲེལ་གཅིག་ཏུ་བསྒྲིགས་ནས། རྒྱ་གར་ཤིང་གི་རི་ན་གྲུབ་ཐོབ་མི་ཏྲ་ཛོ་ཀི་བཞུགས་པ་དང་མཇལ་ནས་མ་ག་ངྷཱར་འབྱོར་དགོངས་པའི་ཐུགས་འདུན་ཡོད་པ་གྲུབ་ཆེན་གྱིས་མཁྱེན་ནས། ཁྱོད་རྒྱ་གར་དུ་བྱོན་ན། གནས་ལྔ་མཁས་པའི་པཎྚིཏ་ཆེན་པོ་རྡོ་རྗེ་གདན་གྱི་མཁན་པོ་བྱེད་པ་གཅིག་ཏུ་གྱུར་ནའང་། སྐུ་ཚེ་ཐུང་བའི་སློབ་མ་རྣམས་ལ་ཕན་ཐོགས་དཀའ། དེ་བས་བོད་དུ་བཞུགས་ནས་འཇམ་པའི་དབྱངས་ལ་གསོལ་བ་བཏབ་ན་མྱུར་དུ་རྗེས་སུ་འཛིན་པར་འདུག་གསུངས་ནས་བཤོལ་བཏབ་པས། རྗེ་འདིས་ཀྱང་མི་འབྱོན་པར་ཞལ་གྱིས་བཞེས་ཏེ་རྗེ་བཙུན་འཇམ་པའི་དབྱངས་ལ་ཤུགས་དྲག་གསོལ་བ་བཏབ་པས་ཞལ་མངོན་སུམ་དུ་གཟིགས་ནས་མདོ་སྔགས་ཀྱི་དཀའ་གནད་ཐམས་ཅད་མི་དང་མི་ལབ་པ་ལྟར་མཛད་ཅིང་། ཐ་ན་འཕྲལ་གྱི་སྤྱོད་ལམ་ཐམས་ཅད་ཀྱང་མགོན་པོ་འཇམ་པའི་དབྱངས་ཀྱི་ལུང་བསྟན་ལྟར་མཛད་དོ།། དེ་བས་རྗེ་བཙུན་གྱི་གསུངས་བཞིན་བྱ་བྲལ་བྱས་ནས་ཐལ་རང་གི་ལྟ་བའི་གནད་ལ་དཔྱད་པ་ནར་མ་མཛད་ནའང་། མཐར་ཐུག་གི་གནད་ལ་མི་བདེ་བ་གཏན་ནས་ལོག་པའི་ངེས་པ་འདྲེན་པ་མ་བྱུང་ཡང་། འདི་སྐབས་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དབེན་གནས་ལྷ་སྡིངས་སུ། རྗེ་བཙུན་གྱི་གསུངས་གཞིན་དུ་ཚོགས་སུམ་སྒྲིལ་གྱི་སྒོ་ནས་ལྟ་བའི་དམིགས་རྣམ་སྐྱོང་བར་མཛད་པས། མཚན་མོ་ཞིག་མནལ་ལམ་དུ་འཕགས་པ་ཡབ་སྲས་ལྔ་ཟབ་མོའི་དོན་ལ་བཀའ་བགྲོ་བ་མཛད་ཀྱིན་འདུག་པའི་ནང་ནས། སློབ་དཔོན་སངས་རྒྱས་བསྐྱངས་ཡིན་ཟེར་བའི་པཎྚི་ཏ་སྔོ་སངས་སྐུ་བོང་ཆེ་བ་ཞིག་གིས་དབུ་མའི་རྒྱ་དཔེ་དབུ་ཐོག་ཏུ་བཞག་ནས་བྱིན་གྱིས་བརླབས་པའི་མཚན་མ་བྱུང་། ཕྱི་ཉིན་འགྲེལ་བ་བུདྔྷ་པ་ལི་ཏ་གཟིགས་པས། རྩ་ཤེས་རབ་དབྱེ་བརྒྱད་པའི།། བརྟེན་ནས་འབྱུང་བ་མེད་པ་ཡི།། ཞེས་སོགས་ཀྱི་ཐད་ཀྱི་འགྲེལ་བར་གཟིགས་ནས་མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་བའི་གནད་མཐར་ཐུག་པ་དང་། དགག་བྱའི་མཚམས་འཛིན་སོགས་ལ་སྔར་དང་མི་འདྲ་བའི་ངེས་པ་གཏིང་ཚུགས་པ་འཁྲུངས་ཤིང་། མཚན་འཛིན་གྱི་དམིགས་གཏད་ཐམས་ཅད་ཞིག་ནས། དེ་ཁོ་ན་ཉིད་ཀྱི་དོན་ལ་མཐའ་གཞན་དུ་དོགས་བྱེད་སྒྲོ་འདོགས་ལྷག་མ་མེད་པར་དྲུངས་ནས་ཕྱུང་ཞིང་སྟོང་ཉིད་གསར་དུ་རྟོགས་པའི་ཚུལ་མཛད་དེ། རྟེན་འབྱུང་རང་དབང་དུ་སྟོན་པ་བླ་ན་མེད་པ་ལ་ཤེས་ནས་དད་པ་ཐོབ་པའི་ཤུགས་ཀྱིས་རྟེན་འབྱུང་གསུངས་པའི་སྒོ་ནས༼བསྟོད་པ་ལེགས་པར་བཤད་པའི་སྙིང་བོ༽ཞེས་བྱ་བའང་མཛད་པ་ཡིན་ནོ།།
ལེགས་བཤད་འདི་ནི་ཕུན་ཚོགས་ལྔ་ལྡན་དུ་བརྩམས་པའི་ཚུལ་ཡང་བསྟོད་ཡུལ་ཕུན་ཚོགས་པ་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་པའི་སྒོ་ནས་བསྟོད་པ་ལེགས་པར་བཤད་པའི་སྙིང་བོ་ཞེས་བྱ་བ། རྩོམ་པ་བོ་ཕུན་སུམ་ཚོགས་པ་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས། གནས་ཕུན་ཚོགས་པ་གངས་རིའི་ཁྲོད་ཀྱི་གངས་རིའི་དབང་བོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དབེན་གནས་ལྷའི་སྡིངས། མིང་གཞན་རྣམ་པར་རྒྱལ་བའི་གླིང་ཞེས་བྱ་བར་སྦྱར་བའི་ཡི་གེ་བ་ཕུན་སུམ་ཚོགས་པ་ལ་སྟོང་བྱང་བའི་བདག་པོ་འཇམ་དབྱངས་པའི་སྲས་དགེ་ཚུལ་བློ་དང་ལྡན་པ་མ་གཅིག་དབོན་པོ་ནམ་མཁའ་དཔལ་ཞེས་བྱ་བའོ།།
རྩོམ་རིག་གི་བརྩམས་ཆོས་འདི་ནི་སྒྱུ་རྩལ་དང་བསམ་བློའི་ཆ་གང་ཐད་ནས་ཕུལ་དུ་བྱུང་བའི་སྙན་རྩོམ་ཞིག་ཡིན་པར་བོད་ཀྱི་རྩོམ་འབྱུང་ལོ་རྒྱུས་ཀྱིས་གདེང་འཇོག་ཚད་མཐོན་པོ་གནང་ཡོད་པ་དང་། ལྷག་པར་དུ་བོད་སྔ་རབས་པའི་རྟོགས་པར་མ་གྱུར་བའི་རྟེན་འབྱུང་ཟབ་མོའི་དེ་ཉིད། སྟོང་ཞིང་སྣང་བ། སྣང་ཞིང་སྟོང་བའི་ལྟ་བ་གསར་དུ་རྟོགས་པའི་སྒོ་ནས་སྟོན་པ་ཤཱཀྱ་ཐུབ་པར་དྲན་གསོ་མཛད་ཡོད་པས་བོད་ཀྱི་ཤེར་རྟོགས་རིག་པར་ཞིབ་འཇུག་བྱེད་འདོད་པ་ཀུན་གྱིས་ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་འགྲེལ་བ་ལེགས་བཤད་ནོར་བུའི་བང་མཛོད་དང་སྦྲགས་ཏེ་ཞིབ་ཏུ་སྦྱོར་བ་གལ་ཆེ་བར་བསྐུལ་བའོ།།
 
གཉིས་པ། བྱམས་སྟོན་ཚངས་པའི་ཅོད་པན་ཚུལ་ཇི་ལྟར་བརྩམས་པ།
ལྷག་དང་བཅས་པའི་འཇིག་རྟེན་ཀུན་གྱི་སྐྱབས་གཅིག་པུ་རྒྱལ་བ་བྱམས་པ་མགོན་པོ་ལ་སྨྲེ་སྔགས་ཀྱི་སྒོ་ནས་བསྟོད་པ་ཚངས་པའི་ཅོད་པན་མ་ཞེས་བྱ་བའི་རྩོམ་རིག་གི་བརྩམས་ཆོས་འདི་ནི་རྗེ་རྒྱལ་བ་བློ་བཟང་གྲགས་པའི་དཔལ་གྱིས་མཛད་པ་ཡིན་ལ། ཁོང་ཉིད་རབ་བྱུང་དྲུག་པའི་གསེར་འཕྱང་ཞེས་པ་མེ་བྱ༡༣༥༧ལོར་ཤར་ཕྱོགས་ཙོང་ཁའི་ཡུལ་དུ་ཡབ་ཀླུ་འབུམ་དགེ་དང་ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་གསུམ་བཞེས་པ་ན་རྗེ་ཀརྨ་རོལ་བའི་རྡོ་རྗེས་ཡོངས་རྫོགས་དགེ་བསྙེན་དུ་བསྒྲུབས་ཏེ་མཚན་ཀུན་དགའ་སྙིང་བོར་གསོལ། དགུང་ལོ་བརྒྱད་པའི་དུས་ཆོས་རྗེ་དོན་གྲུབ་རིན་ཆེན་ལས་བར་མ་རབ་བྱུང་གི་ཚུལ་ཁྲིམས་དང་དགེ་ཚུལ་གྱི་སྡོམ་པར་བཞེས་ཏེ་བློ་བཟང་གྲགས་པ་ཞེས་པའི་མཚན་གསོལ། བླ་མ་དེ་ཉིད་ལས་མདོ་སྔགས་ཀྱི་གདམས་པ་མང་དུ་གསན་ཞིང་བྱ་ཁྱུང་ཆོས་སྡེ་ཆེན་པོར་བཞུགས། དགུང་ལོ་བཅུ་དྲུག་བཞེས་པའི་ཚེ་དབུས་འགྱུར་ཆོས་ཀྱི་ཞིང་ཁམས་སུ་བྱོན་ནས་ཐུགས་གཉེར་གནང་བས་མཁས་པའི་གཙུག་རྒྱན་དུ་བཀུར། ཡར་ལུང་སྣེ་གདོང་ཉེ་འདབས་རྣམ་རྒྱལ་དགོན་དུ་པཎ་ཆེན་ཤཱཀྱ་ཤྲིའི་མཁན་རྒྱུད་རྩེ་ཚོགས་པ་ཆེན་པོའི་མཁན་པོ་ཚུལ་ཁྲིམས་རིན་ཆེན་པས་མཁན་པོ་དང་། བྱེ་རྫིང་མཁན་པོ་ཤེས་རབ་མགོན་པོས་ལས་སློབ། སྡོམ་བརྩོན་བསོད་ནམས་རྡོ་རྗེས་གསང་སྟོན་མཛད་ཅིང་། ཁ་སྐོང་གྲངས་ཚང་བའི་དད་པའི་དགེ་འདུན་ལས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས་ཏེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པས་རྒྱུད་ཡོངས་སུ་གཏམས་པར་མཛད་དོ།།
