དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 28 March 2014
འབྲོག་པའི་སྲོལ་རྒྱུན་ངན་པ་གཏེས་རྩོད་ལས་འཕྲོས་པའི་གཏམ།།
རྒྱལ་སྲས་ཚང་གིས།
༄༅།།འབྲོག་མི་རྣམས་ནི་རང་གཤིས་བཟང་ཞིང་འདྲིས་ཐག་རིང་བ་སོགས་རང་བཞིན་གྱི་ཡོན་ཏན་དུ་མ་ལྡན་པ་ཞིག་ཡིན་མོད། འོན་ཀྱང་འབྲོག་མི་སུ་དང་གང་ཞིག་དགྲར་གྱུར་བ་ཡིན་ན་ཉེན་ཚབས་ཧ་ཅང་ཆེ་བ་ཞིག་ཀྱང་ཡིན་པ་རེད། མི་སུ་ཡང་རུང་བ་ཞིག་གམ་ཕྱོགས་ཁག་གང་ཡང་རུང་བ་ཞིག་གིས་འབྲོག་མི་གཅིག་གམ་མི་སྡེའི་ཤོག་ཁག་གང་རུང་ཞིག་ལ་འཁོན་རྩོད་ཀྱི་གཞི་ཆེ་ཕྲ་ཅི་ཡང་རུང་བ་ཞིག་ཤོར་བ་ཡིན་ན། དེ་མ་ཐག་ཏུ་རང་ངོས་ནས་དྲང་ཞིང་འོས་པའི་འདུམ་ལེན་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད། གལ་ཏེ་རྩོད་གཞི་དེ་སྣང་ཆུང་དུ་བཞག་པ་ཡིན་ན༼གྱོད་མ་འགྲིག་གཏེས་རྩོད༽ཅེས་འབྲོག་པའི་འཁོན་རྩོད་ཚབས་ཆེན་པོ་ཞིག་ཏུ་འགྱུར་ཉེན་ཡོད་པ་རེད། རྟ་དེད་པ་དང་མི་བསད་པའི་དགྲ་བོའམ་གཏེ་བོ་ལ་ཤ་འཁོན་རྩོད་པས་ན༼གཏེས་རྩོད༽ཅེས་གྲགས་པར་སེམས།
དེ་ཡང་དཔེར་ན་འབྲོག་མི་སུ་ཡང་རུང་བ་ཞིག་ལ་ཡུལ་དེའམ། ཡུལ་ཐ་དད་པའི་མི་གཅིག་གམ་མི་སྡེའི་འོག་ཁག་གང་ཡང་རུང་བ་ཞིག་གིས་མཚེར་ས་དང་། རྒྱུ་ནོར་དང་། གཉེན་སྒྲིག་གོ་ལོག་སོགས་ཀྱི་རྩོད་གཞི་ཆེ་ཕྲ་ཅི་རིགས་ལ་བརྟེན་ནས་ཕན་ཚུན་འཁོན་འགྲས་བསགས་པ་དང་། ཕྱོགས་ཕན་ཚུན་གཉིས་ཀས་འགལ་གཞི་དེ་དག་རང་གནོངས་སུ་ངོས་མ་བླངས་པ་ཡིན་ན། འཁོན་གཞི་གང་ལ་བྱུང་བའི་མི་དེའི་ནང་མི་དང་། མི་དེའི་ཉེ་ཚན་རྣམས་དང་། མི་དེ་དང་དེའི་ཉེ་ཚན་གྱི་མནའ་ཡ་ཚང་མ་ཕྱོགས་བསྒྲིལ་ཏེ་ཤོག་ཁག་གཅིག་ཏུ་གྱེས་ཤིང་། ཤོག་ཁག་དེས་རྩ་བའི་རྩོད་གཞིའི་ཐོག་ཏུ་རྒྱལ་ཁ་འཐོབ་པའི་ཆེད་དུ་འཐབ་འཛིང་མི་རབས་ནས་མི་རབས་ཀྱི་བར་དུ་བྱེད་སྲོལ་ཡོད་པ་རེད། སྤྱིར་བཏང་གི་གཏེས་རྩོད་ཡུན་རིང་དུ་ལུས་ཤིང་འཕེལ་རྒྱས་སུ་ཕྱིན་པ་ལ་