དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 28 March 2014
རེབ་གོང་སྤྱི་དཔོན་རོང་བོ་ནང་སོ་ན་རིམ་གྱི་མེས་པོ་ལྷ་རྗེས་བྲག་སྣ་བའི་
ལོ་རྒྱུས་ཀྱི་བྱུང་བ་མདོ་ཙམ་བརྗོད་པ།།
རྒྱལ་སྲས་ཚང་གིས།
གླེང་ གཞི།
༄༅།།དེ་ཡང་རེབ་གོང་སྤྱི་དཔོན་རོང་བོ་ནང་སོ་ན་རིམ་གྱི་མེས་པོ་ལྷ་རྗེ་བྲག་སྣ་བའི་བྱུང་བ་ཙམ་བརྗོད་པ་ལ་ཇི་སྐད་དུ། རླངས་དཔལ་གྱི་སེང་གེ་མཆོག་གིས་ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན་ནགས་ཀྱི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་འདྲ། ཡབ་མྱེསཀྱི་ཡི་གེའི་ཚང་མ་ཤེས་ན་མོན་ཕྲུག་ཡུལ་བོར་འདྲ། ཞེས་པ་ལྟར་ཕྱི་རབས་རྣམས་ངོ་གནོངས་མི་དགོས་པའི་ཕྱིར་བསྡུ་སྒྲིག་ཙམ་བྱས་པ་ཡིན། སྤྱིར་ལྷ་རྗེ་བྲག་སྣ་བ་ནི་ས་སྐྱ་བའི་རྒྱུད་དུ་འཁྲུངས་པ། མདོ་སྔགས་ཕྱོགས་གཉིས་ལ་མཁས་ཤིང་ལྟ་བ་དང་རྟོགས་པ་མཐོ་བ། ཁྱད་པར་དུ་གསོ་རིག་ལ་མཁས་ཆེན་ཞིག་ཡིན་ལ། ཁོང་ཉིད་ས་སྐྱ་པཎ་ཆེན་དང་ཁ་ཆེ་པཎ་ཆེན་རྣམ་གཉིས་ཀྱི་བཀའ་ལྟར་ཡུལ་མདོ་སྨད་རེབ་གོང་གི་ཕྱོགས་སུ་ཕེབས་པ་ནས་བཟུང་ཤེས་རིག་གི་ལོ་རྒྱུས་མང་བོ་ཞིག་བསྐྲུན་ཏེ་ད་ལྟ་ཡང་རེབ་གོང་རིག་འབྱུང་ཞིང་ཁམས་ཞེས་གྲགས་སྙན་བ་དན་དགུང་དུ་བསྐྱོད་པ། འདི་ནི་སྤྱིར་བོད་ཁ་བ་ཅན་དང་ཁྱད་པར་དུ་ཡུལ་མདོ་སྨད་ཕྱོགས་ཀྱི་ལོ་རྒྱུས་དཔྱད་གཞིར་གལ་ཆེ་བ་ཞིག་ཡིན།
དང་བོ། ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།
ཇི་སྐད་དུ། མདོ་སྨད་ཆོས་འབྱུང་ལས་མདོ་སྨད་ལྷོ་བྱང་གི་མི་རྒྱུད་ཕལ་ཆེར་བོད་ཆོས་རྒྱལ་གྱིས་རྒྱ་བོད་སོ་མཚམས་སུ་བཞག་པ་ལས་མཆེད་པ་ཤ་སྟག་ཡིན་པས་སྐད་རིགས་ལའང་བརྡ་རྙིང་མ་འགྱུར་བ་མང་། དེ་བཞིན་དུ་ས་སྐྱ་འཁོན་གྱི་གདུང་རྒྱུད་དུ་མ་དང་། སྒྲ་སྒྱུར་མར་བ་ལོ་ཙཱ་བ། དཔལ་ཆེན་རྒ་ལོ། རྔོག་ཆོས་སྐུ་རྡོ་རྗེ། གཙང་རྒྱལ་བ་ལོ་རས་རྣམས་ཀྱི་རྒྱུད་པ་ཡིན་ཟེར་བ་འགའ་རེ་དེང་སང་ཡང་ངོས་འཛིན་ཏུ་སྣང་ཞེས་གསུངས་པ་ལས་སྐྱ་འཁོན་གྱི་གདུང་རྒྱུད་དུ་མ་ཞེས་པ་ནི་རྩོམ་པ་བོས་རེབ་གོང་ཕྱོགས་ལ་བཤད་པ་ནི་དགུ་ཆུའི་རྒྱུད་ཀྱི་ཐོག་མར་བཤད་ཟིན་ཏོ།།
དེ་ཡང་རྗེ་བཙུན་ཆེན་པོ་ས་སྐྱ་འཁོན་གྱི་རིགས་སུ་འཁོན་ཤེས་རབ་ཡོན་ཏན་ལ་སྲས་གཉིས་བྱུང་བའི་ཆུང་བ་བྱང་དུ་མཆེད་པར་འཁོན་ཚོ་སྟོད་སྨད་གཉིས་སུ་གྱེས། ཆེ་བ་ཡོན་ཏན་འབྱུང་གནས་ལ་སྲས་གསུམ་བྱུང་བས་ས་སྐྱ་ལ་དབང་བྱས་སོ།། ཆུང་བས་འཁོན་སྨད་འདམ་ཁོག་རོང་བོ་ཡུལ་དབུས་གཉན་ཆེན་ཐང་ལྷའི་ཞོལ་འདམ་ཤོག་ཆེན་བརྒྱད་ཅུ་ལ་དབང་བྱས་པས་འཁོན་ཤེས་རབ་ཡོན་ཏན་གྱི་རུས་སུ་འཁྲུངས། འཁོན་བསྟན་པ་ནམ་མཁར་ལངས་པར་སྲས་བདུན་བྱུང་བའི་མ་གཅིག་མཁའ་འགྲོ་འབུམ་གྱི་སྲས་ཆེ་བ་ཀུན་དགའ་དོན་འགྲུབ་ནི་སྐབས་འདིར་བརྗོད་གཞིར་གྱུར་བའི་མེས་པོ་ལྷ་རྗེ་བྲག་སྣ་བ་ཡིན་ནོ།། མ་གཅིག་མཁའ་འགྲོ་འབུམ་ནི་ས་ཆེན་ཀུན་དགའ་སྙིང་བོ་ལ་སྲས་མིང་སྲིང་དགུ་ཡོད་པའི་སྲས་མོ་དངོས་ཏེ་ཁོང་གི་ལྕམ་སྔོན་མོའི་སྲས་མོ་ཡིན། ཀུན་དགའ་དོན་འགྲུབ་དགུང་ལོ་བདུན་གྱི་ཐོག་ས་སྐྱའི་དབུ་རྩེ་སྙིང་མ་ལ་སློབ་ཁྲིད་བྱེད་པར་ཕེབས་ཏེ་རང་ཉིད་ཀྱི་ཁུ་བོ་རྗེ་བཙུན་ཆེན་པོ་བསོད་ནམས་རྩེ་མོར་མཇལ་ཏེ་ཡི་གེ་འབྲི་ཀློག་སྦྱངས། དགུང་ལོ་བཅུ་གཉིས་ནས་བཟུང་གསོ་རིག་སྦྱངས། དགུང་ལོ་བཅོ་ལྔ་ལ་ཕེབས་དུས་ས་དཔྱད་རིག་པའི་གནས་ལྔ་དང་གསང་སྔགས་རྒྱུད་སྡེ་བཞི་ ལ་སོགས་པའི་གནས་རྣམས་ལག་ལེན་མཐའ་འཁྱོལ་ཐུབ་པའི་མཁས་པར་གྱུར། དགུང་ལོ་བཅོ་བརྒྱད་ལ་སླེབས་དུས་གཙང་རི་ལེགས་ན་བལ་བོ་ནས་ཕེབས་པའི་བལ་བོ་འཇིགས་མེད་ཐུབ་བསྟན་ཟེར་བ་ལ་བུ་མོ་བལ་བཟའ་ཀླུ་མོ་ཚེ་རིང་ཟེར་བ་དེ་ཁབ་ཏུ་བཞེས་པར་སྲས་གསུམ་འཁྲུངས། དགུང་ལོ་བཅུ་དགུའི་ཐོག་སྲས་ཆེ་བ་ལྷ་རྒྱལ་དཔལ་འཁྲུངས། དགུང་ལོ་ཉེར་གཅིག་ཐོག་སྲས་འབྲིང་བ་ཀླུ་རྒྱལ་དཔལ་འཁྲུངས། དགུང་ལོ་ཉེར་གསུམ་ལ་སླེབས་དུས་སྲས་ཐ་ཆུང་ཚེ་རིང་འབུམ་འཁྲུངས། དེ་ནས་བཟུང་དགུང་གྲངས་སོ་གསུམ་བར་རང་ཉིད་ཀྱི་ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དྲུང་ནས་ས་སྐྱའི་ཡབ་ཆོས་མང་བོ་ལེགས་པར་བསླབས་པ་དང་གསོ་རིག་ལ་ལྷག་པར་ཕྱོགས་གཉིས་ལ་མཁས་པར་མ་ཟད་ལྟ་བ་དང་རྟོགས་པ་མཐོ་བར་བྱུང་། དེ་དུས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བོད་དུ་ཕེབས་པ་ས་སྐྱ་པཎ་ཆེན་དང་མཉམ་དུ་མཇལ་ནས་ལུང་བསྟན་པ་དང་། མཚན་ལྷ་རྗེ་དོན་གྲུབ་ཏུ་གསོལ། ཁ་ཆེ་པཎ་ཆེན་གྱིས་ལུང་བསྟན་བཞིན་རིགས་སྔགས་གྲུབ་པའི་རྣལ་འབྱོར་བ་ཁྱོད་མདོ་སྨད་དུ་སོང་དང་ཁྱོད་ཀྱི་བསྟན་པ་དེ་ན་ཡོད། ཁྱོད་ཀྱི་བླ་མ་ནི་མ་འོངས་པ་ལོ་བཅུ་ཕྲག་གཅིག་དང་ཕྱེད་ཀ་ན་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྤྲུལ་བ་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་དེར་མཇལ་བར་ཕྱིར་ཤོག་གསུངས། དེ་དུས་གུར་མགོན་ཆོས་སྐྱོང་དུ་གཏད་དེ་བླ་མ་སྤྱི་བོའི་གཙུག་ཏུ་བསྟེན་དགོས་གསུངས་ལ། ཡང་ས་པཎ་གྱིས་ཁྱོད་ལྷོ་ཕྱོགས་ནས་སྐོར་ཏེ་ཨ་མདོའི་ས་ཐོག་ཏུ་རི་མཐོན་པོ་རྣ་བས་དགུང་ལ་ཉན་པའི་དབྱིབས་དང་འདྲ་བ་དེའི་གཡས་ཕྱོགས་ནས་སྐོར་ནས་བྱང་ཕྱོགས་སུ་སོང་དང་། ཁྱོད་ཀྱི་བསྟན་པ་རིན་པོ་ཆེ་ཨ་མདོ་ན་ཡོད་པས་མ་འགྱངས་པར་སོང་ཞེས་ས་འདུལ་ལ་མུ་སྟེགས་འཕྲོག་བྱེད་དགའ་བོའི་རལ་བ་ཉག་གཅིག་དང་། རྟེན་སྐལ་དུ་ས་སྐྱའི་དབུ་རྩེ་རྙིང་མའི་མགོན་ཁང་ནས་གཏེར་སྒྲུབ་ཀྱི་བུམ་པ་གསུམ། གཡང་འགུགས་ཀྱི་མདའ་མོ་བདུན། ས་འདུལ་གྱི་བཙནམདའ་གཅིག་གནང་སྟེ་ས་རུ་སྒར་བཅུ་གཅིག་ཆས་གསུངས་ལ། ལྷ་རྗེ་དོན་གྲུབ་ཀྱིས་པཎ་ཆེན་རྣམ་གཉིས་ལ་རུ་དམག་མི་དགོས་པ་དང་། ཁྱིམ་པ་བ་འགྲོ་བ་ལ་མི་ཉེར་ལྔ་རུ་གཅིག་བྱས་ནས་འོངས་ཞེས་ཞུས། ཡང་ས་པཎ་གྱིས་གསུངས་