དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 28 March 2014
ཤ་གཅོད་བཞིན་པ་ལ་ཡང་བསྐྱར་བསམ་གཞིགས་ཅིག་ཤོར་བ
    ༄༅།།ད་ལྟའི་ཆར་བོད་ཀྱི་མ་ཎི་འདོན་པ་དང་ཆོས་ཐོག་ཁག་ན་བླ་མའམ་མཁན་པོ་མིང་ཆེན་འདྲ་ཞུས་ནས་ལས་ཀ་དོན་ཆེན་འདྲ་བྱེད་བཞིན་ཡོད་པ།ཆོས་གསུངས་པ་པོ་ཁོས་ཀྱང་ད་སྔ་བོད་ཀྱི་བླ་མ་སྔ་རབས་པའི་གོ་མ་མྱོང་བའི་ཆོས་མགོ་ཞིག་ཐོན་སོང་སྙམ་པ་དང་།མང་ཚོགས་ནས་ཀྱང་རི་བོང་ཅལ་འདྲོགས་ཀྱིས་བླ་མས་ཅི་གསུང་ཆོས་དང་མཛུབ་གུ་གར་བསྟན་ཤར་དུ་བསམ་ནས།བླ་མས་ཤ་ཟ་མི་ཉན།ཟོག་བཙོང་མི་ཉན།དེ་འདྲ་མི་བྱེད་རྒྱུའི་སྡིག་པ་གཅོད་རྒྱུ་དང་དགེ་བ་བསྒྲུབ་ཐུབ་མཁན་གྱིས་ལག་པ་ཡར་ཁྱོགས་ཞེས་པ་ན་ལོ་ལྔ་བཅུ་དྲུག་ཅུའི་རིང་གི་རྒྱ་མིའི་འཐུས་མི་ཚོགས་ཆེན་ཚོགས་་སྲོལ་གོམས་པས་སྔ་འདང་ཕྱི་འདང་གཅིག་ཀྱང་རྒྱག་ཁོམ་མེད་པར་ལག་པ་ཡར་འགྱོགས་སྲོལ་ཞིག་ཆགས་བསྡད་ཡོད་པས།ཡང་བསྐྱར་བསམ་གཞིགས་ཤིག་མི་གཏོང་ག་མེད་དུ་གྱུར།
  ང་ཚོ་བོད་པ་ནི་ཨ་རྒས་སྤྲེའུའི་རྒྱུད་པ་ཡིན་པས་བླ་མ་དང་སྤྲུལ་སྐུ།མི་མང་མང་ཚོགས་ཚང་མ་གྲགས་པའི་ཕྱོགས་སུ་རྒྱུགས།གཞན་གྱི་ལད་ཟློས་བྱེད་རྒྱུར་དགའ་བས།བླ་མ་དང་སྤྲུལ་སྐུ་རྒྱ་ཡུལ་དུ་ཕར་ཆོས་བཤད་ཁུལ་གྱིས་རྒྱུ་བཙལ་དུ་སོང་།ཚུར་ཡོང་དུས་རང་གི་ཆོས་བོར་རྒྱའི་ཆོས་དང་རིང་ལུགས་སྲོལ་ཀ་མང་བོ་ཞིག་ཁྱེར་ནས་རླངས་འཁོར་ཉོས་ཏེ་རྫིག་རྫིག་པོ་ཞིག་བཅོས་ཏེ་ཐོན་ཡོད།རྒྱ་མི་ནི་སྔ་དུས་མི་བྱུང་ནས་ཡུན་རིང་འགོར་ཏེ་རི་དྭགས་གཤོར་མཚམས་བཞག་ནས་ཞིང་ལས་འདེབས་ཤེས་དུས་སུ་མཆེད་པ་ཡིན་པས།ཟས་སུ་དཀར་ཟས་གཙོ་བོ་དང་དམར་ཟས་ཕལ་བ་བྱེད་པའི་མི་རིགས་ཤིག་ཡིན་ལ།ལྷག་ཏུ་གྲྭ་དགེ་སློང་ངམ་ཁྱིམ་པ་དགེ་བསྙེན་པས་དམར་ཟས་གཏན་སྤངས་ཡིན་པས་སྲོལ་ཀ་དེ་བསླབ་ནས་བོད་དུ་ཁྱེར་ཡོང་ཡོད།སྔོན་ཆད་བོད་དུའང་ཆོས་མ་དར་བ་དང་བླ་སྤྲུལ་བྱང་ཆུབ་སེམས་དཔའ་མ་བྱུང་བ་མ་རེད།ཡིན་ཡང་ཡུལ་དུས་དང་འཚམ་པར་ཆོས་སྤེལ་བ་རེད་མ་གཏོགས།ད་ལྟའི་ནང་བཞིན་མི་མང་ཁྲི་ཕྲག་ཚོགས་པའི་དབུས་སུ་ཤ་ཟ་མི་ཉན།སྒོ་ཕྱུགས་བཙོང་མི་ཉན།ལག་པ་འཁྱོག་ཅེས་ལག་པ་ལྡེབ་འགྱོགས་བཅའ་བའི་སྲོལ་མེད།དེ་ཡང་སྔོན་ཆད་ཆོས་སྐྱབས་འགྲོ་སེམས་བསྐྱེད་ནས་མགོ་བཙུགས་ཏེ་གོ་བ་བསྔོས་ནས་གོ་བརྡ་འཕྲོད་ན།སེམས་སུ་འདྲེས་ནས་ཤ་གཅོད་པའང་མི་ཉུང་བ་ཡོད་པ་དེའང་ཁ་སེམས་གཉིས་ཀྱིས་གཅོད་ངེས་ཤེས་ཡིན་པ་དེ་འདྲ་མེད་པ་མིན།སྤྱིར་ཁ་ཟས་སྡིག་ཅན་སྤངས་ན་བཟང་མོད།བོད་མཐོ་སྒང་ས་འཁྱག་ས་དང་སྔོ་ཚོད་སིལ་ཏོག་མེད་སར་སྐྱེས་པས་དཀའ་མོ་གདའ་བ།ལུས་ཀྱིས་ངལ་རྩོལ་ལྗིད་མོ་བསྟེན་དགོས་པ།གྲང་ངར་འགོག་ཐུབ་དགོས་པ།ཕ་མེས་ནས་ཕྱུགས་ཟོག་སྐྱོང་བའི་ཁོར་ཡུག་གྲུབ་པས་དཔལ་འབྱོར་ཟོག་ལ་རེ་དགོས་པ།ཐ་ན་ལྟོ་རྒྱབ་ཁང་བ་ཚང་མ་ཕྱུགས་ཟོག་ལ་རེ་དགོས།ཁ་དཔེར།ཕྱུགས་ཟོག་རྩྭ་ལ་རེ་དགོས།།མགོ་ནག་ཕྱུགས་ལ་རེ་དགོས།།
ལོ་ལྔའི་ཡར་སྔོན་ཞིག་ལ་ང་རང་རྒྱ་ཡུལ་དུ་གྲོགས་པོ་ཞིག་གི་རྗེས་སུ་སྐད་བསྒྱུར་དུ་སོང་བར་ཁོའི་གྲོགས་པོས་ངེད་གཉིས་ལ་མགྲོན་སྟོན་བྱས་ནས་ཉ་ཆུང་ངུ་ལྡེར་མ་གང་ཁྱེར་ཡོང་བ།ངས་རྒྱ་རིགས་གྲོགས་པོ་ལ་ང་ཚོའི་བོད་པས་ཤ་ཟ་མོད།ཟོག་དང་ལུག་སོགས་ཆེ་ཟོག་གཅིག་གིས་ཕལ་ཆེར་ལོ་གཅིག་ལ་བཀོལ་སྤྱོད་བྱེད་ཐུབ།ཁྱེད་ཀྱིས་ཉ་ཕྲུག་ལྡེར་མ་གང་གིས་ཐེངས་གཅིག་གི་ཁ་ཟས་མི་འགྲངས།ཡིན་ཡང་སྲོག་དེ་འདྲའི་མང་བོ་ཞིག་བཅད་པ་སྒོར་དེ་འདྲའི་མང་བོ་བརླག་པ་སྙིང་རེ་རྗེ།མུན་རེ་འཐིབས་ཞེས་ཁམ་གང་མ་ཟོས་པ་ལྟ་བུའི་བསྐུལ་མ་ལ་བརྟེན་ནས་རྗེས་ཕྱོགས་གོ་ཚོད་དུ་རྒྱ་རིགས་གྲོགས་པོ་ནས་རྒྱ་མཚོའི་འབུ་སྲིན་མི་ཟ་བ་རེད་ཟེར།
     
གཅིག དང་བོ་ཤ་མི་ཟ་བསམ་དུས་ཁྱོད་ཀྱིས་ག་རེ་བསམ་བློ་གཏོང་དགོས།
རང་གི་རྣམ་ཤེས་ལ་འགག་པ་མེད་པས།ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ལུས་རྟེན་བརྗེ་བ་ཤ་རུས་བརྩིགས་ན་རི་རབ་གཏོས་དང་མཉམ་པ།ཁྲག་མཚོ་བསྐྱིལ་ན་རྒྱ་མཚོ་མཉམ་པ་བརྗེ་བོ་བརྒྱབ་པ་ཡིན་ན།དེ་འདྲའི་དུས་ནའང་རང་ལ་ཕ་མ་མེད་པ་མི་སྲིད་པས།འགྲོ་བ་སེམས་ཅན་ཐམས་ཅད་རང་གི་ཕ་མར་མ་གྱུར་བ་ནམ་མཁའི་མཐར་གཏུགས་ནས་བཙལ་རུང་མི་རྙེད།རང་གི་ཕ་མ་དེས་ཀྱང་ད་རེབ་ཀྱི་ཕ་མ་ནང་བཞིན།ཟླ་དགུ་ཞག་བཅུར་ཁོག་ཏུ་འཁུར།བྲང་གི་ནུ་ཞོ་བསྣུན།གྱ་ཙེ་གོམ་ཙེ་བསླབ།འབུ་ཞིག་གསོས་ནས་མིར་བཏང་བའི་ཡོད་ཚད་བློས་བཏང་གི་དྲིན་དྲན།དྲིན་དེ་ཡང་རང་གིས་སླར་དྲིན་གཟོ་བྱེད་དགོས་པར་བསམ།བསམ་བློ་དེ་འཁོར་ན་གཟོད་མདུན་གྱི་ཅོག་ཙེ་སྟེང་གི་ཤ་འདི་སུའི་ཤ་ཡིན་ནམ།ཁ་ནང་ལ་ཕྱོགས་ནས་རང་གི་ཕ་མའི་ཤ་ཟ་བའི་བུ་སྙིང་རུལ་བོ།ངོ་ཚ་མེད་པ་ཁྱོད་ཅེས་རང་ལ་མཛུབ་མོ་བཙུགས།དེ་ཡང་རང་གིས་མིག་ལམ་དུ་མདུན་གྱི་ཤ་དེའི་རྩིབ་དཀྲག་ཡིན་ན།ཕ་མའི་རྩིབ་དཀྲག་དང་རྐང་བ་ཡིན་ན་རང་གི་ད་ཐེངས་ཀྱི་ཕ་མའི་ཁ་ངོ་དང་རྐང་བ་མིག་ལམ་དུ་ཤར་ཡོང་དུས་དང་རང་གི་རྨི་ལམ་དུ་སེམས་ཅན་དེ་ཡོང་ནས་ངུ་བ་དང་ཞུ་བ་བྱེད།ཡང་ན་རང་གི་དྲིན་ཆེན་གྱི་ཕ་མ་རྨི་དུས།ཤ་གཅོད་ཐུབ་པའི་གདེང་རྙེད་པ་ཡིན།དེ་འདྲའི་ཤ་བཅད་ན་ཁ་ཡིས་བཅད་པ་གཅིག་པོ་མ་ཡིན་པར་སེམས་དང་བསམ་པའི་གཏིང་ནས་བཅད་པ་ཡིན་པས་ཆོད་པར་ངེས།དེ་འདྲའི་བྱང་ཆུབ་སེམས་བསྐྱེད་ཚུལ་གྱི་ཆོས་སྐོར་གཅིག་སོང་ཚར།
ཡང་ན་རྒྱལ་སྲས་ཞི་བ་ལྷའི་ལུགས་ཀྱིས་བདག་གཞན་མཉམ་པ་བདག་གཞན་བརྗེ་བ།བདག་པའི་གཞན་གཅེས་ཀྱི་ལུགས་འདི་ད་ལྟའི་ཕྱི་གླིང་དུའང་རྒྱུགས་ཆེ་ཟེར།དེ་བས་ང་ཚོས་ཀྱང་བདག་གཞན་མཉམ་པའམ་བརྗེ་བའི་སྟེང་ནས་བསམ་བློ་རེ་བཏང་ན།བདག་གི་མདུན་གྱི་ཅོག་ཙེ་སྟེང་སྤུངས་ཡོད་པའི་སེམས་ཅན་འདི་ང་ཡིན་ན་དང་བོ་མཆུ་བསྡམས་ནས་ཡུན་རིང་བོར་འཇིགས་སྐྲག་སྡུག་བསྔལ་བཟོད་གླགས་མེད་པ་བྱུང་ཡུན་སོམས།རང་རེའི་མཆུ་བསྡམས་པའི་གསོད་སྲོལ་ནི་ངན་གསོད་ཅིག་ཡིན་པས་སེམས་ཅན་ངན་གསོད་མ་བྱེད་པར་མཚོ་སྔོན་ནང་བསྟན་ལོ་དེབ་ཀྱི་གླེན་རྟགས་ཚ་བོ་ཞེས་པའི་ལེའུ་ཚན་དུ་གདམས་ཡོད་པས་དེར་གཟིགས་པར་འཚལ།དེ་ན་ཤ་སྟེང་ལ་གྲི་འཛུགས་དུས་སེམས་ཅན་གྱི་ཕུང་བོའི་གནས་གང་ཞིག་ཡིན་ན་རང་གི་གནས་གང་ནབའམ་གཟེར་རྒྱུ་བྱུང་ན་ཚད་དུ་སླེབས་པ་ཡིན་པས་ཤ་གཅོད་ཐུབ།
དེ་ལྟར་མ་ཡིན་པར་ཁ་ནས་བཅད་ཁོག་ནས་དྲན་ན་ལུས་ངག་ཡིད་གསུམ་ལས་སེམས་ཀྱི་སྡིག་པ་ལྕི།ཡང་ན་མི་གཞན་ལ་ཁོག་དཔུང་ལ་རྒྱ་ཤོར་བ་རེད་བསམ་པ་ནི་དམ་པའི་ཆོས་མ་ཡིན་པར་འཇིག་རྟེན་བསྐྱངས་པ་ཡིན།དེ་ལྟར་མ་ཡིན་པར་བྱམས་སྙིང་རྗེ་སྒོམ་པ་གོང་ནས་གོང་དུ་འཕེལ་ཏེ་ལོ་ནས་ལོ་མང་བོར་སོང་ཚེ་བླ་མའི་བྱིན་རླབས་དང་རང་གི་སྙིང་རྗེའི་སྟོབས་ཀྱིས་ས་ལམ་ངེས་ཅན་ཞིག་ལ་སླེབས་ཚེ།སྙིང་རྗེ་ཅན་གྱིས་ཤ་ཟོ་ཞེས་པའི་གོ་བ་ལེན་ཐུབ་ལ།དེ་དུས་ཤ་ཟོས་ན་ཉེས་པ་ལས་ལྡོག་ནས་སེམས་ཅན་འདྲེན་པའམ་ཕན་པ་ངེས་ཅན་ཞིག་འབྱུང་ཐུབ་པའི་ཚད་དུ་སླེབས་པ་ཡིན།(高血压)གི་མི་གྲངས་དུང་ཕྱུར.ཁྲག་ནུར(高血脂)གྱི་མི་གྲངས.ལུས་ཀྱི་ལྗིད་ཚད་བརྒལ་བ(体重超重)  དུང་ཕྱུར གཅིན་སྙིའི(糖尿病)མི་གྲངས་ཁྲི400ཡོད་པས་འཇའ་ལུ་གཡུ་ཐོགས་པས་ཟས་སྤྱོད་སྨན་དཔྱད་ལས་ཟས་ཚོད་ཟིན་དགོས་པར་བསྟན་ཡོད་པ་དང་དུ་བླངས་པར་རིགས།