ཡང་ཁོང་གི་སྐུ་ཚེ་གང་བོར་བསྟན་པ་ལ་བྱ་བ་མཛད་པའི་མཛད་ཆེན་བཞི་ཞེས་རྣམ་ཐར་དུ་ཡོངས་སུ་གྲགས་པ་དེ་དག་ནི་རྫིང་ཕྱི་ཞིག་གསོས་མཆོད་འབུལ་དང་། གཉལ་གྱི་རྩ་ལུང་ར་ཆེན་པོ། དགའ་ལྡན་སྒྲུབ་མཆོད། ཆོ་འཕྲུལ་སྨོན་ལམ་དང་བཞི་ལ་ཟེར་རོ།། དེ་ཡང་རྗེ་རྒྱལ་བ་གཉིས་པ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྫིང་ཕྱིའི་བྱམས་པ་ལ་དགེ་སྦྱོང་གི་རྟགས་དང་ཆ་བྱད་ཚང་མ་ཕུལ་ན་རྗེས་འཇུག་རྣམས་བསྟན་པའི་གཞི་མ་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་འོང་ཞེས་བསྐུལ་བ་དང་། བསྟན་པ་རྒྱས་པའི་རྟེན་འབྲེལ་ལ་དགོངས་ནས་ལྷོ་བྲག་བྲ་བོ་དགོན་དུ་བསྟོད་པ་ཚངས་པའི་ཙོད་པན་མ་རྩོམ་པར་མཛད་དེ་རྫིང་ཕྱིའི་གཙུག་ལག་ཁང་ཉམས་གསོ་ཡི་རྒྱུ་རིན་ཆེན་ས་ལེ་སྦྲམ་དང་ལྷ་ཡི་དར། ཆོས་གོས་གསུམ་དང་ལྷུང་བཟེད་མཁར་གསིལ་སོགས་འབུལ་དུ་བསྐུར་གནང་མཛད་པའོ།།
རྩོམ་རིག་གི་བརྩམས་ཆོས་འདེ་ཉིད་ཀྱིས་བོད་ཀྱི་རྩོམ་འབྱུང་ལོ་རྒྱུས་སྟེང་གོ་གནས་གལ་ཆེན་ཞིག་ཟིན་ལ། སྙན་ངག་ལ་འཇུག་པའི་ལས་དང་བོ་བ་རྣམས་ཀྱིས་སྙན་ངག་སློབ་པའི་མ་དཔེ་ལྟ་བུ་ཡིན་པ་དཔེར་ན། མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའ་ལས། 
མཉེས་གཤིན་བྱམས་པས་རྟག་རུ་བརླན་ཡང་ནག་པོའི་རྩ་ལག་སྲེག། ཤིན་ཏུ་བཅད་དཀའི་འཆིང་བ་བཅད་ཀྱང་སྙིང་རྗེས་དམ་དུ་བཅིངས།། ཞི་བའི་བཏང་སྙོམས་རྒྱུན་དུ་ལྡན་ཡང་བདག་པས་གཞན་ལ་གཅེས།། འཇམ་དབྱངས་ཞབས་ལ་གུས་པས་བཏུད་ནས་མི་ཕམ་མགོན་ལ་བསྟོད།།
ཞེས་པའི་ཤོ་ལོ་ཀ་འདི་ལས་བརླན་ཡང་བསྲེག་ཅེས་པ་དང་། བཅས་ཀྱང་དམ་དུ་བཅིངས་ཞེས་པ། བཏང་སྙོམས་ལྡན་ཡང་བདག་པས་གཞན་ལ་གཅེས་ཞེས་སྙན་ངག་གི་འགལ་རྒྱན་གྱི་ལུགས་སུ་བྱས། གཞན་ཡང་ཇི་སྐད་དུ།
དང་བའི་མཚོ་ལ་འདབ་བརྒྱ་བ་སྟེ་དེ་ཉིད་ལ་ཡང་ཉིན་བྱེད་འོད།། དག་པའི་མཁའ་ལ་རྒྱུ་སྐར་མགོན་ཏེ་དེས་ཀྱང་ཀུན་དའི་ཚལ་བཞིན།། མཚན་དཔེའི་ཕྲེང་བས་གང་སྐུ་མཐོང་མ་ཐག་ཏུ་འགྲོ་བའི་ཡིད་འཕྲོག་པ།། བྱམས་མགོན་ཞབས་པད་སྐྱེ་ཞིང་སྐྱེ་བར་བདག་གི་གཙུག་ན་མཛེས་གྱུར་ཅིག ཅེས་པ་ནི་སྙན་ངག་གི་ཕྲེང་བའི་རྒྱན་ཕུལ་དུ་བྱུང་བ་ཞིག་ཐོན་འདུག་པ་འདི་ལྟ་བུའི་སྒྱུ་རྩལ་གྱི་རོ་མངར་ལ་བློ་གསལ་དོན་གཉེར་དང་ལྡན་པ་རྣམས་ཀྱིས་རྟག་ཏུ་མྱོང་བར་བྱའོ་ཞེས་ཀྱང་གདམས་པའོ།།
 
གསུམ་པ། རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་འཇམ་དབྱངས་མཉེས་པར་བྱེད་པའི་བསྟོད་སྤྲིན་རྒྱ་མཚོ་ཞེས་བྱ་བ་ཚུལ་ཇི་ལྟར་བརྩམས་པའི་སྐོར་བཤད་པ།
འདིར་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་པའི་རང་གཟུགས་རྗེ་བཙུན་འཇམ་པའི་དབྱིངས་ངུར་སྨུག་གི་རྒྱལ་མཚན་བཟུང་སྟེ་ཆོས་ཀྱི་སྲིད་ཆེན་པོར་དབང་བསྒྱུར་བ་མདོ་སྔགས་ཀྱི་ཐུབ་བསྟན་ཡོངས་སུ་རྫོགས་པ་ལ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་དྲི་མ་ཕྲ་མོ་ཙམ་ཡང་མ་ལུས་པར་བསལ་ཏེ་སྐལ་བཟང་ཐར་འདོད་ཀྱི་ཡིད་ཅན་རྣམས་རྒྱལ་བ་ཉིད་བཞིན་དུ་འཇུག་ངོགས་བདེ་ཞིང་མ་ནོར་བར་དབུགས་དབྱུང་བར་བྱེད་པ་རྗེ་བདག་ཉིད་ཆེན་པོ་བློ་བཟང་གྲགས་པའི་དཔལ་ཞེས་བྱ་བ་རྒྱལ་བའི་ལུང་གིས་ཟིན་པའི་སྐྱེས་བུ་ཆེན་པོ། སློབ་དཔོན་པདྨ་ཆེནཔོས་ཀྱང་། དགའ་ལྡན་ཞེས་བྱའི་དགོན་གནས་དམ་པ་རུ། མཁས་པའི་མཆོག་གྱུར་མདོ་རྒྱུད་དོན་ལ་མཁས། རྡོ་རྗེ་འཆང་སྤྲུལ་གསང་སྔགས་བཀའ་བགོ་བྱེད། འགྲོ་བའི་དེད་དཔོན་ལམ་སྟོན་ས་མཁན་ནི། བློ་དང་བཟང་གི་མཚན་ཅན་སྐྱེས་བུ་འབྱུང་། ཞེས་ལུང་བསྟན་བརྙེས་པ་གང་དེའི་གསུང་གི་གསང་བ་རྨད་དུ་བྱུང་བའི་ཆ་ཤས་ལས། བསྟོད་ཆེན་བཞིར་གྲགས་པའི་ནང་ཚན་རྒྱལ་བ་ཀུན་གྱི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས་མཉེས་པར་བྱེད་པའི་བསྟོད་སྤྲིན་རྒྱ་མཚོ་ཞེས་དོན་ཟབ་ཅིང་རྒྱ་ཆེ་ལ་དཎྚིའི་གཞུང་ལུགས་ལས་བྱུང་བའི་སྙན་ངག་ཚིག་རྒྱན་གྱི་ཉམས་ཕུལ་དུ་བྱུང་བས་གངས་ཅན་གྱི་སྙན་ཚིག་གཞན་ལ་སེང་གེའི་ང་རོ་བཞིན་དུ་ཉེ་བར་འགོང་བའི་བསྟོད་ཚིག་བྱིན་རླབས་ཅན་འདི་ཉིད་ཚུལ་ཇི་ལྟར་བརྩམས་པ་ལ།
ཐོག་མར་རྗེ་རྒྱལ་བ་བློ་བཟང་གྲགས་པ་དང་རྗེ་བཙུན་འཇམ་པའི་དབྱིངས་གཉིས་ཀྱི་འབྲེལ་བ་ངེས་པ་ལ། རྗེ་བཙུན་འཇམ་དཔལ་དབྱངས་མིའི་ཤ་ཚུགས་སུ་སྤྲུལ་བ། རྗེ་བཙུན་འཇམ་དབྱངས་ངུར་སྨྲིག་གར་དུ་བབས་པ། འཇམ་པའི་དབྱངས་དང་དབྱེར་མ་མཆིས་པའི་སྙིགས་དུས་བསྟན་པའི་གདུང་འཚོབ་ཆེན་པོ་སྐུ་ན་ཕྲ་མའི་གནས་སྐབས་སུ་ཨ་མདོ་བྱ་ཁྱུང་བྲག་ཏུ་ཤར་ཕྱོགས་རིག་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་མདུན་སར་སློབ་གཉེར་གནང་སྐབས་ཡི་དམ་འཇམ་དབྱངས་ལ་བསྒོམ་བཟླས་ཆེར་བྱས་པས་འཇམ་པའི་དབྱངས་ཀྱི་མཚན་སྔགས་ཡིག་འབྲུ་རང་བྱོན་དུ་བབས་པ་དང་། ཐུགས་རབ་ཆེ་བས་ཉིན་རེ་བཞིན་འདུ་ཁང་གསེར་ཏོག་གི་རྩེ་ལ་ཉི་མ་ཤར་གྱི་བར་ལ་ཤོག་མདའ་ཚད་མ་བཅུ་བདུན་རེ་ཐུགས་ལ་བཟུང་། སྔར་གྱི་སྒྲུབ་ཕུག་གི་ཤུལ་དུ་ད་ལྟ་བྱ་ཁྱུང་དགོན་པའི་འཇམ་དབྱངས་ལྷ་ཁང་ཞིག་བཞེངས་ཡོད་ལ། དུས་དེང་སང་ནའང་ལྷ་ཁང་མཐའ་བསྐོར་དུ་འཇམ་དབྱངས་མཚན་སྔགས་ཀྱི་ཡིག་འབྲུ་རང་བྱོན་གྱི་བྲག་དང་རྡེའུ་སོགས་མིག་མཐོང་དང་ལག་ཟིན་དུ་མཆིས།
གཞན་སྐྱིད་ཤོད་དགའ་བ་གདོང་དུ་རྗེ་བཙུན་འཇམ་དབྱངས་ཀྱི་ཞལ་མངོན་སུམ་དུ་གཟིགས་པ་ནས་བཟུང་སྟེ། རྗེ་བཙུན་གྱིས་མདོ་སྔགས་ཀྱི་ཚུལ་རྒྱ་མཚོ་ལྟ་བུ་མི་དང་མི་ལབ་པ་ལྟར་འདོམས་པར་མཛད་ཅིང་། ཐ་ན་འཁོར་བསྟེན་པ་དང་འབྱོན་བཞུགས་ལ་སོགས་པའི་འཕྲལ་གྱི་སྤྱོད་ལམ། བསྟན་བཅོས་རྩོམ་པ་སོགས་ཕལ་ཆེར་མགོན་པོ་འཇམ་དབྱངས་ཉིད་ལ་ཞུས་ནས་ཇི་ལྟར་ལུང་བསྟནཔ་བཞིན་མཛད་པ་གསང་བའི་རྣམ་ཐར་དུ་གསལ་བ་བཞིན་རྗེ་ཉིད་ཀྱིས་ཀྱང་། ལེགས་བཤད་སྙིང་བོ་ལས། 
འཇམ་དབྱངས་ཞེས་གྲགས་གྲགས་པའི་འཕྲེང་བས་ཀུན་ཁྱབ་ཁྱབ་བདག་དེ་ཡི་ཞབས།། ཤུགས་དྲག་རྒྱུན་མི་ཆད་པའི་དད་པ་ཡིས།། སྙིང་གི་པདྨའི་ལྟེ་བར་གུས་བསྟེན་པས།། གསུང་རབ་དེ་ཉིད་མཐོང་བའི་རིག་སྨྲ་དེས།། རྨད་བྱུང་གཏམ་གྱི་སྦྱོར་བ་འདི་བྱས་སོ།། ཞེས་དང་། རིམ་ལྔ་གསལ་སྒྲོནལས། གང་གི་འཕྲིན་ལས་ཟེགས་མའི་ཆ་ཤས་ཙམ།། སྙིང་ལ་ཞུགས་པ་ཡིས་ཀྱང་རྙེད་དཀའ་བ།། ཤིནཏུ་སྦས་དོན་ལྷང་ངེར་གསལ་མཛད་པ།། རྗེ་བཙུན་མཁྱེན་པའི་གཏེར་དེས་བདག་སྐྱོངས་ཤིག།ཅེས་བཀའ་སྩལ་བས་གཙོ་བོར་རྗེ་བཙུན་གྱི་བཀའ་དྲིན་གྱིས་སྦས་དོན་ཟབ་མོ་སོགས་གཟིགས་པར་བསྟེན་པ་ལྟར་བླ་མ་གཞན་དང་མགོན་པོ་འཇམ་དབྱངས་དབྱེར་མེད་དུ་མོས་པ་ཙམ་མ་ཡིན་པར་དངོས་སུ་ཆོས་སྟོན་པའི་བླ་མར་གྱུར་བའོ།།
