དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 28 March 2014
བོད་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་དང་ཆོས་སྐལ་མ་ཎི་ཡི་གེ་དྲུག་མའི་
ཚུལ་བརྗོད་པ་པངྨ་དཀར་བོའི་ཆུན་འཕྱངས།།
རྒྱལ་སྲས་ཚང་གིས།
༄༅།། དེང་ཆར་འཛམ་གླིང་རང་བཞིན་གྱིས་ཤེས་རིག་གི་ཀློང་བརྡོལ་བའི་དུས་རབས་འདིར་ཉི་ཟླ་དང་ཁ་ཐག་ཉེ་བའི་མདོ་དབུས་མཐོ་སྒང་གི་བོད་ཀྱི་ཤེས་རིག་ཀྱང་རིན་ཐང་གཞལ་དུ་མེད་པའི་གསེར་གྱི་རྡོག་པོ་ལྟར་སྐད་དང་ཡི་གེ། གོན་པ་དང་ཆ་ལུགས། གོམས་གཤིས་དང་སྲོལ་ཀ  སྲོལ་རྒྱུན་གྱིས་གནང་བའི་ཤ་མདོག་དང་ལྟ་བའི་བག་ཆགས་མི་གཅིག་པའི་ཡུལ་གྲུ་དང་རྒྱལ་ཁབ་སོ་སོ་ན་བསྲེག་བཅད་བརྡར་གསུམ་གྱི་ཞིབ་འཇུག་གི་ལས་ལ་བརྩོན་བཞིན་པ་ནི་ཧ་ཅང་དགའ་འོས་པའི་གནས་སུ་འཁུམས་མོད། འོན་ཀྱང་ཉེ་ལམ་རང་ཅག་བོད་པ་དང་མཉམ་གནས་མཉམ་སྡོད་ཀྱི་ཆུ་དང་ཉ་མོའི་སྲོལ་དུ་འགྲོགས་པའི་སྤུན་ཟླ་མི་རིགས་ཀྱི་མཁས་དབང་ལ་ལ་ཞིག་གིས་མ་ཎི་ཡི་གེ་དྲུག་མའི་ཕྱོགས་ལ་ལྟ་ཚུལ་མི་མཐུན་པ་བཏོན་པ་ནི་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་གླེང་ཕྱོགས་དང་མཐུན་མོད། རང་རྒྱལ་འདི་ཉིད་མི་རིགས་འདུས་སྡོད་ཀྱི་རྒྱལ་ཁབ་ཞིག་ཡིན་པས། ཏང་ཀྲུང་དབྱང་གིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོད་བྱེད་དགོས་པའི་གཞི་རྩའི་ལམ་ཕྱོགས་ལ་ཐུགས་ཀྱི་དགོངས་པ་གཏད་དགོས་སམ་སྙམ། མ་ཤེས་པ་ནི་ཤེས་པར་བྱེད་པ་དང་། མ་དག་པ་ནི་དག་པར་བྱེད་ལ་མཁས་པའི་ལུགས་ཡིན་པས། འདི་ནས་བོད་ཀྱི་ལྷ་སྐལ་དུ་འཕགས་མཆོག་སྤྱན་རས་གཟིགས་ཇི་ལྟར་བབས་ཚུལ། ཆོས་སྐད་མ་ཎི་ཡི་གེ་དྲུག་མའི་ཐུན་མོང་གི་གོ་དོན་དང་ཕན་ཡོན། ཞར་བྱུང་མ་ཎི་ཡི་གེ་དྲུག་མ་ལ་བརྟེན་ནས་མི་ལུས་བདེ་ཐང་ལ་སྲུང་སྐྱོབ་ཀྱི་ཕན་ནུས་བཤད་པ་དང་བཅས་དགེའོ།།
༡.འཕགས་མཆོག་སྤྱན་རས་གཟིགས་བོད་ཀྱི་ལྷ་སྐལ་དུ་ཚུལ་ཇི་ལྟར་བབས་ཚུལ་བཤད་པ།
ཇི་སྐད་དུ༼ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད༽དུ་བཅོམ་ལྡན་འདས་ཐུབ་པའིདབང་བོ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚུལ་དུ་བཞུགས་པ་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་ཞབས་ལ་གཏུགས་ཏེ་སྤྱི་བོའི་ཕྱག་མྱུར་དུ་བྱེད་དོ།། དེ་ནས་སྤྱན་རས་གཟིགས་ཀྱིས་གསོལ་ཏེ་བཅོམ་ལྡན་འདས་ད་དུང་ཁྱེད་ཀྱི་དགོངས་པ་ནི་ཡོངས་སུ་མ་རྫོགས་ཏེ་ཁ་བ་ཅན་གྱི་སེམས་ཅན་ལ་ཆོས་ཀྱི་འཁོར་ལོ་མ་བསྐོར་ན། ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཁ་བ་ཅན་གྱི་སེམས་ཅན་རྣམས་ནི་ད་དུང་སྨིན་པར་མ་ནུས་ཏེ། མ་འོངས་པ་ན་བྱང་ཆུབ་སེམས་དཔའ་ཁྱེད་ཉིད་ལྟ་བུའི་སྨིན་པར་བྱེད་པར་གྱུར་ཅིག་ཅེས་བཀའ་སྩལ་བ་དང་། སྤྱན་རས་གཟིགས་དེ་མ་ཐག་ཏུ་རྒྱལ་བྱེད་ཚལ་ནས་མི་སྣང་བར་གྱུར་ཏོ།། བདེ་བ་ཅན་དུ་ཕྱིན་ཏེ་ཨ་མེ་དེ་བ་ལ་གསོལ་བ་དང་། སྣང་བ་མཐའ་ཡས་ཀྱི་བཀའ་སྩལ་བ། རིགས་ཀྱི་བུ་ཁྱེད་ཁ་བ་ཅན་གྱི་རྒྱལ་ཁམས་སུ་སྐྱེས་པའི་སེམས་ཅན་རྣམས་ནི་གཅིག་ཀྱང་མ་ལུས་པར་བྱེ་མའི་སྒྲོ་བ་ཁ་སྦུབས་པ་ལྟར་སོང་ནས་ཡར་མི་ལྡོག་པར་འགྲོ་བས། ཁ་བ་ཅན་གྱི་འཇིག་རྟེན་གྱི་འོག་ན་དམྱལ་བ་ལྕགས་ཀྱིས་ཟ་མ་ཏོག་ཁ་བཅད་པ་འདྲ་བ་གཅིག་ཡོད་པས། དེས་འགྲོ་བ་སེམས་ཅན་རྣམས་ཐུལ་ཅིག དེ་རྣམས་ཁྱེད་ཀྱིས་ཟང་ཟིང་གིས་བསྡུས་ལ། དེ་ནས་ཆོས་ཀྱིས་སྨིན་པར་གྱིས་ལ་མཐར་བདེ་བ་ཅན་འདིར་ངའི་དྲུང་དུ་ཁྲིད་ལ་ཤོག་ཅིག་ཅེས་བཀའ་སྩལ་ཏོ།། ཞེས་པ་ལྟར་གོང་གི་ཚུལ་འདིས་གསལ་བར་འགྱུར་ལ། གཞན་ཡང་པངྨ་དྲ་བ་ཅན་གྱི་རྒྱུད་ལས། སྔོན་ཚེ་འདས་པའི་སྐལ་བ་ནི།། བྱེ་བ་ཕྲག་བརྒྱའི་སྔ་རོལ་ན།། བདེ་བཤེགས་རྫོགས་པའི་སངས་རྒྱས་མཚན།། ཚེ་དཔག་མེད་ཅེས་འཇིག་རྟེན་དུ།། སྟོན་པ་བྱུང་བར་བདག་གིས་མནོས།། སྟོན་པ་བྱུང་བར་བདག་གིས་མནོས།། དེ་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱིས།། བདག་ལ་དབང་བསྐུར་ལུང་བསྟན་མཛད།། ཕྱིས་ནི་འདྲེན་པ་ཤཱཀྱ་ཞེས།། མི་མཇེད་འཇིག་རྟེན་ཁམས་འཁྲུངས་ཚེ།། མི་ཡུལ་ལས་ཀྱང་ཁྱད་པར་དུ།། ཡི་དྭགས་གླིང་དུ་སྐྱེས་པ་འགའ།། བསྟན་པ་བདུད་འཕེལ་བྱ་བའི་ཕྱིར།། མཚན་མོ་མུན་ནག་སྤྲིན་རུམ་དུ།། སྐད་ཅིག་གློག་འགྱུ་ཇི་ལྟ་བུར།། རིགས་སྔགས་འཆང་བ་གདོང་བཅུ་གཅིག།ཡན་ལག་སྟོང་དང་ལྡན་པ་ལ།། སྤྱན་ནི་ཆིག་སྟོང་སུམ་ཅུ་བའི།། མཚན་དང་ལྡན་པའི་སྐུ་འབྱུང་འགྱུར།། ཞེས་དང་། གླེགས་བམ་རིན་པོ་ཆེ་དཀོན་ཅོག་འབངས་ཀྱི་སྐྱེས་རབས་ལས།
ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན།། གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད།། རི་མཐོན་པོ་གནམ་གྱི་ཀ་བ་ཡོད།། མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད།། གངས་དཀར་བོ་ཤེལ་གྱི་མཆོད་རྟེན་ཡོད།། སྤང་སེར་བོ་གསེར་གྱི་ལྷུན་པོ་ཡོད།། དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད།། ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས།། གནས་དེ་ན་ཁྱེད་ཀྱི་ཞིང་ཁམས་ཡོད།། ཞིང་དེ་ན་ཁྱེད་ཀྱི་གདུལ་བྱ་ཡོད།། ཞེས་དང་། ཡང་བོད་ཀྱི་མི་རྒྱུད་གྲོལ་ཚུལ་ཐད་དུའང་ཡོངས་གྲགས་སུ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། མ་བྲག་སྲིན་མོ་གཉིས་ལས་གྲོལ་བར་འདོད་དོ།།
༢.ཆོས་སྐལ་མ་ཎི་ཡི་གེ་དྲུག་མའི་ཐུན་མོང་གི་གོ་དོན་དང་ཕན་ཡོན་བཤད་པ།
དེ་ཡང་བོད་ཀྱི་བཙན་པོའི་རྒྱལ་རབས་སོ་གཉིས་པ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྤྲུལ་བ་རྒྱལ་བོ་སྲོང་བཙན་སྒམ་པོ་ནས་བོད་ཁམས་ཡོངས་རྫོགས་གཅིག་གྱུར་གྱི་བོད་ཆེན་པོའི་རྒྱལ་ཁབ་བཙུགས་པ་དང་། ཐོན་མི་ཨ་ནུའི་བུ་སམ་བྷོ་ཊ་དང་སྟག་ལོ་དེ་ཁྲོང་གཉིས་ལ་སོགས་པ་མི་བཅུ་དྲུག་ཙམ་ཡི་གེ་སློབ་དུ་བཏང་བ་མང་ཡུལ་དུ་བྱོན་ནས། ཡི་གེ་མཁན་པོ་ལི་བྱིན་ཀ་ར་ཞེས་བྱ་བ་ལས་སྒྲ་དང་ཡི་གེ་བཅས་བསླབས་ནས་རྒྱ་གར་གྱི་ཡི་གེ་ལྔ་བཅུ་ལས་བོད་ཀྱི་ཀ་ཁ་སུམ་ཅུར་བསྒྱུར་ཞིང་། ཀ་ཁའི་བསྟན་བཅོས་ཞེས་བྱ་བ་དང་། སུམ་ཅུ་བ་དང་རྟགས་འཇུག་མཛད་དེ་སྒྲའི་སྡེབ་སྦྱོར་རྣམས་ལེགས་པར་བསླབས་ནས་ཡིག་ཀློག་གི་གྲྭ་བཙུགས། རྒྱའི་ལོ་ཙཱ་བ་ཁ་ཆེ་ཨ་མོ་གྷ་ཞེས་བྱ་བས་སྒྲ་རང་འགྱུར་དུ་མཛད་དེ། མདོ་སྡེ་དཀོན་མཆོག་སྤྲིན་དང་། ལང་ཀར་གཤེགས་པ་དང་། གསེར་འོད་དམ་པ་དང་། གཟུངས་ཙིན་ཏ་མ་ཎི་དང་། མདོ་སྡེ་པདྨ་དཀར་བོ་དང་། འདུས་པ་རིན་པོ་ཆེའི་ཏོག་དང་། གཟུངས་གྲྭ་ལྔ་རྣམས་བསྒྱུར། གཞན་ཡང་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅས་ཏེ་བོད་ཁམས་བདེ་ལ་བཀོད་པའི་སྐབས་འདིར་ཇི་སྐད་དུ།
ལྷ་གཅིག་རྒྱལ་བ་ཀུན་འདུས་སྤྱན་རས་གཟིགས།། སྔགས་གཅིག་རྒྱལ་བ་ཀུན་འདུས་ཡི་གེ་དྲུག། ཆོས་གཅིག་བསྐྱེད་རྫོགས་ཀུན་འདུས་བྱང་ཆུབ་སེམས།། གཅིག་ཤེས་ཀུན་གྲོལ་ངང་ནས་ཡིག་དྲུག་སྒྲོགས།།
ཞེས་གསུངས་པ་ལྟར་གཟུངས་སྔགས་ཀྱི་རྒྱལ་བོ་ཡི་གེ་དྲུག་མ་འདི་བོད་རྩམ་གཟན་པ་ཞིག་གི་ཆུང་བྱིས་པ་སོ་དཀར་ཡན་ནས་རྒན་མགོ་དཀར་ཐམས་ཅད་ལ་མ་བསླབས་ཀྱང་རང་བྱུང་ལྷན་སྐྱེས་སུ་འདོན་ཤེས་པ་འདི་ཁྱབ་བརྡལ་བྱུང་བ་ཡིན།
ད་ནི་སྐབས་བབས་ཀྱི་དོན་དངོས་ལ་འཇུག་པར་བྱ་སྟེ།
ཨོཾ་མ་ཎི་པདྨེ་ཧཱུཾ།