དེ་བས་ཚེ་གཅིག་ལ་གཏན་གཅོད་མ་བྱས་རུང་ཉིན་རེས་མོས།ཟླ་རེས་མོས།ཡང་ན་ལོ་གཅིག་སོགས་གང་རུང་ལ་བཅད་ནས་ལུས་ཀྱི་ཁྲག་ཚད་མར་འབབ་པ་དང་ཁྲག་འཁྱག་དང་ཁྲག་ནུར་གྱི་སྐྱོན་གཟའ་ནད་གདོང་ཐུག་སོགས་མི་འབྱུང་བ།ལུས་ཀྱི་ཟོར་ཡང་བ་དང་བདེ་བ།གཉིད་ཁུགས་པ་དང་གཉིད་ཡངས་པ།ལུས་ཀྱི་ཚུགས་ཀ་མི་འཆོལ་བ་དང་གདོང་ལ་དཀར་ཤ་དམར་མདངས་གསལ་བ།ཞེ་སྡང་ཇེ་ཆུང་དུ་སོང་ནས་ཀུན་དང་མཐུན་པ།འདོད་ཆགས་ཇེ་ཆུང་དུ་སོང་ནས་བཟའ་ཟླ་དང་མཐུན་པ།གཏི་མུག་ཇེ་ཆུང་དུ་སོང་ནས་རིག་པ་ཇེ་གསལ་དང་ཤེས་བྱ་སློབ་འདོད་སྐྱེས་པ་སོགས་ཕན་ཡོན་དཔག་ཏུ་མེད་དོ།།གོང་གསལ་ནི་རང་གི་མྱོང་བ་ངོ་མ་ཡིན་པས་ཆོས་གཞུང་སོགས་ཀྱི་ཕན་ཡོན་དྲངས་མེད།གཞན་ཡང་ཤ་ཟ་བའི་ཉེས་དམིགས་ཆོས་གཞུང་དང་ད་ལྟའི་བླ་སྤྲུལ་གྱི་ཁ་ན་ཚོད་མི་ཐུབ་པའི་མང་བོ་ཡོད་པས་འདིར་མ་སྨྲས་ལ་གོང་གི་ཕན་ཡོན་དང་ལྡོག་ནས་བསམ་བློ་བཏང་ན་འཐུས།
ཚན་རིག་པའི་བརྟག་དཔྱད་ལྟར་ན། ཨ་རིའི་མི་གཉིས་ལས་གཅིག་སྙིང་གི་ཁྲག་སྐྱོན་གྱིས་འཆི་བར་བཤད། སྤྱིར་སྣུམ་ལ་འཁྱག་པ་དང་མི་འཁྱག་པ་གཉིས་ཡོད་པ་ལས།རྩྭ་རྩི་ཤིང་གི་སྣུམ་ཁྲག་རྩའི་ནང་དུ་མི་འཁྱག་པ་སྤྱོད་པར་འོས།སེམས་ཅན་གྱི་ལུས་ལས་བྱུང་བའི་ཚིལ་གྱི་སྣུམ་ནི་འཁྱག་པའི་རིགས་ཡིན།མི་རྣམས་ཀྱིས་ཆུང་ངུའི་དུས་ནས་ཚེ་གང་རིང་ཤ་ཟོས་ཚེ་སྣུམ་དེ་དག་ཁྲག་གི་ནང་དུ་སོང་ནས་ཁྲག་རྩ་རྣམས་རིམ་གྱིས་འཚངས་ནས་ལོ་བཞི་བཅུ་ལྔ་བཅུ་ཙམ་ལོན་པའི་དུས་སུ་ཁྲག་རྩ་མང་བོ་འགགས་པར་འགྱུར།ལྷག་ཏུ་ཀླད་པའི་ནང་གི་རྩ་རྣམས་ཤིན་ཏུ་ཕྲ་བས་འཚང་སླ་བས་ཀླད་རྩ་འགགས་ནས་ཀླད་པའི་ནང་དུ་ཁྲག་རྒྱུ་མི་ཐུབ།རྩ་ཕྲན་བཀད་ནས་ཀླད་ཁྲག་ཤོར་བར་ཉེན་ཆེ།ཀླད་པའི་ནང་དུ་ཁྲག་རྒྱུ་མ་ནུས་ན་ཟས་བཅུད་དང་འཚོ་དབུགས་ཐམས་ཅད་ཉམས་པར་འགྱུར་བ་ཡིན།ཀླད་པའི་ནང་གི་ཕྲ་ཕུང་འགའ་རེས་ལུས་ཀྱི་སྨད་ལ་བྱ་བ་བྱེད་དགོས་པས་ཕྲ་ཕུང་དེ་དག་ཉམས་ན་ལུས་ཀྱི་སྨད་ཀྱང་ཉམས་པར་འགྱུར།མི་རྒས་ཚེ་ཐོག་མར་ཁོག་སྨད་རྒས་པ་རེད།དེ་བཞིན་དུ་སྙིང་གི་ནང་ན་ཡན་ལག་གི་ཁྲག་རྩ་ཕྲ་བ་དག་ཡོད་ཅིང་།དེ་དག་ཀྱང་ཚིལ་སྣུམ་གྱིས་རིམ་གྱིས་འགག་སྟེ།བརྒྱ་ཆ་ལྔ་བཅུ་ནས་བདུན་ཅུ་བར་དང་བརྒྱའི་བར་དུ་འགགས་པར་གྱུར་ནས་གཟའ་གྲིབ་ཀྱི་ནད་ཐེབས་ནས་རྐང་ལག་ལ་རང་དབང་མི་ཡོང་བར་འདར་འདར་བྱེད་པ་ལྟ་བུའོ།།
གཉིས་པ། ཟླ་རེར་ཤ་མི་ཟ་བའི་ཉིན་མོ།   
༡ཟླ་རེའི་དུས་ཆེན་བརྒྱད།
༢རང་གི་བླ་མ་དང་དགེ་བའི་བཤེས་གཉེན།ཡང་ན་ཕ་མ་དང་སྤུན་མཆེད་འདས་པའི་ཉི་མ།
༣ཟླ་དེའི་ནང་དུ་ཁེལ་བའི་བོད་ཀྱི་དུས་ཆེན་ཁག བོད་དུ་སངས་རྒྱས་ཆོས་ལུགས་དང་མ་འདྲེས་པའི་དུས་ཆེན་ཕལ་ཆེར་མེད།
༤བོད་ཟླ་བཞི་བ་དུས་ཆེན་སུམ་འཛོམས་ཉིན།