བརྟེན་ནས་ཆེས་ཉེན་ཁ་ཆེ་བའི་མི་ཤ་ཞེས་བྱ་བའི་རྩོད་གཞི་འབྱུང་བ་སྟེ། དེ་ཡང་དཔེར་ན་གཏེས་རྩོད་ཀྱི་ནང་དུ་རྩོད་མཁན་གང་རུང་ཞིག་གིས་མི་ཞིག་བསད་པ་ཡིན་ན། གསད་བྱའི་ཤོག་ཁག་དེས་གསོད་མཁན་ལག་དམར་དེ་བསད་མ་ཐུབ་པའི་བར་དུ་འགྲིག་ཐབས་གཞན་མེད་ཅིང་། དེ་ལྟར་རེས་འཁོར་གྱིས་མི་རབས་ཧ་ཅང་མང་བོའི་རིང་ལའང་རྫོགས་སུ་མེད་པའི་མི་ཤའི་རྩོད་གཞི་ཚབས་ཆེན་པོ་དག་འབྱུང་གི་ཡོད་པ་རེད། མི་སྡེའི་ལྷན་སྐྱེས་ཀྱི་ལྟ་བ་ལའང་། གལ་ཏེ་དགྲ་ཞིག་གིས་མི་ཚང་ཞིག་གི་ཕ་བསད་པ་ཡིན་ན། དེའི་བུས་ཕ་གསོད་ལག་དམར་དེ་གསོད་ཐུབ་དགོས་པ་ནི་བུ་རང་གི་ལས་འགན་གྱི་གཙོ་བོར་ཆགས་པ་དང་། གལ་ཏེ་ཤུལ་དུ་བུ་མེད་པའི་མི་ཞིག་བསད་པ་ཡིན་ན། མི་དེའི་མནའ་ཡ་དག་གིས་ལག་དམར་སྲོག་ལེན་འཐོབ་ཐུབ་དགོས་པ་དེ་མནའ་ཡའི་ལས་འགན་ཞིག་ཏུ་ཆགས་པ་དང་། གལ་ཏེ་བུའམ་མནའ་ཡ་དེ་དག་གིས་ཤ་ལེན་འཐོབ་མ་ཐུབ་ན། མི་དེ་དག་ནི་ཡུལ་གྱི་མི་ཚང་མས་བརྙས་པ་དང་ཧ་ཅང་སྨད་པར་བྱ་བའི་གནས་སུ་འགྱུར་གྱི་ཡོད་པ་རེད། འབྲོག་ཡུལ་རྣམས་སུ་ལོ་གྲངས་བརྒྱ་ལྷག་གི་དུས་ནས་བྱུང་བའི་གཏེས་རྩོད་རིམ་བཞིན་དར་རྒྱས་སུ་ཕྱིན་པ་ད་ལྟའི་དུས་སུ་འཕྲོ་བསྐྱང་བའི་རིགས་ཀྱང་མང་དུ་སྣང་ངོ་།།
འབྲོག་སྡེ་ཁ་ཤས་ནི་གཏེས་རྩོད་ཀྱི་དཀའ་ངལ་ལ་རྟེན་ནས་རང་ཡུལ་དུ་ཆགས་མ་ནུས་ཤིང་། དེ་དག་གི་གྲོགས་པོ་དང་མནའ་ཡ་སོགས་འབྲོག་ཡུལ་གཞན་དག་ཏུ་ཡོད་པ་དག་ལ་བརྟེན་ནས་ཐག་རིང་ཞིག་འགྲུལ་བཞུད་བྱེད་དཀའ་བའི་གནས་རྣམས་སུ་སྤོ་སྡོད་བྱས་ཡོད་འདུག་ཅིང་། དེ་འདྲའི་རིགས་དག་ནི་ལྷག་པར་དུ་ཉེན་ཆེ་བ་ཞིག་ཏེ། ཡུལ་ནས་ཐོན་ཟིན་པའི་མི་སྡེ་དེ་དག་ཡུལ་གཞན་ཞིག་ཏུ་སྡོད་གནས་གཏན་ཁེལ་བ་ནས་བཟུང་ལོ་ལྟར་དབྱར་དུས་སུ་སྔར་གྱི་འཁོན་འགྲས་ཡོད་པའི་ཤོག་ཁག་དེའི་ཐོག་ཏུ་གཏེས་རྩོད་བྱེད་དུ་འགྲོ་ཞིང་། དེ་དག་གིས་རྒྱུ་ནོར་འཕྲོག་བཅོམ་བྱེད་པ་མ་ཟད། མི་ཤའི་རྩོད་གཞི་གསར་བའང་མང་དུ་སྤེལ་གྱི་ཡོད་པ་རེད།