འོ་ན། རྗེ་བླ་མ་ལ་ཆོས་དངོས་སུ་སྟོན་པར་མཁས་པའི་བླ་མ་མགོན་པོ་འཇམ་དབྱངས་དེ་ཉིད་ནི་ཟླ་བའི་ཞབས་ཀྱི་འཇུག་པ་རང་འགྲེལ་ལས། ཡང་དག་པར་འཛིན་དུ་འཇུག་པ་ལས་ནི་རྗེ་བཙུན་ཉིད་བྱང་ཆུབ་སེམས་དཔར་གྱུར་ཟིན་པས་ཐེག་པ་ཆེན་པོའི་དགེ་བའི་གཤེས་གཉེན་མཛད་དེ་བདག་ཅག་གི་སྟོན་པ་ལ་སོགས་པ་ཡང་དང་བོར་ཐུགས་བསྐྱེད་དུ་བཅུག་པར་གསུངས། ཡང་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པས་མདོ་ལས་འཇམ་དཔལ་ཁྱོད་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གམ། འཇམ་དཔལ་གྱིས་གསོལ་བ། བཅོམ་ལྡན་འདས་སྙོམས་པར་འཇུག་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། འཇམ་དཔལ་ཁྱོད་ཀྱིས་ཏིང་ངེ་འཛིན་བསྒྲུབས་པ་དེ་དེ་བཞིན་གཤེགས་པ་གང་ལས་ཐོས། ཁྱོད་ཀྱིས་ཏིང་ངེ་འཛིན་དེ་བསྒྲུབས་ནས་ཇི་སྲིད་ཅིག་ལོན། འཇམ་དཔལ་གྱིས་གསོལ་བ། བཅོམ་ལྡན་འདས་གང་གི་ཚེ་བདག་གིས་ཏིང་ངེ་འཛིན་དེ་བསྒྲུབས་པ་དེའི་ཚེ་ན། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་ཡང་མ་གྱུར་བ་ལགས་སོ།། ཞེས་གསུངས་པ་ལྟར་བདག་ཅག་གི་སྟོན་པ་ལ་སོགས་པ་ཐུགས་བསྐྱེད་ པའི་ཡང་ཆེས་སྔ་རོལ་དུ་ཡུན་རིང་བོ་ཞིག་ནས་སྡུག་བསྔལ་གསུམ་གྱིས་མནར་བའི་སེམས་ཅན་འཁོར་བ་བ་ཕལ་བ་རྣམས་ལྟ་ཞོག རང་ཉིད་གཅིག་པུའི་ཕྱིར་ཐར་ལམ་དུ་ཞུགས་པ་རྣམས་ལའང་བརྩེ་བ་སོགས་མདོར་ན། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་སྡུག་བསྔལ་དྲག་པོས་མནར་བའི་མ་ལ་བུ་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཅི་ཙམ་ཡོད་པ་དེ་བས་ཀྱང་ཆེས་ཆེར་ལྷག་པའི་སྙིང་རྗེ་ཆེན་པོ་རྒྱུ་ལ་སྐྱེས་ནས་ལེགས་པར་གོམས་པར་མཛད་པ་དེ་ཉིད་ལ་རྒྱལ་བའི་ཡབ་གཅིག་གི་མཚན་སྙན་གནང་བའང་དོན་དང་ལྡན་ནོ།།
དེ་ལྟ་བུའི་རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས་ལ་རྗེ་བླ་མའི་བསྟོད་པའི་ཀུན་སློང་དང་དགོས་པ་རྒྱུ་     མཚན་ཅི་ཞེ་ན། བསྟོད་སྤྲིན་རྒྱ་མཚོ་ལས། མ་ལུས་ཞིང་དུ་འབད་པས་བཙལ་ན་ཡང་།། ཁྱོད་ལས་གཞན་པའི་སྐྱབས་བཟང་མ་མཆིས་པས།། བདག་ཡིད་ཁྱོད་ཀྱི་རྗེས་སུ་ཕྱོགས་པ་ནི།། ཉི་མའི་གདུངས་པའི་གླང་ཆེན་པད་མཚོར་བཞིན།། དེ་ཕྱིར་ཁྱོད་ཀྱི་ཡོན་ཏན་བརྗོད་ལ་བདག ཡིད་ལ་རེ་བ་སྐོང་བར་བྱེད་པ་ཡི།། གཏོང་བས་མཛེས་པའི་སྦྱིན་བདག་མཐོང་བ་ན།། འབྱོར་བས་དམན་པའི་སློང་མོ་བ་བཞིན་གྱུར།། ཞེས་ཕྱོགས་བཅུ་མ་ལུས་པའི་ཞིང་དུ་འབད་པས་བཙལ་ན་ཡང་མགོན་པོ་འཇམ་དབྱངས་ཁྱོད་མཁྱེན་བརྩེ་ནུས་གསུམ་དང་། སྐུ་གསུང་ཐུགས་གསུམ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པས་སྐྱབས་ཀྱི་འོས་སུ་གྱུར་ཅིང་། ཁྱད་པར་ཇི་ལྟ་བ་དང་ཇི་སྙེད་པའི་ཤེས་བྱའི་ཡུལ་ལ་རྣམ་འབྱེད་ཀྱི་སྣང་བ་སྟེར་བར་བྱེད་པའི་ཤེས་རབ་ཀྱི་ལྷ་བླ་ན་མེད་པ་ཡིན་པའི་ཕྱིར་ཁྱོད་ལས་གཞན་པའི་སྐྱབས་བཟང་བོ་རྙེད་རྒྱུ་མ་མཆིས་པས། རྒྱུ་མཚན་དེ་ཡི་ཕྱིར་ན་ཐར་འདོད་ཀྱི་སྐྱེས་བུ་བདག་གི་ཡིད་མགོན་པོ་ཁྱོད་ཀྱི་རྗེས་སུ་དགའ་བ་དང་གུས་པའི་ཕྱོགས་པ་ནི་དཔེར