༥ལོ་རེའི་ཉི་འཛིན་ཟླ་འཛིན་གྱི་དུས་ཚོད་འཁེལ་ཉིན།
༦སྲོག་བླུ་དང་ཚེ་ཐར་དགེ་སྒྲུབ་ཀྱི་དུས།
༧བྱིས་པ་སློབ་གྲྭར་བསྐྱལ་དུས་དང་ནད་པ་སྨན་ཁང་དུ་འཇོག་དུས།
 
གསུམ་པ། ཤ་གང་དག་ཟ་མི་རུང་།
   ༡ཉིན་ཤ ཉིན་དེར་བཤས་པའི་ཤ་ནང་སྲོག་གི་དྲོད་མ་ཡལ་བ་དེའི་དུས་སུ་རྣམ་ཤེས་ཀྱིས་ད་རུང་མ་དོར་བ།ཚན་རིག་གིས་བཤད་ན་ཞེ་སྡང་ལས་སྲོག་དབང་འགགས་པས་ཤའི་ནང་ལ་དུག་བསྐྱེད་ཡོད་པ།
༢ཟོག་ལུག་ཕག་གསུམ་ལས་གཞན་པའི་ཤ རང་ལ་དྲིན་གྱིས་བསྐྱངས་པའི་མ་འབྲུ་ཁལ་རྟ།སྒོ་ཁྱི།སེམས་ཅན་ཆུང་ངུ་སྲིན་འབུའི་རིགས་ལུས་པོ་ཆེ་ཆུང་ལ་མ་བལྟས་པར་སྲོག་གཅིག་རེ་ཡོད་པ།
༣ཆེད་དུ་བསད་པའམ་གསོད་དུ་བཅུག་པ།གཞན་ལ་གསོད་དུ་བཅུག་པའམ་རང་གིས་བསད་པ་འདྲ་འདྲ་ཡིན།
༤མིས་གཟན་ཆས་ཀྱིས་གསོས་པའི་ཟོག་ལུག་ཕག་བྱ་སོགས་ཀྱི་ཤ་ཟ་མི་རུང་། གཟན་ཆས་ནང་དུ་(激素)དང་ཤ་འཕེལ་བྱེད་
ཀྱི་རྫས་འགྱུར་གྱི་དུག་རྫས་ཧོར་མོང་ཞེས་པའི་སྐུལ་རྒྱུ (荷尔蒙)བསྲེས་ཡོད་པས་ཕྱིར་རོ།།
བཞི་བ། ཁྱེད་ཀྱི་ཤ་མི་ཟ་བའམ་ཉུང་དུ་བཏང་ན་ཚེ་བླུའི་ཕན་ཡོན་ཡོད་དེ།
༡འཇིག་རྟེན་ཁམས་ཀྱི་དངོས་པོ་རྩ་ཆེན་ཐམས་ཅད་རང་གི་མདུན་དུ་སྤུངས་ཀྱང་རང་སྲོག་དང་བརྗེ་རྒྱུ་ཕངས་པ་ལྟར་ཚེ་སྲོག་ནི་རིན་ཐང་གཞལ་དུ་མེད་པའི་རིན་པོ་ཆེ་ཉག་ཅིག་ཡིན།ཁྱེད་ཀྱིས་སེམས་ཅན་གྱི་ཚེ་སྲོག་དེ་བླུས་ན་རིན་ཐང་དེ་དང་མཉམ་པའི་དགེ་ཚོགས་ཀྱི་བསོད་ནམས་བསྐྲུན་ཡོད།
༢སེམས་ཅན་དེ་དག་རང་རང་གནས་སའི་རང་བྱུང་ཁམས་ལ་བཏང་བ་ནི་བཙོན་མ་ཞིག་བཙོན་ཁང་ལས་བླངས་ནས་རང་གི་ཕ་ཡུལ་དུ་བསྐྱལ་བ་ལྟ་བུ་ཞིག་ཡིན།
༣དབུགས་ཆད་ལ་ཉེ་བའི་མི་ནད་པ་ཞིག་ལ་མཚོན་ན་སྨན་ཁང་དུ་སོང་ནས་དབུགས་ཐུན་བརྒྱབ་ན་ཕན་པ་ཡོད་པ་མངོན་སུམ་གྱིས་གྲུབ་པས་སེམས་ཅན་གྱི་སྲོག་བླུས་ཏེ་ཚེ་སྲོག་གི་རྒྱུན་བསྲིངས་བ་ཡང་ཕན་ཡོན་འདྲ་འདྲ་ཡིན་ནོ།།
༤རང་སེམས་ཡག་པོར་འཆོས་པས་ཆོས་ཀྱི་དགོངས་དོན་མངོན་འགྱུར་དང་ཁོར་ཡུག་སྲུང་སྐྱོབ་ཀྱང་རང་སེམས་ཡག་པོར་སྲུང་སྐྱོབ་ལས་མ་འདས་སོ།།ཇི་སྐད་དུ།སྲོག་གཅོད་ལས་གཞན་སྡིག་པ་མེད།།ཅེས་པ་ལྟར་ན་སྲོག་སྐྱོབ་ལས་གཞན་དགེ་བ་རྒྱ་ཆེར་མེད་དོ།།
 
ལྔ་བ། ཤ་མ་ཟོས་ན་ལུས་ཀྱི་བདེ་ཐང་ཇི་ལྟར་བསྟེན།
ཐབས་ལམ་ནི།
༡རྩ་རླུང་སྦྱངས་པ།
༢སེམས་ངོ་བལྟ་བ། གོང་གི་འདི་གཉིས་ཐུན་མིན་གྱི་ཆོས་སྐལ་ཡིན་པས་གཞན་དུ་འཆད།
༣ཉིན་རེར་རྩམ་པ་མ་ཆད་པར་བཟའ་བ།