དོན། ཁྱོད་ནི་ང་ཡི་ཁུ་བོ་ཡིན་ཡང་ཨ་ར་པ་ཙ་ནའི་གསང་བ་གསུམ་གྱི་སྔགས་མ་བརྗེད་པར་ལོ་ཉི་ཤུ་ནས་སུམ་ཅུའི་བར་སླར་ཡང་དབུ་རྩེ་རྙིང་མའི་མགོན་ཁང་ལ་མཇལ་བར་ཕེབས་དགོས། དེ་དུས་ཁྱོད་ཀྱིས་བླ་མར་མཇལ་ཐུབ་གསུངས་ནས་ཁ་ཆེ་པཎ་ཆེན་གྱིས་མནའ་བཟའ་ཁ་ཚང་གཅིག་དང་། ས་སྐྱས་དམ་ལ་བཏགས་པའི་དགེ་བསྙེན་གྱི་གཞི་བདག་གཅིག་བསྟན་སྲུང་དུ་གཏད། ཡབ་བཞིའི་ཆོས་སྐྱོང་ཐམས་ཅད་བསྐུལ་ཏེ་མ་མགོན་ལྕམ་དྲལ་དང་བུ་དྲ་མིང་སྲིང་ལ་བཀའ་བགོས་ཏེ་བསྟན་སྲུང་དུ་གཏད། དེ་ནས་ལྷ་རྗེ་དོན་གྲུབ་པ་པཎ་ཆེན་རྣམ་གཉིས་ཀྱི་ཞབས་སྤྱི་བོར་བླངས། ལྷ་རྗེ་དོན་གྲུབ་ཀྱི་སྲས་ཆེ་བ་ལྷ་རྒྱལ་དཔལ་ལ་རྒྱ་གར་ན་ལེན་ཏྲ་ནས་མཆེད་པའི་གཙང་ར་སྟོད་ན་ཡོད་པའི་ཆོས་དབྱིངས་གླུ་ཁྲོད་ཀྱི་སྲས་མོ་ར་བཟའ་ཆོས་འཛིན་སྒྲོལ་མ་བཙུན་མོར་བསུས་ཏེ་ས་སྐྱའི་གདུང་རྒྱུད་བླ་བྲང་ནས་གསོལ་སྟོན་བཤམས། ཁ་ཆེ་པཎ་ཆེན་གྱིས་ལྷ་རྗེ་ཁྱོད་ཀྱི་རི་རྡོ་རྗེའི་དབྱིབས་འདྲ་བའི་རྐེད་པ་ནས་གཞི་བཟུང་དང་། ཁྱོད་ཀྱི་རིགས་རྒྱུད་ཀྱིས་སངས་རྒྱས་བསྟན་པ་འཛིན་པའི་དགོས་པ་ཡོད་གསུངས་པ་ལྟར་མདོ་སྨད་དུ་ཕེབས།
དེ་ནས་གཙང་འདབས་སུ་འབྱོར་ནས་ཡུལ་ས་སྐྱའི་ཆོས་སྐྱོང་རྣམས་ལ་དགོངས་ཞུ་མཛད་དེ་རྣལ་འབྱོར་དགེ་བསྙེན་སྟོབས་ལྡན་ཆེན་པོ་ཡར་ལྷ་ཤམ་པོའི་འཁོར་ན་ཡོད་པའི་རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ། དགྲ་བོའི་སྟེང་གི་ཐོ་བ། དཀར་ཕྱོགས་སྐྱོང་བའི་དགེ་བསྙེན། འགྲོ་བ་ཡོངས་ཀྱི་མགོན་སྐྱབས། མཐུ་སྟོབས་དཔུང་གི་རྒྱལ་བོ་དང་བློན་པོ་བཀའ་སྡོད་སྟག་གི་ཤམ་ཐབས་ཅན་མགོན་སྐྱབས་ཀྱི་ལྷ་དང་ལྷ་མི་དཔུང་དང་བཅས་ཕེབས་པ་དང་། འདམ་ཁོག་གཞུང་ལ་འབྱོར་ཏེ་གཉན་ཆེན་ཐང་ལྷའི་མདུན་དུ་སྒར་ཕབ་སྟེ། འདམ་གཞུང་དུ་ལྷ་སའི་གཙུག་ལག་ཁང་དུ་མཇལ་བའི་དུས་གསུམ་སངས་རྒྱས་ཀྱི་རྟེན་སྐལ་གནངས་ཏེ་འདམ་ཤོག་ཆེན་བརྒྱད་ཅུས་དངོས་པོའི་རྫོགས་པ་བྱས་ཤིང་། དེ་ནས་ནག་ཆུ་དང་རྫ་ཆུའི་བར་དུ་འབྱོར་དུས་ནད་ཡམས་ཤིག་བྱུང་སྟེ་ལོ་ཕྱེད་ཙམ་ལ་འོང་མ་ཐུབ་པར་ལྷ་ལ་གསོལ་བ་བཏབ་པས་གུར་མགོན་གྱིས་ཞལ་དངོས་སུ་བསྟན་པར་བཤད། དེ་ནས་མར་འབྲི་ཆུ་དང་རྨ་ཆུའི་བར་མདོ་བ་ཟེར་བའི་སྡེ་ཞིག་ཡོད་པ་དེར་ཇག་པ་སྟོབས་དང་ལྡན་པ་ཞིག་བརྫངས་ཏེ་ནམ་མཁའི་ཐོག་ལྟར་བྲག་ལ་བརྡབས་པས་དེ་མ་ཐག་སྣ་བ་དེ་ཆད་པས་ལྷ་རྗེ་བྲག་སྣ་བར་གྲགས་སོ།།
དེ་ཡང་ལྷོ་ཕྱོགས་སུ་བསྐོར་ནས་འོངས་པའི་རྨ་ཆུའི་རབ་ཁ་ལ་འབྱོར་དུས། གྲུ་བ་དང་གྲུ་གཟིངས་གཅིག་ཀྱང་མཐོང་རྒྱུ་མེད་པས་ཅི་བྱེད་ཅེས་གྲོས་བྱས་ཚེ། བཙུན་མོས་དཀོན་མཆོག་གི་ལྷ་ལ་གསོལ་བ་བཏབ་པ་ལྟར་སེར་མོ་ཉེར་དྲུག་གི་མི་རེས་གྲུ་རེ་ཁྱེར་ནས་རྨ་ཆུའི་གཞུང་རྒྱུད་དུ་འོང་ནས་ཁྱེད་རྣམས་ཆུའི་ཕར་ཁར་ངེད་རྣམས་ཀྱིས་བསྐྱལ་ཆོག་གསུངས་སོ།། དེ་ནས་འཁོར་རྣམས་ཆུའི་ཕ་རོལ་དུ་འབྱོར་ཏེ་ཁྱོད་རྣམས