འབྲོག་ཡུལ་དུ་གཏེས་རྩོད་ཀྱི་རིགས་མི་འདྲ་བ་ཆེ་ཕྲ་མང་དུ་ཡོད་འདུག་ནའང་། འབྲོག་མི་དག་གིས་གཏེས་རྩོད་ཀྱི་འཁོན་གཞི་འཛུགས་པ་ལ་ཧ་ཅང་འཇིགས་སྣང་དང་དོགས་ཟོན་བྱེད་ཀྱི་ཡོད་པ་མ་ཟད། གཏེས་རྩོད་ནི་གང་བྱུང་བྱུང་དུ་བྱེད་མི་འོས་པ་དང་། གལ་ཏེ་གཏེས་རྩོད་ཀྱི་གཞི་འཛུགས་དགོས་བྱུང་ན། དེའི་མཐར་ཐུག་གི་འབྲས་བུ་ཡ་ང་བ་འཇིགས་སུ་རུང་བ་དང་། གཏེས་རྩོད་ཀྱི་བྱ་བ་ནི་ཉེས་ཆེ་བ་ཞིག་ཡིན་པར་ཤེས་ཤིང་། གཏེས་རྩོད་འབྱུང་དོགས་ཀྱིས་ཕན་ཚུན་རྩོད་གཞི་ཕྲ་མོའི་སྐོར་གནོངས་རང་ལེན་གྱིས་འདུམ་སླ་བོར་ལེན་སྲོལ་ཡོད་པ་རེད།
གོང་གསལ་གྱི་སྲོལ་རྒྱུན་ངན་པ་ཐེར་འདོན་དང་ནན་ཏན་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སློབ་གསོ་མ་བྱས་ན་དུས་རབས་གཉེར་གཅིག་བར་བརྒལ་གྱི་མཚམས་སུ་སྲོལ་རྒྱུན་ངན་པ་གཏེས་རྩོད་ལས་བྱུང་བའི་དོན་རྐྱེན་དཔེར་ན། ༼གཉན་པོ་གཡུ་རྩེའི་རི་འདབས་ཀྱི་བོའུ་སྐད༽ལས། 1998ལོའི་ཟླ10པའི་ཚེས24ཉིན་ཕུན་ཚོགས་གཅིག་སྒྲིལ་རྫོང་ཐོག་ཏུ་ཐོན་པ་ན་ཁོའི་བཟང་ས་མགོན་པོ་དང་འཕྲད་བྱུང་། མགོན་པོས་ཁོའི་ལྕགས་ཀྱི་ཆབ་མ༼མགོ་ལོག་བུད་མེད་ཚོའི་རྒྱན་ཆ་ཞིག༽དགུ་ཁྱོད་ཀྱི་ཕུ་བོ་དགེ་ཁོ་ལ་ཚོང་བཅོལ་བྱས་ཡོད་ཚུལ་དང་། ད་ལྟ་ཁོ་ལ་དེའི་རིན་པ་མཁོ་ཚུལ། དགེ་ཁོ་དང་ཁྱེད་གཉིས་ཉེ་འབྲེལ་ཡིན་པས་ཁྱོད་རང་ལེན་རོགས་སུ་སོང་ན་བཟང་ཚུལ་བཅས་བཤད་མཐར། ཕུན་ཚོགས་ཀྱང་ཡིད་འཐད་བྱུང་སྟེ་མགོན་པོ་དང་ལྷན་དུ་དགེ་ཁོའི་ཚོང་ཁང་ནང་དུ་ཚོང་བཅོལ་བྱས་ཡོད་པའི་ལྕགས་ཆབ་དགུ་བོའི་རིན་པ་ལེན་དུ་སོང་། ཚོང་ཁང་ནང་དུ་ཅི་ཡིན་མེད་པར་དགེ་ཁོའི་ནུ་བོ་ཀ་པོ་དང་ཕུན་ཚོགས་གཉིས་ལ་ཁ་འཛིང་བྱུང་སྟེ་ཕན་ཚུན་རྒྱག་རེས་བྱས་པ་དང་། དེ་ནས་དགེ་ཁོ་སོགས་ཀྱིས་བར་བྱས་ཏེ་ཕུན་ཚོགས་སྒོའི་ཕྱི་རོལ་ཏུ་ཕུད། ཕྱི་ཉིན། ཕུན་ཚོགས་ཀྱིས་ཁོ་རང་ལ་དགེ་ཁོ་ཕ་བུ་ཚོས་དོན་མེད་དུ་གཅར་རྡུང་དྲག་པོ་བཏང་ཚུལ་བཤད་ནས་རྫོང་མི་དམངས་སྨན་ཁང་དུ་བསྡད་པ་དང་། དེ་དང་མཉམ་དུ་ཁོས་ཚ་བོ་ངག་ཁོའི་ལག་གི༼5.4༽ལག་བོའུ་གཡར་ནས་བསྔས་འོག་ཏུ་ཉར།