༤གཞན་སིལ་ཏོག་དང་སྔོ་ཚོད་མང་བོ་ཟ་དགོས།ནང་སྒོས་སུ་སྲན་ཉོག་སོགས་སྲན་མའི་རིགས་ཤ་ཚབ་ཏུ་བཞེས་རོགས།
ལུས་སེམས་གཉིས་ཀྱི་སེམས་གཙོ་བོ་ཡིན་མོད།ཁྱོད་ཀྱིས་ལུས་སེམས་གཉིས་ཀྱི་སེམས་གཙོ་བོར་བཟུང་མ་ཐུབ་ནའང་གཉིས་ཀ་ཆ་སྙོམས་ཤིག་བྱས་ན་སེམས་ལ་དགའ་བ་སྐྱེས་པ།ལུས་ལ་བདེ་ཐང་ཡོང་བར་ང་རང་གིས་ལོ་ལྔའི་རིང་ལ་ཤ་བཅད་དེ་མི་ལུས་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཡིན།
སེམས་གསོས་ན་ལུས་བདེ་འགྲོ།ནམ་རྒྱུན་འཚོ་བའི་ཁྲོད་དུ།སྨན་པ་བཟང་བོས་ཁྱེད་ལ་ཐོག་མར་ན་རྒྱུ་སྐྱོན་མི་འདུགསྨན་བཅོས་བྱས་ན་མྱུར་དུ་དྲག་འགྲོ་ཟེར།
དགེ་རྒན་བཟང་བོས་ཁྱེད་ལ་ཐོག་མར་སླའོ་ཟེར།ཀ་ཁ་སུམ་ཅུ་དང་དབྱངས་བཞི་ཤེས་སོང་ན་བོད་ཡིག་ཤེས་སོང་ནི་རེད་ཟེར།
བླ་མ་བཟང་བོས་ཁྱེད་ལ་སངས་རྒྱས་རྒྱུ་སླ་མོ་ཞིག་རེད་ཟེར།རིག་ན་སངས་རྒྱས་མ་རིག་ན་སེམས་ཅན་ཟེར།
ཕ་མ་བཟང་བོས་བྱིས་པའི་དཀར་ཡོལ་བཅག་པར་སྐྱོན་མེད་སྐྱོན་མེད།ཁ་རུ་བཅག་ན་ཁ་སེམས་བདེ་ཟེར།
གྲོགས་པོ་བཟང་བོས་སྐྱོན་མེད།དེ་རིང་གི་ཕམ་ཁ་ནི་སང་ཉིན་གྱི་རྒྱལ་ཁ་ཡིན་ཟེར།
ཁྱེད་ཀྱིས་བསམ་བློ་ཨེ་བཏང་།ང་ཚོའི་འཚོ་བའི་ནང་དུ་མཁོ་བ་ནི་འཇིགས་སྐྲག་དང་ཞེ་སྡང་།འཁང་ར་དང་ནོངས་འགྱོད་མ་ཡིན་པར།ང་ཚོ་ལ་སེམས་ཀྱི་ཞི་བདེ་ཞིག་མཁོ།དེ་བས་སེམས་གསོས་ན་ལུས་བདེ་བ་ཆོས་ཉིད་ལྡོག་མེད་ཅིག་ཡིན།
དེང་དུས་ཀྱི་སྨན་གསར་ཕལ་ཆེ་བས་ཟས་སྤྱོད་སྨན་དཔྱད་བཞི་ལས་མང་ཚོགས་ལ་ཟས་སྤྱོད་འཛེམ་རྒྱུ་གལ་ཆེ་བར་གསུང་ཐུབ་ཀིན་མེད་ལ།ནད་ཀྱི་ཉེ་རྒྱུ་དང་རིང་རྒྱུ་གཉིས་ལས་ཉེ་རྒྱུ་མ་གཏོགས་རིང་རྒྱུ་རྩ་བ་ཉོན་མོངས་དུག་གསུམ་མམ་དུག་ལྔ་རྣམ་དཔྱོད་དུ་འཇུག་གི་མེད་ལ།ནད་ཀྱི་ངོས་ནས་དྲགས་ཐབས་ལ་སྨན་སྔགས་རིམ་གྲོ་དམིགས་རྣམ་སོགས་བློ་ཡུལ་ལས་འགོངས་པའི་ཚད་དུ་སྣང་བས་ས་སྟེང་ན་ནད་རིགས་འདྲ་མིན་འཇབ་ཡོང་གི་ཡོད་པ་རེད།བདག་ནི་ཆུང་དུས་ནས་གསོ་རིག་གྲྭར་མ་འགྲིམས་ཀྱང་།བསྙེན་པ་གྲངས་མང་བཟླས།སངས་རྒྱས་སྨན་བླར་ཤུགས་དྲགས་གསོལ་བ་བཏབ།ཡུན་ཐུང་སྨན་རྒན་ཤ་ཚ་བ་འགའ་རེ་བསྟེན།ཁྱད་པར་དུ་བླ་མེད་སྨན་པ་ཆོས་དབྱིངས་རྡོ་རྗེ་རིན་པོ་ཆེ་མཇལ་བས་བཀའ་དྲིན་གྱིས་བྱིན་རླབས་ཕྲན་བུ་རྒྱུད་ལ་ཞུགས་པའོ།།
 
དྲུག་པ། ཤ་ཟ་དགོས་རུང་ཆ་རྐྱེན་གང་ཞིག་གི་ངོས་ནས་བཟའ་བ།
གོང་གསལ་གྱི་ཤ་གང་དག་ཟ་མི་རུང་བ་ལས་ལྡོག་སྟེ།