་ལ་གྲུ་གླ་ཅི་ཙམ་དགོས་དྲིས་ཚེ། གྲུ་བསང་གྲུ་གཟིངས་གཅིག་ཀྱང་མཐོང་རྒྱུ་མེད་པར་གྱུར། དེ་ནི་སྟོབས་ལྡན་ཆེན་པོའི་དགེ་བསྙེན་ཉེར་དྲུག་གྲུ་བར་སྤྲུལ་ཏེ་འོང་བ་ཡིན་པས་རྨ་ཆུའི་རབ་དེ་གའི་མིང་ལ་དགེ་བསྙེན་རབ་ཁ་ཞེས་སུ་གྲགས་སོ།། དེ་ནས་ལམ་མི་ཤེས་པའི་རྐྱེན་གྱིས་ལྷོ་ཕྱོགས་སུ་འཁོར་ཏེ་ལུང་ཆེན་ཞིག་ཏུ་འབྱོར་ནས་སྒར་བཏབ་པས་ལྷ་རྗེའི་མཚན་ལམ་ལ་འདི་ལྟར། མི་སེར་བོ་ཕྱག་ན་རལ་གྲི་འཆང་བ་ཞིག་གིས།
ས་འདི་ནས་མ་འདུག་ཕར་ལ་སོང་།། གནས་འདི་ནི་ཁྱོད་ཀྱི་ཨེ་ཤེས་ལགས།། སྤྱང་མོ་འདུར་རྒྱུག་བྱེད་འདྲའི་ས།། ཝ་མོ་ཁུང་སྒོ་ཉུལ་འདྲའི་ས།། སྦྲུལ་ནག་ཐུར་དུ་མཆོངས་འདྲའི་ས།། ཁྱོད་འདི་རུ་མ་འདུག་ཕར་ལ་སོང་།།
ཞེས་གསུངས་ནས་ལྷོ་ཕྱོགས་ཀྱི་རྫ་མཐོན་པོ་ཞིག་ཏུ་ཕེབས་པ་རྨིས། དེར་ལྷ་རྗེ་བྲག་སྣ་བའི་གསུང་དོན།
དང་བོ་པཎ་ཆེན་རྣམ་གཉིས་ཀྱི་གནས་ལྔ་རིག་པའི་ས་དཔྱད་གསུངས་པ་ལྟར།
སེང་གེ་གནམ་དུ་མཆོང་བའི་རི།། རྒོད་པོ་གཤོག་རྩལ་ངོམ་པའི་རི།། འདོ་བས་བང་ཁ་འགྲན་པའི་རི།། ཕར་བལྟས་རི་བོ་མཐོན་པོ་དེ།། དགའ་ལྡན་ལྷ་ཆོས་ཉན་འདྲ་ལགས།། གསུངས། 
དེ་ལྟར་རི་མཐོན་པོ་དེའི་མིང་ལ་ཉན་པོ་ཡར་རྩེ་ཟེར་ལ། དེའི་ཕྱོགས་ལ་ཉན་བཟང་ངམ་ཧོར་ཉན་བཟང་ཟེར། ས་དཔྱད་འཐོན་པའི་ས་འདི་ལ་པཎ་ཆེན་བཀའ་ཟེར་ཡང་ཚིག་ཟུར་ཆག་པས་པཎ་ཆེན་ཁ་ཟེར་སྲོལ་ཆགས་འདུག ཧོར་ཉན་བཟང་ཟེར་དོན་ནི་མི་ཉག་རྒྱལ་ཐོག་དགུ་བ་རྡོ་རྗེ་དཔལ་ལམ་ཟེར་བ་བཀྲོངས་ཏེ་ཡུལ་སྡེ་ཐམས་ཅད་མངའ་ཞབས་སུ་བསྡུས། དེར་དགའ་སྟོན་བྱས་པའི་ཟླ་བ་དེ་ལ་ཧོར་ཟླ་ཟེར་བས་ཧོར་ཞེས་པ་དེ་ནས་བྱུང་། ས་པཎ་གྱིས་ངས་ཁྱོད་ཀྱི་བསྟན་པའི་དོན་དུ་འབད་པ་བྱས་པའི་རྟེན་སྐལ་གནངས་པ་མཐའ་དག་གཅིག་མ་ལུས་པར་བཟུང་སྟེ་རི་ཉན་པ་ལ་གཡས་སྐོར་གྱིས་སོང་གསུངས་པ་ལྟར། རི་ཉན་པོ་ཡར་རྩེ་ལ་གཡས་སྐོར་གྱིས་ཕེབས་ཏེ་གཞུང་ཆེན་ཐར་སྨུག་པོ་དེའི་ཁ་ན་བྱ་རྒྱལ་ཁྱུང་ཆེན་གཡུ་ཡི་གཤོག་པ་ཅན་ཞིག་འདུག་པ་དེས་འདི་ལྟར་སྨྲས།
མངའ་རིས་དཔག་བསམ་ཤིང་གི་རྭ་བར་ནས།། གོང་མའི་ བཀའ་ལུང་ཕེབས་ཏེ་འདི་རུ་འོངས།། ཁྱོད་ཀྱི་བསྟན་པའི་བདག་པོ་ང་ཡིས་བྱེད།། སྒོ་མོའི་རྫ་རིའི་སྟེང་དུ་གནས་པ་ཡིན།། མདོ་སྨད་བྱང་ཕྱོགས་བསྟན་སྲུང་ང་ཡིས་བྱེད།། ཅེས་གསུངས་ནས་འཕུར་སོང་།
ལྷ་རྗེ་བྲག་སྣ་བའི་འཁོར་རྣམས་ཁྲིད་དེ་བྱང་ཕྱོགས་སུ་ཕེབས་ཁར་ཐ་སྨུག་པོ་དེ་ཡི་ཁར་ཕེབས་ཏེ་བསང་ཁྲི་ནག་པོ་སྦྲ་ལྟ་བུ་ཞིག་བརྩིགས་ནས་གནམ་ས་ཀ་བ་ཟེར་བའི་ལྷ་བསང་ཞིག་བཀྱག་པས་ས་དེའི་མིང་ལ་ཐ་སྨུག་བསང་ཁ་ཟེར། བསང་ཁྲི་ནག་ལྡང་ཟེར་སྲོལ་ཡང་ཡོད། དེ་ནས་གངས་ཆེན་ཁས་ཁར་ཕེབས་ནས་རྡོ་དཀར་ནག་གི་ཕྲ་བྱས་ནས་ལྷ་བསང་བཏང་བས་གངས་ཆེན་བསང་ཁྲི་ཁྲ་ལྡིང་ཟེར། དེ་ཡང་གཞུ་ཤུབས་ནང་གི་གཞུ་མོ་བཏོན་ཏེ་གཞུའི་ཡ་མཆོག་སྟོད་དུ་སྦས། གཞུའི་མ་མཆོག་སྨད་དུ་སྦས། གཞུ་ཤུབས་དཀྱིལ་དུ་སྦས་ནས་ས་གངས་ཆེན་དང་ས་གཞུ་ཤུབས་ཕུ་སྟོད་སྨད་བར་གསུམ་མཉམ་དུ་འགྱིངས་འདྲའི་དབྱིབས་ལྟ་བུ་ཞིག་ཡོད་པ་ལ་གཟིགས་ནས་རི་འདི་གསུམ་ནི་ས་སྐྱའི་དགོན་པའི་བླ་རིའི་དབྱིབས་དང་མཚུངས་པས། དང་བོ་འཁོན་དཀོན་མཆོག་རྒྱལ་བོ་ས་དཔྱད་ལ་ཕེབས་སྐབས་ས་སྐྱའི་བླ་རི་ཚེ་རིའི་སྒང་ནས་ས་དཔྱད་ལ་གཟིགས་པའི་སྐབས་ཀྱི་རི་དང་འདྲ་བས་ངས་ཡང་རི་འདི་རྩིས་ནས་གནས་ལྔ་རིག་པའི་ས་དཔྱད་གསུངས་པ། རི་དེའི་མིང་ལ་ཚེ་རི་ཟེར། རི་འདི་ནི་རོང་བོ་གདན་ས་གསུམ་གྱི་བླ་རི་ཡིན། དེ་ནས་སྒོ་མོ་ན་རིང་ལ་འོངས་ནས་རྫ་རི་ལ་མིང་བསྒྱུར་བས་བྱ་ཁྱུང་དང་ན་རིང་གི་མིང་བསྒྱུར་བས་འབྲས་བུ་ཆུང་ཟེར། ཁྱམ་ཐོ་སྤུན་གསུམ་དང་གུས་རི་སྤུན་གསུམ་རྣམས་ལ་དགྲ་ལྷའི་དཔུང་བསྟོད་བྱས། དེ་ཡང་ལྷ་རྗེ་བྲག་སྣ་བ་ཆེན་པོས་ཕར་བལྟས་ན་བྲག་དམར་བོ་ནོར་བུ་འཕྲ་ཡིས་བརྒྱན་པ་འདྲ་བ་ཞིག་ལ་གཟིགས་པའི་སྟེང་ན་ལྷ་རྡོ་དཀར་བོ་གངས་སེང་འདྲ་བ་ལ་གཡུ་རལ་རྒྱས་འདྲ། ཤར་ན་གཉན་རྡོ་དམར་བོ་སྟག་མོ་ཚང་ལ་བབ་འདྲ། བྱང་དུ་ནེའུ་ལེ་ཁ་ནས་ནོར་བུ་ལྷུང་བ་འདྲ་བ། བཀྲ་ཤིས་པའི་གནས་སུ་མཐོང་བས་ཟླ་ཕྱེད་ཙམ་བསྡད། ནུབ་ཞིག་མཚན་ལམ་ལ་མི་སྐུ་མདོག་ནག་ལ་དབུ་སྐྲ་ཁམ་སེར་གྱེན་དུ་གཡེང་བ། སྤྱན་ནི་གློག་དམར་འཁྱུག་འདྲ། ཚེམས་ནི་རྒྱ་སྟག་གི་མཆེ་བ་དང་འདྲ་བ། སེན་མོ་བྱ་ཁྲ་ཡི་སྡེར་བཞི་དང་འདྲ་བ་ཞིག་འོངས་ནས་ས་སྐྱ་རིན་པོ་ཆེ་སྐུ་བདེ་ལེགས་སམ་ཞུས་པས། ལྷ་རྗེ་ཀྱིས་ང་ནི་ས་སྐྱ་རིན་པོ་ཆེ་མིན་ཞུ་བར་འབྲོག་མི་དེས་འཛུམ་པའི་རྟགས་བསྟན་ཏེ། ང་ནི་ཁྱེད་ཀྱི་ནུ་བོ་ཡིན་ལ། ཁྱོད་འདི་ནས་རི་བོ་ཆེ་ཡི་མདུན་དུ་སོང་དང་སང་སྔ་མོ་ས་པཎ་གྱིས་གསུངས་པ་ལྟར་བྱེད་དགོས་གསུང་སྟེ་ཧབ་དགོད་ཆེན་པོ་ཞིག་བྱས་པ་དང་མཉམ་དུ་སད་ཚེ། ནམ་མཁའ་ན་འཇའ་ཚོན་སྣ་ལྔ་མཐོང་མ་མྱོང་བ་ཤར་བ། ས་གཞི་ན་གློག་དམར་འཁྱུག་པ། ཤྭ་བ་ཆེན་པོའི་ལུས་ལ་སྤྲུལ་དཀར་ནག་གིས་བརྒྱན་པ། མགོ་ན་ཤྭ་རྭ་བཅོ་བརྒྱད་ཡོད་པ་ཞིག་གི་ཁ་ནས་ངར་སྐད་སྒྲོག་བཞིན་འོང་བས། ས་པཎ་གྱིས་གསུངས་པ།
བྲག་དམར་བོ་བླ་རི་བྱས་པའི་དུས།། ལྟས་ངན་པ་སྣ་ཚོགས་བྱུང་བའི་དུས།། ས་འདུལ་བའི་དུས་ནི་དེ་དུས་ཡིན།།
ཞེས་པ་ལྟར་ལྷ་རྗེ་བྲག་སྣ་བས་ས་སྐྱའི་དབུ་རྩེ་རྙིང་མའི་མགོན་ཁང་ནས་བཙན་མདའ་གཡང་ར་ཅན་དེ་བླངས་ནས་ལྷ་   དཀོན་མཆོག་ལ་གསོལ་བ་བཏབ་སྟེ་མདའ་དེ་འཕངས་པས་ཤྭ་བོའི་སྙིང་ལ་ཕོག་སྟེ་འགུལ་རྒྱུ་མེད་པར་གྱུར། དེར་ཁོང་གིས་རྟེན་འབྲེལ་གྱི་སྲས་གསུམ་ལ་སྐལ་བ་ཅི་ཡོད་བལྟས་ཚེ། སྲས་ཆེ་བ་ལྷ་རྒྱལ་དཔལ་གྱིས་ཤྭ་བོའི་ཕོ་བ་མནན་པ་དང་། འབྲིང་བ་ཀླུ་རྒྱལ་དཔལ་གྱིས་ཤྭའི་མཇུག་མ་ནས་བཟུང་། ཐ་ཆུང་ཚེ་རིང་གྱིས་རྭ་ནས་བཟུང་། དེ་ལྟར་གྱིས་སྲས་གསུམ་ནི་རོང་བོ་ནང་སོ་དང་མར་ནང་ནང་སོ། རྡོ་སྦིས་ནང་སོ་གསུམ་གྱིས་དབང་བྱས་པའི་འབངས་སྡེ་ནི་རྒྱ་ཆེ་བས་སོ།། དེ་བཞིན་དགོན་ཁུག་སར་ཕེབས་ཏེ་ས་དཔྱད་མཛད་པའི་པཎ་ཆེན་རྣམ་གཉིས་ཀྱི་ལུང་གི་དྲངས་པའི་ས། གཡས་ན་ལྷ་ཆབ་དཀར་མོ་འབབ་པ་དཔལ་ཐུགས་རྗེ་ཆེན་པོའི་དངོས་གྲུབ་ཡིན། གཡོན་ན་གཙང་ཆབ་སྔོན་མོ་འབབ་པ་དཔལ་གསང་བ་འདུས་པའི་དངོས་གྲུབ་ཡིན། དབུས་ན་སྨན་ཆབ་དཀར་མོ་འབབ་པ་དཔལ་འཇམ་པའི་དབྱངས་ཀྱི་དངོས་གྲུབ་ཡིན། ཞེས་པ་ལྟར་རྗེ་བཙུན་ཆེན་པོ་ས་སྐྱ་འཁོན་གྱི་གདུང་རྒྱུད་ཨ་མདོའི་ཉན་བཟང་ཕྱོགས་སུ་རི་རྡོ་རྗེ་འདྲ་བའི་སར་རྗེ་འབངས་ཕོ་མོ་བྱིས་པ་སུམ་བརྒྱ་ཙམ། མི་སུམ་ཅུ་དམག་རུ་ཆུང་བ་གཅིག མི་བརྒྱ་རུ་ཆེ་བ་གཅིག་བཅས་རུ་སྒར་བཅུ་གཅིག་དེར་འཛོམས་གྱི་གཞི་ཕེབས་ཏེ་བཞུགས། ས་སྐྱའི་ཁྱད་པར་དུ་འཕགས་པའི་བུམ་པ་ཞིག་རེབ་གོང་བྱང་ཕྱོགས་ཀྱི་རིའི་གཏེར་དུ་སྦས་པའི་བུམ་ཆད་རི་ཟེར་ལ། བུམ་པ་རླབས་པོ་ཆེ་ཞིག་གཡས་ལུང་ཉིན་ཕྱོགས་ཀྱི་རི་མགོར་གཏེར་དུ་སྦེད་པའི་བུམ་རླབས་ལྡན་ཟེར། ཡང་སྲིད་ལ་དབང་བྱེད་པའི་བུམ་པ་ཞིག་བྱང་ཕྱོགས་ཆུ་གཉིས་ཀྱི་མདོར་སྦས་པས་མིང་ལ་བུམ་གསེར་རི་ཞེས་ཐོགས། མདའ་མོ་བདུན་པོ་དེ་ཡང་རེ་རེ་གཏེར་དུ་སྦས་པས་ཟ་ལུང་། དབུས་ལུང་། ནེའུ་ལུང་། རྒྱུ་ལུང་། ཕྱུག་ལུང་། གཡང་ལུང་། སྐྱེས་ལུང་བཅས་ཐོགས།
དེ་ནས་ཡང་ས་པཎ་གྱི་གསུངས་ལྟར་ཨ་ར་ཙ་ནའི་སྔགས་བཟླས་ནས་སྒྲུབ་པ་མཛད། སྲས་འབྲིང་བ་ལ་གཙན་ཚའི་རིགས་ཀྱི་བུ་མོ་ཞིག་བཙུན་མོར་བླངས་པ་རིགས་རྒྱུད་མ་བྱུང་། སྲས་ཆུང་བ་ཚེ་རིང་འབུམ་ལ་རེབ་སའི་རིགས་སུ་འཁྲུངས་པའི་རེབ་རོང་བའི་བསྟན་པ་རྒྱ་མཚན་གྱི་བུ་མོ་ཆོས་སྒྲོལ་སྐྱིད་བླངས་པས་སྲས་མ་བྱུང་བ་ལ་བླ་གྲུབ་ཐོབ་ཞིག་ལ་ལུང་བསྟན་ཞུས་པས། ཁྱོད་ཀྱི་མདོ་སྡེ་པདྨ་དཀར་བོ་འབུམ་གཅིག་ཐོན་དང་སྲས་འོང་གསུངས་པ་ལྟར་བྱས་པས་སྲས་རོང་ཆེན་མདོ་སྡེ་འབུམ་ཞེས་མཚན་ཉི་ཟླ་ལྟར་གྲགས་པ་དེ་འཁྲུངས་པ་མདོ་སྡེ་པད་དཀར་ཅན་གྱི་སྤྲུལ་བར་གྲགས་སོ།། སྐབས་དེར་ལྷ་རྗེ་ཆེན་པོ་དགུང་གྲངས་བདུན་ཅུར་སོན་ཡང་རང་གི་བླ་མ་འཇལ་ཕྱིར་ས་སྐྱར་ཕེབས། བླ་མ་ནི་ཁོང་གི་སྐུ་ཚ་འཕགས་པ་བློ་གྲོས་རྒྱལ་མཚན་ཡིན་པ་དགུང་ལོ་བརྒྱད་དུས་སུ་མཇལ། རྟེན་སྐལ་དུ་ས་སྐྱའི་གསེར་མགོན་དང་ཕྱག་འཁར་གནང་། གུར་མགོན་ཆོས་སྐྱོང་དུ་གཏད་ནས་མ་འོངས་པ་ན་གསེར་ལྗོངས་རྒྱ་ཐང་དུ་རོང་བོ་མཁར་འབུམ་རྒྱལ་ལ་སྲས་གསུམ་བྱུང་བར་ཁྱོད་ཀྱི་བསྟན་པ་ཡང་བསྐྱར་འཕེལ་བར་འགྱུར་ཞེས་གསང་སྔགས་ཀྱི་ལུང་མང་བོ་གནངས། ཁོང་དགུང་གྲངས་དོན་གཅིག་སྟེང་ཕྱིར་ཡུལ་དུ་འབྱོར། དེ་ནས་བཟུང་རེབ་གོང་གི་སྟོད་སྨད་ལྷོ་བྱང་ཕྱོགས་ཀྱི་གཞུང་ཆེན་པོ་དང་རི་མཐོན་པོ་ལ་ཟུར་སྣོན་དང་དཔུང་བསྟོད་བྱས་ནས་དགུང་གྲངས་གྱ་གཅིག་ཐོག་ཞིང་དུ་གཤེགས། གདུང་རུས་ནི་རེབ་གོང་བྱང་སྐྱོར་མཆོད་རྟེན་ནང་བཞུགས་སུ་ཕུལ། ཁོང་གི་སྲས་ཐ་ཆུང་ཚེ་རིང་འབུམ་གྱི་སྲས་མདོ་འབུམ་ལ་ཡབ་ཀྱི་ཞལ་གསུང་བཞིན་ཨ་ར་པ་ཙའི་སྔགས་བཟླས་པས་རྟོགས་པ་ཁྱད་པར་ཅན་འཁྲུངས་པར་གྲགས། དེ་ཡང་ཁུ་བོ་ལྷ་རྒྱལ་དཔལ། ཀླུ་རྒྱལ་དཔལ། ཡབ་ཚེ་རིང་འབུམ་རྣམས་ཀྱིས་བན་སྔགས་བརྒྱད་ཅུ་ཟེར་བའི་སྡེ་བཙུགས། བན་ནི་ཇོ་བོ་རྗེའི་ལུགས་དང་། སྔགས་ནི་ས་སྐྱའི་ལུགས་ཡིན་ལ། འདུ་ཁང་ཆེན་པོ་ཐོག་ཁང་ཅན་རྟེན་པ་ཕུན་སུམ་ཚོགས་པར་བཞེངས་པས་བློ་ཆེན་བན་སྔགས་ཟེར་བའི་སྲོལ་དེ་དུས་ནས་བྱུང་ལ། དེ་ལྟར་ལྷ་རྗེ་བྲག་སྣ་བ་ནས་བཟུང་ད་ལྟའི་བར་ལོ་ངོ་བདུན་བརྒྱ་ལྷག་གི་རིང་བླ་དཔོན་རབས་མ་ཆད་ཅིང་། འགའ་རེ་མ་གཏོགས་མི་རེས་ལོ་གསུམ་རེ་ལ་བསྐྱངས་པའི་ལོ་རྒྱུས་དང་། ཕལ་ཆེ་བ་ནི་ལོ་བདུན་རེར་བསྐྱངས་པའི་ལམ་སྲོལ་བཞིན་ཕེབས་བར་བྱུང་བ་རྣམས་ཀྱིས་རེབ་གོང་ལ་ལུགས་གཉིས་ཀྱི་བྱས་རྗེས་བླ་ན་མ་མཆིས་པར་མཛད་པ་ནི་རྗེས་སུ་ཡི་རངས་པའི་གནས་སུ་འཁུམས་མོད། གང་ན་བཀྲ་ཤིས་རྒྱུ་བའི་ས་ཕྱོགས་དེར་སྣ་ནག་མ་ཡང་འབྱུང་བ་དཔེ་ལགས་པས་ལོ་རྒྱུས་ཀྱི་ཞིབ་ཆ་གཞན་དུ་ཤེས་པར་བྱའོ།།
གཉིས་པ། འབྲེལ་ཡོད་ཀྱི་མིང་འགའ་རེ་ལ་དཔྱད་པ།
དེ་ལྟར་རེབ་གོང་སྤྱི་དཔོན་རོང་བོ་ནང་སོ་ན་རིམ་གྱི་མེས་པོ་ལྷ་རྗེ་བྲག་སྣ་བའི་ལོ་རྒྱུས་ཀྱི་བྱུང་བརྗོད་པ་ལས་འཕྲོལ་ཏེ་མཚན་གྱི་ཐོགས་དོན་འགར་བསམ་པར་བྱ་སྟེ། རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་ནི་རེབ་གོང་གི་ལྟེ་བ་བྱས་ཏེ། ལྷོ་ན་རྒོད་པོ་ཁྱབ་ཆེན། ནུབ་ཏུ་སེར་རྒོད་མཐོན་པོ། བྱང་དུ་རི་ཆེན་དང་། ཤར་དུ་སྟག་ལོང་། དཀྱིལ་དུ་བྱ་ཁྱུང་སྟེ་རི་མཐོན་པོ་གནམ་གྱི་ཀ་བ་བསླངས་འདྲའི་བསྐོར་ཡོད་པའི་སྟེང་། སྟོད་དུ་ཀ་རོང་ཡ་རོང་བདེ་རོང་གསུམ། བར་དུ་ཚ་རོང་བཱ་རོང་བསེ་རོང་གསུམ། སྨད་དུ་ཐེའུ་རོང་ནོའུ་རོང་དགུ་རོང་གསུམ་སྟེ་རོང་དགུའི་ཆུ་རྣམས་གཅིག་ཏུ་འདྲེས་ནས་རེབ་གོང་གཞུང་རྒྱུད་དགུ་རོང་མདོ་ནས་རྨ་ཆུར་འབབ་པ་ནི་རོང་བོ་དགུ་ཆུའོ།།
རེབ་གོང་ཟེར་བ་ནི་རོང་ཆེན་མདོ་སྡེ་འབུམ་གྱི་སྲིང་མོ་རེབ་རོང་བ་བསྟན་པ་རྒྱལ་མཚན་ལ་བྱིན་པའི་རྒྱུད་ལ་རེབ་རོང་དང་། རེབ་ཁ་སོ་གཉིས་བྱུང་བའི་རེབ་ཁ་སོའམ་རེབ་སའི་མིང་དེ་ལས་རེབ་གོང་ཞེས་ཐོགས་པར་གྲགས་ལ། ཡོངས་གྲགས་སུ་རེབ་གོང་མ་ཆགས་རེབ་ས་ཆགས་ཟེར་བ་ཡང་ཕྱོགས་མཐུན་ནོ།།
རེབ་གོང་གསེར་མོ་ལྗོངས་ཟེར་བ་ནི། རེབ་གོང་སྨད་ཕྱོགས་ཀྱི་བཀའ་རྩེ་གདོང་དུ་གྲགས་པའི་རི་རྒྱུད་ཨ་རྒྱལ་རིའི་སྟེང་ལ་གོང་མསམི་ཉག་རྒྱལ་བོསྐུ་མཁར་བརྩིགས་པའི་སྐབས། ས་འདི་ལ་བཏང་བའི་བཀའ་ཡིག་ཏུ་རེབ་གོང་གསེར་མོ་ལྗོངས་ཞེས་གནང་འདུག་པ་དེ་ནས་བཟུང་ཚུལ་དེ་ཤེས་པ་རྣམས་ཀྱི་ངག་ལས་དར་སྤེལ་བྱུང་ལ། དེ་ཚད་མར་གྱུར་བའི་དམ་པ་དག་གིས་ལུང་དུ་བསྟན་པ་ཡང་ངང་གིས་འགྲིག་པར་འགྱུར་ཏོ།། གཞན་ཡང་ལྗོངས་འདིའི་ཕུ་མདའ་བར་གསུམ་རྣམས་སུ་གསེར་ལྗོངས་ཁུགས་སམ་གསེར་རི། གསེར་རྡེའུ། གསེར་ཁོག་སོགས་མང་དུ་ཡོད་པས་གསེར་ལྗོངས་གྲགས་པར་ཡང་བཤད་དོ་ཞེས་རེབ་གོང་ཆོས་འབྱུང་ན་གསལ།