་ན་ཉི་མའི་རེག་པས་གདུངས་པའི་གླང་ཆེན་ཤིན་ཏུ་བསིལ་ཞིང་ཡིད་དུ་འོང་བའི་པདྨའི་མཚོར་དགའ་བའི་འཇུག་པ་བཞིན་ནོ།། མགོན་པོ་ཁྱོད་ཀྱི་ཡོན་ཏན་དང་ཁྱད་པར་ཤེས་ནས་གཞན་དུ་མི་སྨྲ་བའི་སྒོ་ནས་སྐྱབས་སུ་གསོལ་ཞིང་དད་གུས་ཉེ་བར་ཕྱོགས་པ་དེའི་ཕྱིར་ཁྱོད་ཀྱི་ཡོན་ཏན་བརྗོད་པ་ལ་བདག་བློ་བཟང་གྲགས་པ་ནི་དཔེར་ན་ཡིད་ལ་རེག་པའི་དགོས་འདོད་ཅི་དང་ཅི་ཡོད་པ་ཐམས་ཅད་སྐོང་བར་བྱེད་པ་ཡི་གཏོང་བ་སྦྱིན་པས་མཛེས་པའི་སྤྱིན་བདག་མཐོང་བ་ན་འདོད་བྱའི་དོན་གྱི་འབྱོར་བས་དམན་པ་སྟེ་བྲལ་བའི་སློང་མོ་བ་དག་དགའ་བ་བཞིན་དུ་ཡིད་སྤྲོ་བ་ཆེན་པོ་སྐྱེས་བར་གྱུར་ཏོ་ཞེས་པའོ།།
བསྟོད་པ་ཕུན་སུམ་ཚོགས་པ་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ཞེས་བྱ་བ། བསྟོད་ཡུལ་ཕུན་སུམ་ཚོགས་པ་རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཕྲ་མོར་བསྟོད་པ། བསྟོད་པའི་གནས་གངས་ཅན་ཁྲོད་ཀྱི་གངས་རིའི་དབང་བོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དུ་སྦྱར་བ། བསྟོད་བྱེད་ཀྱི་ཚིག་སྦྱོར་ཕུན་སུམ་ཚོགས་པ་དཎྡིའི་གཞུང་གི་ཚིག་རྒྱན་གྱི་ཉམས་ཕུན་སུམ་ཚོགས་པས་བྱས་པས་རྒྱལ་དབང་བདུན་པ་སྐལ་བཟང་རྒྱ་མཚོས་ཀྱང་སྙན་ཚིག་སྲད་བྱུར་བརྒྱུས་པའི་མཱ་ལི་ཀ་ཞེས་གདེང་འཇོག་ཚད་ཐུབ་གནང་བ་ལྟར་ལགས་པ། དཔེར་ན། དེ་ཉིད་ལས། བསོད་ནམས་ཚོགས་རབ་རབ་འབྱམས་རྒྱུ་ལས་འཁྲུངས་པའི་སྐུ་མཆོག་མཆོག་ཏུ་མཛེས་པ་ཁྱོད་ཀྱི་སྐུ།། ནམ་མཁའི་མཐར་གཏུགས་གཏུགས་པ་མེད་པའི་ཞིང་མཆོག་ཀུན་དུ་དུ་མའི་འགྲོ་ལ་མིག་འཕྲུལ་བཞིན།། ལ་ལར་བལྟམས་ཞིང་ཞིང་གཞན་དུ་ཡང་བྱང་ཆུབ་ཚུལ་སྟོན་སྟོན་པ་ཁྱོད་ཀྱི་སྐུ་ཡི་ནི།། བཀོད་པ་མཆོག་འདི་འདི་དང་གཞན་དུ་མ་ལུས་འགྲོ་ཀུན་ཀུན་མཁྱེན་གྱུར་ཀྱང་བརྗོད་མི་ནུས།། ཞེས་དང་། ཡང་། བྱུ་རུའི་མདངས་དང་འདྲེས་པའི་གསེར་བཟང་མདོག། མདོག་ལེགས་ཤེས་བྱ་མ་ལུས་ལྷང་ངེར་མཁྱེན།། མཁྱེན་རབ་དབང་ཕྱུག་འཇམ་དབྱངས་འགྲོ་བའི་སྐྱབས།། སྐྱབས་མཆོག་ཁྱོད་ཀྱིས་རབ་འབྱམས་ཤེས་རབ་སྩོལ།། ཞེས་གངས་རིའི་ཁྲོད་ཀྱི་སྙན་ངག་སྨྲ་བ་ཀུན་གྱི་མགོ་བོར་རྐང་སྟེགས་འཆའ་བའི་སྙན་ཚིག་གི་སྦྱོར་བ་སྒྲ་རྒྱན་འདི་ཉིད་སྒྲ་མཚུངས་ཀྱང་དོན་ཐ་དད་པ་འདི་ལྟ་བུར་སྙན་ངག་ལ་འཇུག་འདོད་རྣམས་ཀྱིས་སྨོན་པ་དང་བསླབ་པའི་གནས་སོ་ཞེས་བློ་ལྡན་རིག་གསལ་གྱི་གྲོགས་དག་ལ་སློབ་པར་བསྐུལ་བའོ།།
 
བཞི་བ། བཅོམ་ལྡན་འདས་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་པ་འཆི་མེད་གྲུབ་པ་ཞེས་བྱ་བ་ཚུལ་ཇི་ལྟར་བརྩམས་པར་བཤད་པ།
དེ་ཡང་གངས་རིའི་ལྗོངས་ཀྱི་རྩོམ་འབྱུང་ལོ་རྒྱུས་ཀྱི་གར་སྟེགས་སྟེང་སྙན་གྲགས་ཀྱི་བ་དན་མ་ཉམས་སྲིད་རྩེར་བསྒྲེངས་པའི་བསྟོད་ཆེན་བཞིའི་ཡ་གྱལ་བཅོལ་ལྡན་འདས་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་པ་འཆི་མེད་གྲུབ་པ་ཞེས་བྱ་བའི་བརྩམས་ཆོས་འདི་ནི། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་གངས་ཅན་མཁས་པའི་གཙུག་རྒྱན་རྗེ་རྒྱལ་བ་བློ་བཟང་གྲགས་པའི་དཔལ་གྱིས་གསལ་རྗེ་གངས་ཀྱི་དབེན་གནས་ཡར་འདྲེན་དུ་སྦྱར་བར་གྲགས་པ་ལ།