༡དེ་ཡང་དབང་བོ་རབ་ཀྱིས་དམིགས་མེད་ཀྱི་ངང་ནས་འཛིན་པ་མེད་པར་ཟ།ཡང་ན་རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ་སྤྲུལ་ཏེ་ཚོགས་བསྐོར།
༢འབྲིང་གིས་དཀོན་མཆོག་དང་བླ་མ་ལ་མཆོད་པ་ཕུལ།ཤ་ཁྲག་ཟོས་ཏེ་ལུས་ཀྱི་སྟོབས་རྒྱས།ཚེ་ཐག་རིང་བས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་དམ་བཅའ།་
༣ཐ་མར་ལུས་ཀྱི་སྲིན་འབུ་མི་འཆི་བ་དང་ཤ་ཁྲག་ཟོས་པའི་དོན་དུ་མ་ཎིི་དང་ས་ཏྭའི་བཤགས་པ་རེ་བཏོན།ཨོཾ་ཨྰ་ཧྰུྃ།རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་ས་བོན་ཡི་གེ་འབྲུ་གསུམ་བཟླས་ནས་ཤ་ཁྲག་ལ་བྱིན་རླབས་བརྒྱབ།ཨོཾ་ཨྰ་བྷེ་ར་ཧྰུྃ་ཁེ་ཙ་ར་སྭ་ཧྰ།ཤ་ཁྲག་ཟོས་པའི་སྡིག་བཤགས་དང་རྣམ་ཤེས་འདྲེན་པའི་གཟུངས་སྔགས་ཁྱད་པར་བ་ལན་བདུན་འདོན་རྒྱུ་མ་བརྗེད་ཡིད་ལ་ཆོངས།
 
བདུན། ཤ་ཅུང་ཟད་རེ་བསྟེན་ན་རླུང་གི་མགོ་གནོན་དུ་འགྲོ།
ང་ཚོའི་བོད་ཁུལ་དུ་འཚོལ་སླ་ཞིང་སྟབས་བདེ་བཆེན་པོའི་ཟོག་ལུག་སྒོ་ཕྱུགས་རིགས་ཀྱི་ཤ་དང་།དེ་ལས་ཀྱང་ལུག་མགོ་རྙིང་བ་དང་།རུས་བཅུད་གསུམ་དུ་གྲགས་པའི་སོག་ཡུ་དང་སྲེ་མོང་།གཞུག་ཆུང་གསུམ་གྱི་ཐང་གིས་རླུང་ནད་ཀུན་ལ་ཕན་ཆེ་བ་དང་ཚེ་རིང་བཅུད་ལེན་གྱི་ནུས་པ་ལྡན་པ་སྨན་གཞུང་དུ་བཤད་པས་སོ།།ཉིས་སྟོང་བཅུ་གཅིག་ལོའི་བོད་ཟླ་དྲུག་པའི་ཚེས་བཞི་ཉིན་བདག་གི་རྩ་བའི་བླ་མ་རིན་པོ་ཆེ༧རྣལ་འབྱོར་ཆོས་དབྱིངས་རྡོ་རྗེ་ཚང་སྐུའི་དགོངས་པ་གཞན་དུ་གཏད་ནས་ལོ་འཁོར་གཅིག་དང་ཕྱེད་ལྷག་འགོར་བའི་བར་དུ་མཚམས་བཅད་རྒྱར་བཞུགས་ནས་སྐུ་ལུས་ལ་འགྱུར་བ་ཆེན་པོ་ཐོན་པ།ནང་མི་སློབ་རྒྱུད་ལ་ལོ་གཅིག་གི་འདའ་ཁའི་ཁ་ཆེམས་ལྟར་ལན་གཅིག་མཇལ་དུ་བཅུག་མོད།མི་མང་དད་ལྡན་མང་ཚོགས་ནས་མཇལ་མེད་པས་སངས་རྒྱས་ཀྱི་ཆོས་འཁོར་བསྐོར་བའི་ཉིན་དེར་མཇལ་ཁའི་བརྡ་བཏང་བར།ང་རང་ཟི་ལིང་ནས་ཡུལ་ཤུལ་སྒ་སྐྱེ་དགུའི་ཡུལ་དུ་གནམ་བྱའི་སྟེང་ནས་ཕེབས་ཏེ་བཀྲ་ཤིས་ཚེ་རིང་གིས་བཙུགས་པའི་མ་བུ་བདེ་ཐང་སློབ་གྲྭས་བསུས་ཏེ་ཆེད་དུ་གངས་ལྗོངས་ཀྱི་མ་ཡུམ་ཞེས་པའི་ཆེད་ཁྲིད་ཞིག་གནང་།ཕྱི་ཉིན་སློབ་གྲྭ་ནས་ང་རང་ཁྲི་འདུ་ཐུབ་བསྟན་དགོན་དུ་བསྐྱལ་བའི་ལམ་ཁར་ཁོང་རྣམ་པའི་ཤ་བཞེས་་པ།ང་ས་མཐོས་མགོ་དེ་འདྲ་བདེ་བོ་མིན་པར་ཚང་མས་ཤ་ཁུ་ཞིག་བཞེས་རོགས་ཟེར།སྤྱིར་་ལོ་བཞི་དང་ཟླ་བདུན་གྱི་ཤ་བཞག་ནས་ཁ་བཏང་ནས་ཅུང་འགོར་བ་དང།རྒྱུན་དུ་ང་ལ་ཤ་ཟ་འདོད་དེ་འདྲ་མེད་མོད།ཉིན་དེར་ཤ་ཁུ་དཀར་ཡོལ་གང་ལས་ཁམ་གང་འཐུང་བ་ཁུ་བ་ཁ་དྲག་སོང་བས་ཆུ་འཁོལ་བསྣན་ནས་དཀར་ཡོལ་གང་བོ་འཐུང་བ།རླངས་འཁོར་ནང་དུ་བསྡད་མ་ཐག་ང་རང་གཉིད་ཀྱིས་བརྒྱལ་སོང་བ་ཤ་ཁུས་རླུང་གནོན་ཐུབ་པ་དང་རླུངས་ལངས་པར་ཕན་པ་མྱུར་བ་ཤེས་སོང་།