ཨོཾ་ཞེསཔ་བརྡ་སྤྲོད་ཀྱི་གཞུང་ལ་གྲགས་པའི་མི་ཟད་པའམ་རང་བཞིན་གྱི་གྲངས་མེད་པ་ཞེས་པའི་རིགས་ཡིན། དེ་ནི་རྒྱུད་རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བརྗོད།། མཆོག་དང་ནོར་གཏེར་དཔལ་དང་གཡང་།། སྐལ་བཟང་རྣམ་པ་དང་ལྡན་ཞིང་།། དམ་བཅའ་བ་དང་བཀྲ་ཤིས་དོན།། ནོར་བུ་འཛིན་པའི་སྙིང་བོའང་ཡིན།།ཞེས་གསུངས་པ་ལྟར་དོན་མང་བོ་ཞིག་ལ་འཇུག་པ་ཡིན་ཡང་ད་ལམ་འདིར་ནི། མཆོག་གི་དངོས་གྲུབ་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དང་། ཐུན་མོང་གི་དངོས་གྲུབ་བཀྲ་ཤིས་བ་དང་ནོར་དང་། དཔལ་དང་། སྐལ་བ་བཟང་བོ་སོགས་དོན་དུ་གཉེར་བྱའི་དངོས་གྲུབ་རྣམ་པ་གཉིས་ལ་གོ་དགོས་པ་ཡིན། མ་ཎི་ཞེས་པ་ནོར་བུ་སྟེ། སྤྱིར་ནོར་བུ་བསམ་འཕེལ་དབང་གི་རྒྱལ་བོ་ནི་བྱི་དོར་དང་བཅས་རྒྱལ་མཚན་གྱི་རྩེར་མཆོད་ནས་གསོལ་བ་བཏབ་ན་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་སྩོལ་བར་ནུས་པའི་རྩ་ཆེའི་དངོས་པོ་ཞིག་རེད། ད་ལམ་འདིར་ནི་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་རྩ་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་འཛིན་པའི་ནོར་བུ་དེ་ལ་གོ་དགོས་པ་ཡིན། པདྨ་ནི་འཕགས་མཆོག་དེའི་ཕྱག་ན་བསྣམས་པའི་རྡུལ་དང་བྲལ་བའི་པདྨ་དཀར་བོ་ཡིན་པ་ལས་ངོས་འཛིན་གཞན་དག་ནི་རྣམ་པར་འཁྱམས་སོ།། པདྨ་ལ་ཨེ་ཡིག་སྦྱར་ནས་ཞེས་གྲུབ་པ་ནི་ནོར་བུ་དང་པདྨ་འཛིན་པའི་ལྷ་མཆོག་དེ་ལ་འབོད་པའི་དོན་ཡིན། ཞེས་པ་ནི་འཕགས་མཆོག་ཐུགས་རྗེའི་གཏེར་ཆེན་དེའི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ། གོང་དུ་ཨོཾ་གྱིས་མཚོན་པའི་འདོད་དོན་གྱི་དངོས་གྲུབ་དེ་དག་སྩོལ་ཅིག་ཅེས་པའི་དོན་ཡིན་ནོ།། དེ་ལྟར་ན་འཕགས་མཆོག་དེར་དད་པའི་བསྙེན་པའི་འགྲོ་བ་རིས་སུ་མ་ཆད་པ་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་དགོས་འདོད་མཐའ་དག་ཡིད་བཞིན་དུ་སྩོལ་བའི་ནུས་པ་དད་ལྡན་པ་མཚོན་བྱེད་དུ། རྩ་ཕྱག་གཉིས་ཐུགསཀར་ཐལ་མོ་སྦྱར་བའི་བར་དུ་དགོས་འདོད་འབྱུང་བའི་ནོར་བུ་འཛིན་པ་ནི། མ་ཎི་ཞེས་བྱ། དེ་བཞིན་དུ་སྲིད་པར་གནས་ཀྱང་སྲིད་པའི་སྐྱོན་ཕྲ་མོ་ཙམ་གྱིས་ཀྱང་མ་གོས་པ་མཚོན་པའི་བརྡར་ཕྱག་ན་རྡུལ་བྲལ་གྱི་པདྨ་དཀར་བོ་འཛིན་པ་ནི། པདྨ་ཞེས་བྱ་བ་ལ་པདྨ་ཞེས་ཀློག་པ་ནི་མ་ཎི་དང་། པདྨ་དཀར་བོ་ཕྱག་ན་བསྣམས་པའི་འཕགས་མཆོག་དེར་ཀྱེ། ནོར་བུ་པདྨ་ཅན་ཞེས་འབོད་པའི་དོན་ནོ།། འོ་ན་དེ་ལ་བོས་ནས་དོན་དུ་གཉེར་བྱ་ཅི་ཞིག་ཞུ་བ་ཡིན་ཞེ་ན། ཨོཾ་ཞེས་པ་སྟེ། གོང་དུ་བསྟན་པའི་གནས་སྐབས་དང་། མཐར་ཐུག་གི་དངོས་གྲུབ་དེ་དག་ཞུ་པའི་ཆེད་དུ་འབོད་པ་ཡིན་ནོ།། ཞེས་སྨོན་ནས་ནོར་བུ་པདྨ་ཅན་གྱི་འཕགས་མཆོག་དེའི་ཐུགས་རྒྱུད་བསྐུལ་ནས་གོང་དུ་འདོད་དོན་ཞུས་པ་དེ་དག་པས་བསྙེན་པ་བདག་ལ་བསྩལ་བར་མཛད་དུ་གསོལ། ཞེས་པའི་དོན་ནོ།། དེ་ལྟར་མཚོན་བྱེད་བརྡའི་དངོས་པོ་ནོར་བུ་དང་། ཤེལ་དཀར་ཕྲེང་བ། རྡུལ་བྲལ་གྱི་པདྨ་དཀར་བོ་རྣམས་ཡིན་ལ། མཚོན་བྱ་དོན་གྱི་ངོ་བོ་ནི་དེ་དག་ཕྱག་ན་བསྣམས་པའི་འཕགས་མཆོག་སྙིང་རྗེ་དབང་ཕྱུག་ཉིད་ཡིད་པས། དེ་ལ་ཨོཾ་གྱི་དངོས་གྲུབ་ཞུ་བའི་ཆེད་དུ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་སྒྲུབ་པ་བོཾ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་ཅིག་ཅེས་གསོལ་བ་འདེབས་པའི་དོན་ནོ།། དེ་དག་ནི། ལེགས་སྦྱར་བའི་བརྡ་སྤྲོད་པའི་གཞུང་གི་སྒྲུབ་ཚུལ་དང་གོ་དོན་རགས་ཙམ་པ་ཞིག་ཡིན་ལ། འོན་ཀྱང་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་རྣམས་ལས་བསྟན་པ་ལྟར། ཡི་གེ་རེ་རེ་བཞིན་གྱི་མཚོན་བྱ་མཚོན་བྱེད་ཀྱི་རྣམ་བཞག་སོགས་ནི་མདོ་རྒྱུད་དེ་དང་དེར་ཤེས་པར་བྱ་བ་ལས་འདིར། ཚིག་ཉུང་ངུས་བརྡ་སྤྲོད་ཙམ་གྱིས་གོ་དོན་ཇི་བཞིན་བསླངས་མི་ནུས་པའི་གནས་སྐབས་རེ་ཞིག་བཞག དོན་བསྡུས་ཏེ་བསྟན་པ། སྲིད་པར་གནས་ཀྱང་སྲིད་པའི་སྐྱོན་གྱིས་གོས་པ་མེད་ཕྱིར་དཀར་གསལ་ཟླ་བ་བརྒྱ་ཕྲག་བརྩེགས་པའི་མདངས་འཛིན་ལྷ། དད་པའི་བསྙེན་ལ་མཆོག་ཐུན་དངོས་གྲུབ་ཡིད་བཞིན་འཇོ་བས་ནོར་བུ་མཆོག་དང་པདྨ་དཀར་བོ་འཆང་བའི་ལྷ། སྲིད་པ་ཇི་བཞིན་མཁའ་དང་མཉམ་པའི་འགྲོ་བ་ཀུན་ལ་ཕྲིན་ལས་མི་འཛད་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ལྷ། སྙིང་རྗེའི་རང་གཟུགས་འཕགས་པ་མཆོག་དེར་ཨོཾ་གྱི་དངོས་གྲུབ་སྩོལ་བར་མཛོད་ཀྱེ་མ་ཎི་པདྨེ་ཧཱུཾ། གིས་སྐུལ། ཞེས་སོ།།
བསྔགས་དོན་རེ་རེ་བཞིན་གྱི་ཕན་ཡོན་ནི། མ་ཎི་བཀའ་འབུམ་དང་གྲུབ་ཆེན་ཐང་སྟོང་རྒྱལ་བོའི་སྙན་རྒྱུད་ལྟར་ན། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པ་འདི། བདེ་བར་བཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཞིག་ཡིན་པས་འགྲོ་བ་རིགས་དྲུག་གི་སྐྱེ་སྒོ་གཅོད་ཅིང་སྒྲིབ་པར་སྦྱོང་བ་ཡིན་ཏེ། ཨོཾ་གྱིས་ལྷ་འཆི་འཕོ་ལྷུང་བའི་སྡུག་བསྔལ་སྦྱངས་ནས་ལྷའི་སྐྱེ་སྒོ་གཅོད། མས་ལྷ་མ་ཡིན་འཐབ་རྩོད་ཀྱིས་སྡུལ་བསྔལ་སྦྱངས་ནས་ལྷ་མ་ཡིན་གྱི་སྐྱེ་སྒོ་གཅོད། ཎི་ཡིས་མི་སྐྱེ་རྒ་ན་འཆི་འགྱུར