འོ་ན་བཅོམ་ལྡན་འདས་གཙུག་ཏོར་རྣམ་པར་རྒྱལ་མ་ཚུལ་ཇི་ལྟ་བུའི་ལྷ་ཞིག་དང་རྗེ་བླ་མའི་གང་དེར་བསྟོད་པའི་དགོས་པ་དང་ཀུན་སློང་ཅི་ཞེ་ན། དམ་ཆོས་ཡང་དག་སྡུད་པ་ལས། འཇིག་རྟེན་རྣམ་འདྲེན་རྒྱལ་བ་ཚེ་དཔག་མེད་མགོན་གྱིས་ལྷ་མོ་གཙུག་ཏོར་རྣམ་པར་རྒྱལ་མ་བསྟོད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བ་སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ། ངན་སོང་ཐམས་ཅད་རྒྱུན་གཅོད་པ་འདི་ཡི་གེར་བྲིས་ཏེ། མཆོད་རྟེན་གྱི་སྲོག་ཤིང་གི་སྟེང་དུ་བཞུགས་ལ་ཟླ་བ་ཉ་བའི་ཚེ་ཁྲུས་བྱས་ཏེ་ལན་སྟོང་རྩ་བརྒྱད་བརྗོད་ན། ཚེ་ཟད་པ་ལས་ཚེ་ཕྱིར་ནུབ་པར་འགྱུར་རོ།། ངན་སོང་ལས་མྱུར་དུ་ཐར་ཏེ། སྒྲིབ་པ་རྣམས་དག་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ།། དུད་འགྲོ་རྣམས་ཀྱིས་ཐོས་ན་ཡང་དེ་རྣམས་ངན་སོང་གི་ཐ་མ་ཡིན་ཏེ། བྱང་ཆུབ་མ་ཐོབ་ཀྱི་བར་དུ་མཐོ་རིས་རྒྱལ་བོའི་རིགས་སམ། བྲམ་ཟེའེ་རིགས་སམ། ཚོང་དཔོན་གྱི་རིགས་སམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེ་བར་འགྱུར་རོ།། མཆོད་རྟེན་དེའི་གྲིབ་མའི་ཕོག་གམ། རྡུལ་གྱིས་ཀྱང་རུང་སྟེ། ངན་སོང་དུ་འགྲོ་བར་མི་འགྱུར་རོ།། ཞེས་གསུངས་སོ།།
གཞན་ཡང་བསྟོད་པ་ལས། ཤིན་ཏུ་བརྟན་པ་ཞེས་བྱ་ལྷ་ཡི་བུས།། ཁྱོད་ཀྱི་གཟུངས་སྔགས་ཞག་དྲུག་བགྲངས་པས་ཀྱང་།། འཇིགས་པ་ཆེ་ལས་ཡོངས་སུ་ཐར་གྱུར་ཏེ།། མཆོག་གི་ཚེ་ཐོབ་ངན་འགྲོ་དག་གྱུར་ན།
ཞེས་པ་ལྟར་སྔོན་བྱུང་བ་ལ་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བའི་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བ་ལས། ལྷའི་བུ་ཤིན་ཏུ་བརྟན་པ་ཞག་བདུན་ནས་འཆི་བའི་དུས་བྱེད་པར་གྱུར་ཏེ་འཛམ་བུའི་གླིང་དུ་སྐྱེས་བར་འགྱུར་རོ།། དེ་ཡང་འགྲོ་བ་བདུན་པོ་མྱོང་ནས༼འགྲོ་བ་བདུན་ནི་ཕག་གི་སྐྱེས་གནས་དང་ཁྱི་དང་ཝ་དང་སྤྲེའུ་དང་སྦྲུལ་གདུག་པ་དང་བྱ་རྒོད་དང་བྱ་ཁྭ་ཏ་སྟེ། འགྲོ་བ་བདུན་པོ་དེ་དག་ཏུ་མི་གཙང་བ་ཟ་བ་མྱོང་བར་འགྱུར་བ་མཐོང་ངོ༽སེམས་ཅན་དམྱལ་བར་སྐྱེས་བར་འགྱུར་རོ།། བརྒྱ་ལ་ནམ་ཞིག་མིར་སྐྱེས་ན་ཡང། དེར་དེ་དབུལ་བར་འགྱུར་ཞིང་དམུས་ལོང་དུ་འགྱུར་རོ།། དེ་ནས་ལྷའི་བུ་དེའི་སྟོན་པའི་གསུང་ལྟར་ཉིན་བདུན་གྱི་བར་དུ་ཉིན་དྲུག་མཚན་དྲུག་ཏུ་གཟུངས་འདི་ལ་བརྩོན་པར་བྱས་ནས། དེའི་ཐམས་ཅད་དུའང་ཕུན་སུམ་ཚོགས་ཏེ། འདི་ལྟ་སྟེ།
ངན་འགྲོ་ལས་ནི་ཡོངས་སུ་ཐར།། བདེ་བའི་ལམ་ལ་ཡང་དག་གནས།། ཚེ་རིང་བར་གྱུར་ནས་ཨེ་མ་ཧོ།།
ཞེས་གསུངས་བ་ལྟར་འཇིགས་པ་ཆེན་པོ་ངན་སོང་གི་གནས་ལས་ཡོངས་སུ་ཐར་བར་གྱུར་ཏེ་རིང་བའི་མཆོག་གི་ཚེ་ཐོབ་པའོ།།
འདི་ལྟ་བུའི་འཕྲིན་ལས་ནུས་མཐུ་ཅན་གྱི་ལྷ་མོ་གང་དེར་བསྟོད་པའི་ཀུན་སློང་ནི། བསྟོད་པ་ལས།
གང་ལ་བསྟེན་ན་བློ་གྲོས་མཆོག་སྟེར་ཞིང་།། འཆི་བདག་བེ་ཅོན་རི་མོའི་དབྱུག་པ་ལྟར།། གང་གིས་མཛད་པའི་ལྷ་མོ་འགྲོ་བའི་སྐྱབས།། གཙུག་ཏོར་རྣམ་རྒྱལ་ཅུང་ཟད་བསྟོད་པར་བགྱི།།