གསེར་ལྗོངས་རིག་པའི་འབྱུང་གནས་ཟེར་དོན་ནི། རོང་ཆེན་ལྷ་རྗེ་བྲག་སྣ་བའི་སྐུ་འཁོར་གཡོག་དང་བཅས་གནས་འདིར་ཕེབས་པ་ནས་བཟུང་ཆོས་སྲིད་གཉིས་ཆར་ནས་ཡར་རྒྱས་སུ་འགྲོ་བའི་འགོ་ཚུགས། རོང་ཆེན་མདོ་སྡེ་འབུམ་བུ་རབས་ཚ་རྒྱུད་ནས་སྒྲ་ཚད་བཟོ་གསོ་ནང་རིག་པ་སྟེ་རིག་པའི་གནས་ལ་མཁས་པའི་སྐྱེ་བོ་མང་བོ་བྱོན་པ་མདོ་སྨད་འདིར་ཐོག་མ་ལྟ་བུར་གྱུར་ཅིང་། དེ་ནས་ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོ་སྲས་བཅས་ཀྱི་བར་ལ་མ་ཉམས་གོང་འཕེལ་དུ་སོང་བའི་ལོ་རྒྱུས་ལ་གཞིགས་ནས་མདོ་དབུས་གཙང་གསུམ་གྱི་མཁས་གྲུབ་རྣམས་ཀྱིས་ལོ་རྒྱུས་དང་མཐུན་པའི་སྒོ་ནས་ཆེད་བསྔགས་ཀྱི་ཕྲེང་བ་སྤེལ་བ་ལས་བྱུང་ཞིང་། དེ་ནས་ཀྱང་རིག་པ་འབྱུང་བའི་གྲོང་ཁྱེར་དང་གསེར་ལྗོངས་དགེ་བའི་འབྱུང་གནས། རེབ་གོང་ཆོས་ཀྱི་ཞིང་ཁམས་སོགས་ལྗོངས་འདིའི་མིང་ལ་སྙན་ངག་གི་ལམ་ནས་གཏན་ཆགས་སུ་གྱུར་བ་ལྟ་བུ་ཡོངས་སུ་གྲགས་པ་ནི་མ་གཞི་ཁམས་སོགས་ལྗོངས་འདིའི་མིང་ལ་སྙན་བརྒྱུད་མར་འཕེལ་བ་ནས་བྱུང་བར་འདོད།
ནང་སོ་ཞེས་པ་ནི་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་བཙུན་པ་ལ་སྟེར་རྒྱུའི་གོ་ས་ཞིག་གི་མིང་ལ་ཟེར་བྱས་པ་དང་། རྡོ་སྦིས་དགེ་གཤེས་ཤེས་རབ་རྒྱ་མཚོས་མདུན་ན་འདོན་གྱི་དོན་ཏེ་གོང་མའི་མདུན་འདུག་པ་ཡིན་གསུངས་ལ། རྡོ་བྲག་དགེ་འདུན་ཆོས་འཕེལ་གྱིས་ནང་གི་སོ་ལྟ་བའི་དོན་རེད་ཅེས་བཤད་ཚུལ་འགའ་སྣང་།
རོང་བོ་ཞེས་པ་ནི་ཨ་མྱེས་ལྷ་རྗེ་བྲག་སྣ་བོ་ཆེན་པོ་ཡུལ་དབུས་གཉན་ཆེན་ཐང་ལྷའི་ཞོལ་འདམ་ཁོག་རོང་བོའི་སར་སྐུ་འཁྲུངས་པས་ན་མཚན་དེ་ལྟར་ཐོགས་པར་འདོད།
ལྷ་རྗེ་ཞེས་འབོད་དོན་ཀུན་དགའ་དོན་འགྲུབ་ཁོང་གིས་དགུང་ལོ་བཅུ་གཉིས་ནས་བཟུང་གསོ་རིག་ལ་སྦྱངས་ཤིང་ས་སྐྱའི་སྨན་གྲོང་བ་ཆེན་པོ་སོགས་ཀྱི་སྨན་རྒྱུད་དང་ལག་ལེན་པར་མ་ཆད་པའི་གདམས་ངག་ཡོངས་རྫོགས་གསལ་བར་མཁྱེན་པས་ས་སྐྱ་མཎྚི་ཏ་དང་། ཁུ་བོ་གྲགས་པ་རྒྱལ་མཚན་སོགས་ལས་སྨན་རྒྱུད་ཕྱག་ལེན་དང་བཅས་པ་གསན་སྦྱོར་མཛད་ནས་ཐུགས་སུ་ཆུད་ཅིང་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིས་ཀྱང་ལྷ་རྗེ་དོན་གྲུབ་ཅེས་མཚན་གྱི་གཟེངས་བསྟོད་པ་ལས་ཐོགས་པར་འདོད།
བྲག་སྣ་བ་ནི་ཁོང་གི་སྐུ་འཁོར་རྣམས་རྨ་ཆུའི་བར་མདོ་བ་ཟེར་བའི་སྡེ་ཞིག་ཡོད་པ་དེར་འབྱོར་དུས། ཇག་པ་སྟོབས་ལྡན་ཞིག་གིས་གཙེས་པས་རུ་དམག་རྣམས་ཀྱིས་འཐབ་པར་འདོད་ཀྱང་དེར་མ་བསྟེན་པའི་དྲག་པོ་བུ་དྲའི་གཏོར་ཟོར་ཞིག་འཕངས་ཏེ་ནམ་མཁའི་ཐོག་ལྟར་བྲག་ལ་གདབས་པས་དེ་མ་ཐག་བྲག་གི་སྣ་བ་དེ་ཆད་པས་ལྷ་རྗེ་བྲག་སྣ་བ་ཞེས་ཡོངས་སུ་གྲགས་སོ།།
༡༩༩༢ལོའི་མཚོ་སྔོན་མི་རིགས་སློབ་གླིང་གི་རིག་གཞུང་དུས་དེབ་དེབ་བཞི་བའི་སྟེང་བཀོད་པའོ།།

0 comments:

ཟིན་བྲིས་འཚོལ་ཡུལ