ཕུན་ཚོགས་ཀྱི་བསམ་སྦྱོར་ངན་པ་དེས་ཚོ་བ་གཉིས་ཀྱི་བར་ལ་འགལ་བ་ཆེན་པོ་ཞིག་འཕངས་པ་དང་། ལྷག་པར་དུ་སྟག་ལུང་སྡེ་བའི་ཉེ་རིང་སྤུན་གྲོགས་རྣམས་ཀྱི་སེམས་སུ་ཤ་འཁོན་དང་ཞེ་སྡང་གི་ཆུ་དྲོན་བླུགས་པས། ཚང་མ་ལྷན་དུ་འདུས་ནས་ལ་ལས་ཕུན་ཚོགས་ལ་དགྲ་ཤ་ལེན་དུ་འགྲོ་ཟེརབ་དང་། ལ་ལས་ཉེ་རིང་བར་དུ་དེ་ལྟར་བྱས་ན་མི་འགྲིག་པར་ཕུན་ཚོགས་སྨན་ཁང་ནས་བུད་རྗེས། ང་ཚོས་ཞི་འཇམ་གྱིས་ཐག་གཅོད་བྱས་ན་འགྲིག་ཟེར། མཇུག་མཐར་ཚང་མ༼དམག་ཕུད༽ནས་དགེ་ཁོ་ཚང་ལ་རྒྱག་རེས་བྱེད་དུ་འགྲོ་རྒྱུར་ཁ་འཆམས་བྱུང་། རྐྱེན་སྤུ་ཉག་ཙམ་གྱི་ཆེད་དུ་གྱོད་རི་རབ་འདྲ་ཞིག་འདི་ལྟར་བརྩིགས་མགོ་ཚུགས་པ་དང་། ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་ཏང་གི་སྲིད་ཇུས་བཟང་བོའི་དྲོད་འཁོལ་འོག་གཉིས་ཤོར་བའི་སྤྱི་ཚོགས་རྙིང་བའི་ནང་གི་གོམས་སྲོལ་ངན་པ་སྟེ། ཕ་རོལ་བའི་སྟེང་དུ༼དམག་ཕུད༽པའི་སྤྱོད་ངན་ནི་སྟག་ལུང་སྡེ་བ་རུ་ཐལ་ཤུལ་གྱི་མེ་རོ་སོས་པ་བཞིན་འདི་ལྟར་མགོ་འབུས་བྱུང་།
ཁང་གསར་ཚང་གིས༼དམག་ཚོགས༽རྒྱག་བཞིན་པའི་གཏམ་ངན་དེ་དགེ་ཁོ་ཚང་གིས་གོ་མ་ཐག མྱུར་དུ་རྫོང་སྤྱི་བདེ་ཅུའི་མགོ་ཁྲིད་མི་སྣ་དང་དྲུག་ཆེན་གསུམ་མདོའི་མངག་གཏོང་ཁང་གི་ལས་རེས་པ། ཁང་གསར་ཞང་སྲིད་གཞུང་གི་མགོ་ཁྲིད་པ་སོགས་ལ་གནས་ཚུལ་ཡར་ཞུ་བྱས་ཏེ་སྲུང་སྐྱོབ་བྱ་དགོས་ཚུལ་ཞུས་ཀྱང་། འབྲེལ་ཡོད་མི་སྣས་དོ་སྣང་ཆེན་པོ་མ་བྱས་པས། ཡ་ང་བའི་ཉེས་དོན་གྱོད་གཞི་ཚབས་ཆེན་ཞིག་འབྱུང་བར་གཞན་ངོས་ཀྱི་ཆ་རྐྱེན་བསྐྲུན་པ་རེད། དེ་བས་དགེ་ཁོ་ཚང་གིས་ཀྱང་ཧུར་ཐག་སྒོས་བོའུ་རིང་ཐུང་གཡར་ནས་ཕ་རོལ་གི་དམག་ཡོང་བར་ངོ་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱས་ཏེ་ཚེ་སྲོག་ཤོར་བ་དང་། མི་བཅུ་གཅིག་གི་དབང་བོ་དང་ཡན་ལག་ལའང་རྨས་སྐྱོན་ལྕི་མོ་ཕོག
ཁང་རྒན་དང་ཁང་གསར་གཉིས་ནི་སྦྲ་རྒན་དང་སྦྲའི་མཚེ་ཞེས་པའི་དོན་ཡིན་ལ། ཁྱིམ་ཚང་གཅིག་སོ་སོར་གྱེས་པའི་ཡན་ལག་གཉིས་ཡིན་པར་སྣང་། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་བཞུར་རྒྱུན་ཁྲོད་ཁྱིམ་ཚང་འདི་གཉིས་རིམ་བཞིན་འཕེལ་རྒྱས་སུ་སོང་སྟེ་ཚོ་བ་ཆེན་པོ་གཉིས་སུ་ཆགས་པ་དང་། ཚོ་བ་དེ་གཉིས་གནའ་ནས་ད་བར་དུ་གཉན་པོ་གཡུ་རྩེའི་རི་འདབས་སུ་རུ་བ་མཉམ་འབབ་དང་རྟ་བ་མཉམ་རྒྱུགས་བྱས་ནས་སྡོད་པས་འགལ་བ་ཆེན་པོ་བྱུང་མ་མྱོང་། ལྷག་པར་དུ་དགེ་ཁོ་ཚང་དང་ཕུན་ཚོགས་ཚང་གཉིས་བར་ལ་ཉེ་འབྲེལ་ཡོད་པས་དོན་རྐྱེན་ངན་པ་མ་བྱུང་བར་དུ་ཁྱོད་བཟང་ང་རྒྱན་གྱི་རང་རང་ས་ན་ཞི་འཇགས་ངང་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་མཆིས།
1999ལོའི་ཟླ11པའི་ཚེས1ཉིན་གཉན་པོ་གཡུ་རྩེའི་རི་འདབས་ཀྱི་གཅིག་སྒྲིལ་རྫོང་ཐོག་ཏུ་ཁུལ་སྤྱི་བདེ་ཅུ་དང་རྨ་ཆེན་རྫོང་སྤྱི་བདེ་ཅུའི་ཉེན་རྟོགས་པ་མང་བོ་ཞིག་སྔ་མོ་ནས་འབྱོར་ཏེ་ཁྲིམས་རའི་བདེ་འཇགས་དང་སྒྲིག་ལམ་སྲུང་སྐྱོབ་བྱ་བཞིན་མཆིས་ལ། གཟི་ཉམས་དོད་པའི་ཁྲིམས་ར་དལ་ཅག་གེར་ཡོད་པའི་ཁྲོད་དུ་འདྲི་གཅོད་ཀྲང་ཆེན་མོ་རིན་ཆེན་རྡོ་རྗེ་ཀྲོང་ངེར་ཡར་ལངས་ཏེ་སྐད་གསེང་མཐོན་པོས༼མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཉེས་དོན་ཞོར་འདྲུད་དམངས་དོན་གྱི་བཅད་ཁྲིམས༽བསྒྲགས་པ་འདི་ལྟར།
༡.ཉེས་ཅན་ཀ་པོ་ཡིས་མི་མང་བོ་དཔུང་སྡེབ་སྒོས་རྒྱག་རེས་བྱས་པའི་ནག་ཉེས་བཟོས་ཡོད་པས། དུས་བཅད་བཙོན་འཇུག་ལོ་བརྒྱད་ཀྱི་ཁྲིམས་ཆད་བཅད་པ་དང་། ཁོས་ད་རུང་ཁྲིམས་འགལ་དུ་མེ་མདའ་བཟུང་བའི་ནག་ཉེས་བསགས་ཡོད་པས། དུས་བཅད་བཙོན་འཇུག་ལོ་གསུམ་གྱི་ཁྲིམས་ཆད་བཅད། གཉིས་ཀ་ལྔ་ཕྱི་སྡེབ་བསགས་ཀྱིས་ལོ་བཅུའི་དུས་བཅད་བཙོན་འཇུག་ལག་བསྟར་བྱ་རྒྱུ་ཐག་བཅད།