་བའི་སྡུག་བསྔལ་སྦྱངས་ནས་མིའི་སྐྱེས་སྒོ་གཅོད། པད་ཀྱིས་བྱོལ་སོང་གླེན་ལྐུགས་བཀོལ་བཙོག་གི་སྡུག་བསྔལ་སྦྱངས་ནས་བྱོལ་སོང་དུད་འགྲོའི་སྐྱེ་སྒོ་གཅོད། མེ་ཡིས་ཡི་དྭགས་བཀྲེས་སྒོམ་གྱི་སྡུག་བསྔལ་སྦྱངས་ནས་ཡི་དྭགས་ཀྱི་སྐྱེ་སྒོ་གཅོད། ཧཱུཾ་གིས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་སྦྱངས་ནས་དམྱལ་བའི་སྐྱེ་སྒོ་གཅོད། འགྲོ་དྲུག་གི་གནས་སྦྱོང་བའི་སྙིང་བོ་འདིས་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་འཕགས་མཆོག་ཉིད་ཀྱིས་གདམས་པའོ།། དེ་བཞིན། ཡི་གེ་དྲུག་མ་ནི་གསུངས་གི་ཡི་གེ་ཡིན་པས་བཟླས་པས་འགྲུབ་པ་ཡིན་ནོ།། འདི་ཉིད་སྐུ་དྲུག་ཏུ་སྦྱར་ན་ཨོཾ་ཆོས་ཀྱི་སྐུ། མ་ལོངས་སྤྱོད་རྫོགས་པའི་སྐུ། ཎི་སྤྲུལ་བའི་སྐུ། པད་ངོ་ བོ་ཉིད་ཀྱི་སྐུ། མེ་མངོན་པར་བྱང་ཆུབ་པའི་སྐུ། ཧཱུཾ་འགྱུར་མེད་རྡོ་རྗེ་སྐུ། སྐུ་དྲུག་ལྷུན་གྱིས་གྲུབ་པ་ཐོབ་པར་བྱེད་པ་ཡང་ཡི་གེ་དྲུག་མ་འདི་ཡིན་ནོ།། གཞན་ཡང་རིགས་དྲུག་དང་སྦྱར་བ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། དབང་དང་སྦྱར་བ། བསྲུང་བ་དང་སྦྱར་བ་སོགས་དྲུག་དྲུག་སུམ་ཅུ་སོ་དྲུག་གི་དོན་གང་དང་སྦྱར་ནས་ཡི་གེ་དྲུག་མ་འདི་ཀློག་པ་དང་སྒོམ་པ་བྱས་ན་སྒྲིབ་པ་སྦྱོང་བ་དང་། བྱིན་གྱིས་བརླབས་པ་སོགས་གནས་སྐབས་དང་། མཐར་ཐུག་གི་འབྲས་བུ་ཐོབ་པར་བྱེད་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཞིག་ཡིན་པས་ཀུན་གྱིས་ཡིག་དྲུག་བཟླ་བར་འབད་པར་བྱའོ།། ཞེས་གསུངས་སོ།།
ཞར་བྱུང་མ་ཎི་ཡི་གེ་དྲུག་མ་ལ་བརྟེན་ནས་མི་ལུས་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཕན་ནུས་བཤད་པ།
སྤྱིར་བཏང་གཟུངས་སྔགས་ཀྱི་ཕན་ནུས་བརྗོད་ཚེ། གཟུངས་འདི་མཐོང་བ་དང་ཐོས་པ་ལན་གཅིག་བཏོན་པ་ཙམ་གྱིས་བསྐལ་བ་བྱེ་བའི་སྡིག་སྒྲིབ་དག་པར་འགྱུར་རོ་ཞེས་དེང་ཆར་གྱི་མིས་མཐོང་མ་ཐག་དགོད་བྲོ་བ་དང་ཡིད་ཆེས་བྲལ་བའི་གནས་སུ་འགྲོ་བ་ནི་ཁོ་རང་ཤེས་བྱ་འདིའི་སྐོར་ལ་འཇུག་པའི་བློ་གྲོས་ཀྱི་འཇུག་སྒོ་དོག་པའི་རང་མཚང་ངོ་།། དེ་ཡང་སྔགས་ཀྱི་བཀླག་ཐབས་ལྟར་ན། གཟུངས་སྔགས་གང་དག་འདོན་ཚེ་ཕྱག་རྒྱ་དང་འདུག་སྟངས། སྒྲ་གདངས། སྔགས་བདག་གི་ལྷ་དེ་དད་པས་བསྒོམ་པ་སོགས་ཆ་རྐྱེན་བཏོན་འདུག་པར་ཤེས་རབ་ཅན་ལས་ཀྱི་སྐྱེས་བུར་ཆ་རྐྱེན་འཛོམས་ན་གོང་གི་འབྲས་བུ་མི་སྨིན་པར་རང་དབང་ཅི། དེ་ལ་རང་ཅག་བོད་པས་ནམ་ལངས་མ་ཐག་ནས་ཁ་ཏོན་རྒྱུན་འདོན་བྱེད་པའི་སྲོལ་ཀ་ཞིག་ཡོད་ལ། ཁ་ཏོན་འདོན་པ་སྟེ་ཚིག་སྐྱོར་བ་ནི་དོན་ལ་དྲན་གསོ་བའི་ཆེད་ཡིན་པའི་ཕྱིར་རོ།། དོན་དེར་དྲན་གསོ་མ་ཐུབ་ན་ཚིག་བཏོན་ཡང་མི་ཕན་ཏེ་ནེ་ཙོའི་མ་ཎི་དང་འདྲ་བས་སོ།། དད་པས་བཏོན་ན་བརྗོད་པའི་ཕན་ཡོན་ཙམ་ཞིག་འབྱུང་སྲིད་ཀྱང་ས་ཆོད་ཆེན་པོ་མེད་པར་རྒྱལ་བས་བཞེད།
གཟུངས་སྔགས་ཡི་གེ་དྲུག་མ་ནི་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་ཀྱིས་སྙིང་བོའི་ཡི་གེ་ལ། གཟུངས་སྔགས་ཀྱིས་ནི་བཟླས་པ་ན་ལྷ་ཉིད་མིང་ནས་བོས་པ་དང་མཚུངས་ལ། དད་པས་བཟླས་ན་བུ་གཅིག་པས་མ་འབོད་པ་ལྟར་ལགས་པས་མ་ཡིས་ཐུགས་རྗེའི་སྤྱན་གྱིས་མི་གཟིགས་ག་ལ་སྲིད་པས་ཅི་འདོད་ཀྱི་དངོས་གྲུབ་ཐམས་ཅད་མྱུར་དུ་སྟེར་རོ།། ཐོག་མར་གཟུངས་སྔགས་འདི་བཟླ་བ་ལ་སྐྱབས་འགྲོ་སེམས་བསྐྱེད་བྱ་བ་དང་། དེ་ནས་ཡི་དམ་གྱི་ལྷ་འཕགས་མཆོག་སྤྱན་རས་གཟུགས་དབང་ཡིད་ལ་བསྒོམ་ཅི་ཐུབ་དང་། དེའི་མཚོན་པའི་ཕྱག་རྒྱ། འདུག་སྟངས་དང་བཅས་འདི་ལྟར།
སྐྱོན་གྱི་མ་གོས་སྐུ་མདོག་དཀར།། རྫོགས་སངས་རྒྱས་ཀྱི་དབུ་ལ་བརྒྱན།། ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས།། སྤྱན་རས་གཟིགས་ལ་གསོལ་བ་འདེབས།།
ཨོཾ་མ་ཎི་པདྨེ་ཧཱུཾ།
༡.ཨོཾ་ནི་ཡི་གེ་དྲུག་མའི་ཐོག་མའི་ཡི་གེ་སྟེ། ཤེས་རབ་དང་བདེ་བའི་འབྱུང་གནས་ཡིན། སྒྲ་གདངས་ནི་ལྟེ་བ་སྟེ་སྤྲུལ་བའི་འཁོར་ལོ་ནས་རིམ་བཞིན་གྱེན་ཏུ་སྙིང་ཁ་ཆོས་ཀྱི་འཁོར་ལོ་ནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་བར་དུ་ཁ་གདངས་པ་ནས་ནན་གྱིས་བཙུམ་པ། སྣ་སྒྲ་སྦིར་སྦིར་གྱི་སྒྲ་གྱེན་ཏུ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་བར། དེ་ནས་ཕྱིར་ཁ་ནང་ནས་འཁོར་ཏེ་ཁ་སྣ་མིག་སོགས་སྒོ་བདུན་ནས་འབུལ་དགོས། གལ་ཏེ་མིག་ནད་ཡོད་ན་དམིགས་པ་མིག་ལ་གཏད་ནས་རླུང་གཏོང་དགོས། གལ་ཏེ་རྣ་འོད་པ་སོགས་ཐོས་འཛིན་ལ་སྒྲ་ཞུགས་ན་འདར་སྒྲ་རྣ་བར་བརྒྱུད་དེ་གཏོང་དགོས། གལ་ཏེ་སྣ་ནད་ཡོད་ན་སྣ་ཁུང་བརྒྱུད་དེ་གཏོང་དགོས། དེ་བཞིན་མགོ་ནད་ཀླད་རྒྱས། མགོ་ཡུ་འཁོར་བ། མགོ་ན་བའམ་མགོ་གཞོགས་ན་བ་གང་ཡིན་རུང་རླུང་གྱེན་དུ་མགོར་ཁྲིད་ནས་སླར་མར་བབས་ཏེ་གཏོང་དགོས། རྒྱུན་དུ་སྒྲ་གདངས་འདི་ལྟར་སྐྱོར་སྦྱང་བྱས་ན་མི་དེའི་མིག་གསལ་བ་དང་། རྣའི་ཚོར་བ་རྣོ་བའི་བྱེད་ནུས་གསོ་ཐུབ།