ཞེས་པ་ལྟར་ལྷ་མོ་གང་ལ་བསྟེན་ན་ནི་བློ་གྲོས་ཀྱི་མཆོག་སྟེར་ཞིང་། དུས་མ་ཡིན་པར་འཆི་བའི་འཆི་བདག་གི་བེ་ཅོན་ནི་རི་མོའི་དབྱུག་པ་ལྟར་གང་གི་མཛད་པའི་ལྷ་མོ་འགྲོ་བའི་ལྷ་མོ་འགྲོ་བའི་སྐྱབས་སུ་གྱུར་བ་བཅོམ་ལྡན་འདས་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་པར་བྱའོ།། འདིར་འཆི་བདག་ནི་གཤིན་རྗེ་ཡིན་ལ། དེའི་བེ་ཅོན་ནི་དབྱུག་པ་སྟེ་དོན་ལ་སྦྱར་ན་འཆི་བར་བྱེད་པའི་ཁྱད་པར་ཞིག་གོ། ལྷ་མོ་འདི་ལ་བསྟེན་ན་འཆི་བདག་གི་བེ་ཅོན་དེ་གཞན་ལ་རྡེག་ཏུ་མེད་པ་དཔེར་ན། རི་མོར་བྲིས་པའི་དབྱུག་པའི་གཟུགས་བརྙན་གྱིས་གཞན་ལ་རྡེག་ཏུ་མེད་པ་ལྟར་བྱེད་པར་འགྱུར་ཏེ། དེ་ཡང་དུས་མིན་འཆི་བ་ལས་ཐར་བར་བྱེད་པའི་དོན་ནོ།། དེ་ཡང་སྙན་ངག་ཏུ་བསྟོད་པ་ཙམ་མ་ཡིན་པར་སྔོན་བྱུང་བ་ལ། ཆོས་ཀྱི་རྒྱལ་བོའི་ཞལ་གྱིས་བཞེངས་པ་ནི། བཅོམ་ལྡན་འདས་འདི་ནི་མཐུ་ཆེ་ཞིང་སྨན་ཡོན་ཆེ་བ་ལགས་ཏེ། བཅོམ་ལྡན་འདས་བདག་ཀྱང་རྟག་ཏུ་རྒྱུན་མི་ཆད་པར་སེམས་ཅན་དེའི་ཕྱི་བཞིན་བསྲུང་བ་དང་སོགས་འབྱུང་བ་ལྟར་རོ།། དེ་ལྟ་བུའི་ཕན་ཡོན་དང་ནུས་མཐུ་བརྗོད་ཀྱིས་མི་ལང་བས་རྩོམ་པ་བོ་རྗེ་བློ་བཟང་གྲགས་པའི་དཔལ་གྱི་དད་པའི་ཡིད་དྲངས་ཏེ་གཞོན་དུས་ནས་ད་ལྟའི་བར་ཁ་ཏོན་གྱི་གཙོ་བོ་བྱས་པ་དང་། ལྷ་མོ་འདི་རྗེ་ཉིད་ཀྱི་ལྷག་པའི་ལྷར་བསྟེན་པའི་རྒྱུ་མཚན་གྱིས་ཡོངས་སུ་གྲགས་པའི་བསྟོད་ཆེན་འདི་ཉིད་ལྷུང་ལྷུང་འབབ་པའི་ཆུ་བོའི་རྒྱུན་ལྟར་སྔ་ཕྱི་འབྲེལ་ཆགས་པ་བརྩེ་དུང་གི་རྒྱུན་ཤག་ཤག་ཏུ་འཇོ་བ་གཞན་ཡིད་དང་བ་འདྲེན་པ་འདི་ལྟ་བུ་བརྩམས་པའོ།།
བརྩམས་ཆོས་འདི་ཉིད་བརྩེ་དུང་གིས་རྣམ་པར་ཕྱུག་པ་མ་ཟད་ཚིག་སྦྱོར་གྱི་ཐད་ལའང་དཎྜའི་སྙན་ཚིག་གིས་རབ་ཏུ་རྒྱུན་པ་དཔེར་ན་བསྟོད་པ་ལས། ས་གསུམ་འགྲོ་བའི་རེ་སྐོང་དངོས་གྲུབ་གཏེར།། ལེགས་བཤད་འོད་སྟོང་འགྱེད་པའི་ཉིན་མོར་བྱེད།། ཡོན་ཏན་ཆ་ཤས་ཀུན་རྫོགས་འོད་དཀར་ཅན།། དཔལ་ལྡན་བླ་མ་ལུས་ཅན་གཙུག་ན་རྒྱལ།། ཞེས་པའི་ཚིགས་བཅད་འདི་གཟུགས་ཅན་གྱི་རྒྱན་ཏེ། དེ་ཡང་དཔེ་དང་དཔེ་ཅན་ཐ་དད་དུ་མ་ཕྱེ་བར་གཅིག་ཏུ་བྱས་པ་ཡིན་ལ། འོན་ཀྱང་བདེ་ཁྱད་ཕྱེ་སྟེ་བཤད་ན། རྐང་བ་དང་བོས་གཏེར་ནི་འདོད་པ་འབྱུང་བའི་གནས་ཡིན་པ་ལྟར། བླ་མ་ཡང་མངོན་གྲུབ་ཀྱི་འབྱུང་གནས་དང་། གཉིས་པས་ཉི་མས་འོད་འགྱེད་པ་བཞིན་དུ་བླ་མས་ཀྱང་ལེགས་བཤད་ཀྱི་འོད་འགྱེད་པ་དང་། གསུམ་པས་བཅོ་ལྔའི་ཟླ་བ་ནི་ཆ་ཤས་རྫོགས་པ་ལྟར་བླ་མའང་ཡོན་ཏན་མ་རྫོགས་པ་མ་ཡིན་པར་ཡོན་ཏན་གྱི་ཆ་ཤས་རྫོགས་པའི་སྒོ་ནས་བསྟོད་པའི་ཚིག་རྒྱན་འདི་ལྟ་བུའི་བརྩམས་ཆོས་ཀྱིས་ལུས་ཧྲིལ་བོར་མུ་ཏིག་གི་ཏོག་ལྟར་བརྒྱན་འདུག་པས། ང་ཚོས་སྲོལ་རྒྱུན་སྙན་ངག་བསླབ་སྦྱང་གི་རྨང་གཞིའི་སྟེང་དེང་རབས་སྙན་ངག་གི་ལེགས་ཆ་སྡུད་ལེན་བྱས་ཏེ་བོད་ཀྱི་སྙན་ངག་འཕེལ་རྒྱས་ལ་དགེ་མཚན་གསར་བའི་འོད་སྟོང་གིས་ཕྱུག་པར་སྨོན་པའོ།།

0 comments:

ཟིན་བྲིས་འཚོལ་ཡུལ