༢.ཉེས་ཅན་ཆོས་སྐྱོང་གིས་ཁྲིམས་འགལ་མེ་མདའ་མི་གཞན་པར་གཡར་བའི་ནག་ཉེས་བསགས་ཡོད་པས། ལོ་དྲུག་ལ་དུས་བཅད་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཆད་བཅད།
༣.ཉེས་ཅན་དགེ་ཁོ་ཡིས་མི་མང་བོ་དཔུང་སྡེབ་སྒོས་རྒྱག་རེས་བྱས་པའི་ནག་ཉེས་བསགས་ཡོད་པས། ལོ་དྲུག་ལ་དུས་བཅད་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཆད་བཅད་པ་དང་། ཁོས་ད་རུང་ཁྲིམས་འགལ་མེ་མདའ་བཟུང་བ་དང་མདེལ་སྨན་ལྐོག་ཉར་བྱས་པའི་ནག་ཉེས་བསགས་ཡོད་པས། ལོ་གསུམ་ལ་དུས་བཅད་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཆད་བཅད། གཉིས་ཀ་སྔ་ཕྱིར་སྡེབ་བསགས་ཀྱིས་ལོ་ངོ་བརྒྱད་ཀྱི་དུས་བཅད་བཙོན་འཇུག་ལག་ལྟར་བྱ་རྒྱུ་ཐག་བཅད།
༤ .ཉེས་ཅན་ལོ་པོ་ཡིས་མི་མང་བོ་དཔུང་སྡེབ་སྒོས་རྒྱག་རེས་བྱས་པའི་ནག་ཉེས་བསགས་ཡོད་པས། ལོ་དྲུག་ལ་དུས་བཅད་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཆད་བཅད་པ་དང་། ཁོས་ད་རུང་ཁྲིམས་འགལ་མེ་མདའ་བཟུང་བའི་ནག་ཉེས་བསགས་ཡོད་པས། ལོ་གསུམ་ལ་དུས་བཅད་བཙོན་འཇུག་རྒྱ་རྒྱུའི་ཁྲིམས་ཆད་བཅད། གཉིས་ཀ་སྔ་ཕྱི་སྡེབ་བསགས་ཀྱིས་ལོ་ངོ་བདུན་གྱི་དུས་བཅད་བཙོན་འཇུག་ལག་སྟར་བྱ་རྒྱུ་ཐག་བཅད།
༥.གྱོད་ཉེས་ཅན་ཝང་ཁྲང་ཧྲིན་གྱིས་བསམ་བཙུགས་ནས་མི་གཞན་པར་རྨས་སྐྱོན་བཟོས་པའི་ནག་ཉེས་བསགས་ཡོད་པས། ལོ་དྲུག་ལ་དུས་བཅད་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཆད་བཅད།
༦.ཉེས་ཅན་སྐལ་རྒྱམ་གྱིས་མི་མང་བོ་དཔུང་སྡེབ་སྒོས་རྒྱག་རེས་བྱས་པའི་ནག་ཉེས་བསགས་ཡོད་པས། ལོ་དྲུག་ལ་དུས་བཅད་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཆད་བཅད།