ནད་རིགས་བཞི་བརྒྱ་རྩ་བཞི་བསྡོམས་ན་རླུང་མཁྲིས་བད་ཀན་གསུམ་དུ་འདུ་ལ།རླུང་མཁྲིས་བད་ཀན་གསུམ་ཡང་ཚ་གྲང་གཉིས་སུ་འདུ།འོ་ན་རླུང་ནི་དེའི་ནང་ནས་ཀྱང་གཙོ་བོ་བད་མཁྲིས་གཉིས་ལ་དབྱེན་དང་ཕྲ་མ་སྦྱོར་མཁན་ཞིག་ཡིན་པས་རླུང་རང་ལག་ཏུ་ཚུད་ན་ནད་གང་རུང་ལྡང་མི་ཐུབ་པ་མི་ལོ་ཉི་ཤུ་ལྷག་གི་རླུང་སྦྱངས་པའི་ཉམས་མྱོང་གིས་མངོན་སུམ་ཚད་མས་གྲུབ་བོ།།
 
བརྒྱད་པ། ཤ་ཟ་བའི་དུས།
ནངས་དང་གུང་ལ་བསྟེན་ཆོགདགོངས་མོར་བཞེས་མི་རུང་།སངས་རྒྱས་ནས་ཕྱི་དྲོའི་ཁ་ཟས་བཀག་པ་དང་ཚན་རིག་པས་ཕྱི་དྲོའི་དུས་ཚོད་བཞི་ལྔའི་ཕན་ཆད་དུ་ཕོ་ཁ་ངལ་གསོ་བའི་དུས་ཚོད་ཡིན་པས་ཟས་གང་རུང་ཟོས་ན་འཇུ་སྟོབས་མེད་ཟེར།ནང་སྒོས་སུ་ཤ་སོགས་འཇུ་དཀའ་བ་ཟོས་ན་སྨྲས་མ་དགོས་སོ།།
 
དགུ་བ། ཟ་བའི་ཚོད།
ཟས་གང་རུང་ཟོས་ཀྱང་དེ་ལ་མོས་པ་དང་དགའ་བའི་སྒོ་ནས་ཟོས་ན་ཞིམ་དུ་འགྲོ་བ།ཟ་ཚོད་ཕོ་ཁའི་སུམ་ཆའི་གཉིས་འགྲང་བ།སུམ་ཆའི་གཅིག་དབུགས་རྒྱུ་བའི་བར་སྟོང་ཡོད་པར་བྱས་ན་འཇུ་སླ་བ་ལུས་ཀྱི་ཟོར་ཡངས་པ།བཟང་ངན་ཞིམ་མིན་གང་རུང་ལ་ཆགས་ཞེན་ཇེ་ཆུང་དུ་འགྲོ་བའི་ཕན་ཡོན་ཡོད་དོ།།
 
    མདོར་ན་ང་ཚོའི་ཐ་མལ་བའི་ལུས་རྟེན་འཚོ་སྤྱད་ཀྱི་ཁ་ཟས་གང་ཡིན་རུང་ཉེས་པ་མེད་པ་གཅིག་ཀྱང་མེད་ལ།དཀར་  ཟས་འབྲུ་དང་ནས།ཚོད་མ་སོགས་ལ་མཚོན་ནའང་སེམས་ཅན་དུད་འགྲོ་དང་མིའི་རྩོལ་བ་དང་དཀའ་ལས་བརྒྱབ།ས་ཁ་དང་ས་གཏིང་གི་སེམས་ལྡན་གྱི་སྲོག་ཆགས་ཁ་ལོ་བསྒྱུར་ཏེ་ཚེ་སྲོག་དང་བྲལ་བའོ།།དེ་མིན་སྐྱེས་འཕགས་དང་རྣལ་འབྱོར་བས་ཏིང་ངེ་འཛིན་དང་སྒྱུ་མའི་ཟས་ལ་ལོངས་སྤྱད་པའོ།།ང་ཚོས་དེ་འདྲ་མི་ནུས་རུང་ཅི་ཐུབ་གང་ཐུབ་ཀྱིས་བཤགས་སྦྱངས་ལ་བསྟེན་ནས་ཉོན་མོངས་པ་ཇེ་ཆུང་གིས་སེམས་གསོ་ལུས་བདེ་ལ་འབད་པ་གལ་ཆེའོ།།
སྨྲས་པ།  བླ་མ་ཚད་མ་བརྒྱུད་པ་ཚད་མ་བཙལ།།
གདམས་ངག་ཚད་མས་ཉམས་མྱོང་ཚད་དུ་སླེབས།།
སྙིང་གཏམ་ཚད་མ་འགྲོ་ལ་ཚད་དུ་བཞག།
ཚད་མ་ཚད་མིན་རང་རང་མྱོང་བས་ཆོད།།
 
 
                                                                                       

༢༠༡༡ལོའི་ཟླ༡༢པའི་ཚེས༦ཉིན་མཚམས་འོག་ནས་སྤྲིངས་པ་དགེའོ།

0 comments:

ཟིན་བྲིས་འཚོལ་ཡུལ