༧.ཉེས་ཅན་ཚེ་རིང་གིས་མི་མང་བོ་དཔུང་སྡེབ་སྒོས་རྒྱག་རེས་བྱས་པའི་ནག་ཉེས་བསགས་ཡོད་པས། ལོ་བཞི་ལ་དུས་བཅད་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཆད་བཅད།
༨.ཉེས་ཅན་ངག་ཁོ་ཡིས་མེ་མདའ་མི་གཞན་པར་གཡར་བའི་ནག་ཉེས་བསགས་ཡོད་པས། ལོ་གསུམ་ལ་དུས་བཅད་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཆད་བཅད།
༩.ཉེས་ཅན་ཕུན་ཚོགས་ཀྱིས་ཁྲིམས་འགལ་མེ་མདའ་བཟུང་བའི་ནག་ཉེས་བསགས་ཡོད་པས། ལོ་བཞི་ལ་དུས་བཅད་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཆད་བཅད།
ཨ་ཧོ། གཏེས་རྩོད་ཀྱི་སྲོལ་རྒྱུན་ངན་པ་འདིས་ལྕགས་ཆབ་དགུ་ཡི་ཆེད་དུ་ཕོ་གསར་དགུ་བཙོན་དུ་འདུག་དགོས་པ་དང་། མི་སྲོག་དྲུག་ཚེ་ཕྱི་མར་བརྫངས་པ། རང་གཞན་མི་བཅུ་གཅིག་ལ་རྨས་སྐྱོན་བཏང་བ། ད་རུང་ཕ་བུ་ཁ་བྲལ་དང་བཟའ་ཚང་གསོན་ཡུགས་སུ་བསྐྱུར་དགོས་བྱུང་།
སོམས་དང་། ཡ་ང་བའི་དོན་རྐྱེན་འདི་ནི་ཕ་སྤུན་ཚ་བུའི་བར་བྱུང་བའི་དོན་དངོས་ཞིག་ཡིན་ལ། དོན་དག་འདི་འབྱུང་བའི་རྒྱུ་གཙོ་བོ་ནི་འབྲོག་པའི་གནའ་སྲོལ་རྙིང་བ་གཏེས་རྩོད་ལས་བྱུང་བ་ཡིན་མོད། གཞན་ཡང་ཁྲིམས་འཛིན་ལས་ཁུངས་ནས་སྤྱི་ཚོགས་གསར་བའི་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་སློབ་གསོ་ནུས་པ་མ་ཐོན་པའི་བརྡ་རྟགས་ཤིག་ཀྱང་བསྟན་འདུག་པས། རྒྱ་ཆེ་བའི་འབྲོག་པ་མང་ཚོགས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་དང་། རང་ངོས་ནས་ཀྱང་རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་མི་འཁྱེར་བར་དུས་རབས་གསར་བའི་གོམས་སྟབས་གསར་བར་སྙེག་སྟེ་བཅོས་བསྒྱུར་སྒོ་འབྱེད་དང་ནུབ་ཕྱོགས་གསར་སྤེལ་གྱི་གོ་སྐབས་བཟང་བོ་འདི་དམ་འཛིན་གྱིས་ཐབས་ལམ་འཚོལ་བར་འབད་རིགས་སོ།།
༡༩༩༩ལོའི་ཟླ་མཇུག་ཏུ་གོང་གི་རྩོམ་ཡིག་འདི་མཐོང་མ་ཐག་ཨ་སྐྱབས་རྒྱལ་སྲས་ཚང་གིས་བོད་ཡུལ་ནང་ཁུལ་བདེ་བའི་ཆེད་དུ་ཕྲལ་མར་བྲིས་པའོ།།

0 comments:

ཟིན་བྲིས་འཚོལ་ཡུལ