༢.མ་སྒྲ་འབྱིན་དུས་ཐོག་མར་མཆུ་སྦྱར་ཏེ་འབྱེད་དགོས། འགྲིན་པར་འདར་སྒྲ་དང་རྐན་ངོ་སྦྲིད་པ། སྒྲ་རླབས་དཔུང་བ་གཉིས་སུ་རྒྱུ་བ་དང་ལག་ངར་གཉིས་ཀ་སྦྲིད་པ་དགོས། མགྲིན་པའི་ནད་དང་གློ་བ་ལུ་བ། ཕྲག་ཞེང་ན་བ། ལག་དཔུང་ན་བ་སོགས་སེལ་ཐུབ།
༣.ཎི་ཡིག་གིས་སེམས་ཀྱི་རང་བཞིན་གསལ་བར་བྱེད་ལ་སེམས་ཀྱི་རང་བཞིན་འོད་གསལ་བ། སྒྲ་འབྱིན་དུས་ལག་པ་གཉིས་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་བྲང་གཞུང་ལ་འཁྱུད་པ། འདར་སྒྲ་ཀླད་པར་རྒྱུ་བ། ལྡོག་འཕྲོས་ཀྱིས་ལག་ངར་སྦྲིད་པ། འདི་ལྟར་ཡུན་རིང་བོར་སྐྱོར་སྦྱང་བྱས་ན་སྙིང་ནད་དང་ཀླད་ནད། གློ་ནད། ཁྲག་ཤེད་མཐོ་བ་སོགས་སྟོད་ནད་མཐའ་དག་སེལ་ལ། རྒྱུན་དུ་སྒྲ་འདི་སྦྱང་བས་སེམས་རྒྱ་དང་ཀླད་རྒྱ་བསྐྱེད་པ་དང་། མི་དགེ་བའི་འདུ་ཤེས་ལྷག་འཕྲོ་མཐའ་དག་སེལ་ཏེ་ཤེས་རབ་བསྐྱེད་པར་བྱེད་དོ།།
༤ .པད་ཡིག་ཀློག་དུས་ཐོག་མར་ཁ་བཙུམ་པ་དང་། རྗེས་སོར་ཁ་གདངས་དགོས། ལག་མཐིལ་གཉིས་ཕོ་བར་སྦྱར་ཏེ། ནང་རླུང་ལྟེ་བའི་སོར་བཞི་མན་དུ་རླུང་བུམ་བ་ཅན་སྡུད་པ་དང་ཕྱིར་གཏོང་དགོས། ལྟེ་བ་དང་སྒལ་གཞུང་དྲོད་སྣང་རྒྱས་ཤིང་རྐེད་པ་ན་བ་དང་། མཁལ་མ་ན་བ། སྒལ་ཚིགས་ན་བ་གསོ་ཐུབ། རྒྱུན་དུ་སྒྲ་འདིར་སྦྱངས་ན་རུས་པའི་ནང་བཅུད་གསོ་བ་དང། མི་ལུས་སྟོབས་ཤུགས་རྒྱས་པ་དང་སེམས་ཤུགས་གསོ་ཐུབ། གཞན་ཐུན་མོང་དངོས་གྲུབ་ལ་དབང་འབྱོར་བར་སྒོ་མོ་འབྱེད་པའོ།།
༥.མེ་ཡིས་སྒྲ་འབྱིན་དུས་ཁ་ཅུང་ཟད་གདངས་པ་དང་། ལྕེ་གཏིང་ནས་སྒྲ་ཐུར་དུ་རྒྱུ་བ་དང་རྩ་འཁོར་བསྐྱོད་དང་ཕོ་ཁ་འདར་བའི་ཉམས་སྣང་སྟེར། གཙོ་ཆེར་སྨད་ནད་གསོ་བ་དང། མཆིན་ནད། རྒྱུ་ནད། བཤལ་ནད། མཆིན་སྐྲན་སོགས་གསོ་ཐུབ།
༦.ཧཱུཾ་ཧྲཱི་ཡིག་སྒྲ་གདངས་འབྱིན་དུས་རྐང་མཐིལ་ནས་ཡར་རིམ་བཞིན་ལྟེ་བ། མཆིན་པ། གློ་བ་བརྒྱུད་དེ་མགྲིན་པ་ཁ་སྒོ་ནས་གཏོང་དགོས། གཙོ་ཆེར་རྐང་བ་ན་བ་དང་ཚིགས་རུས་ན་བ་སེལ་ཐུབ། སྒྲ་བསྡུ་བའི་ནུས་པའང་འདོན་པ་ཡིན་ནོ།།
འདི་ལྟར་གཟུངས་མཆོག་ཡི་གེ་དྲུག་མའི་ཐུན་མོང་དང་ཐུན་མོང་གི་གོ་དོན་དང་ཕན་ནུས་ཕྱི་ནང་གསང་གསུམ་སོགས་ཟབ་ཡངས་རྒྱ་མཚོའི་འཇིང་ལྟར་དཔག་དཀའ་བ། རྒྱལ་བ་སྲས་བཅས་ཀྱིས་བྱིན་གྱིས་རླབས་པའི་གཟུངས་སྔགས་འདི་ལ་ཕྱོགས་རེ་བའི་གོ་བ་ལེན་པ་དང་། དོན་གཞན་དང་གཞན་དུ་ལོག་འགྲེལ་བྱེད་པ། ལྟ་བ་ལོག་པར་འཛིན་པས་རང་བཞིན་གཉིས་ཕུང་དང་མི་རིགས་མཐུན་སྒྲིལ་ལ་འགལ་མེའི་འཕྲུལ་འཁོར་བསྐོར་བ་ལས་གཞན་དུ་མ་མཆིས་པས་གཟབ་པར་འཚལ་ཞེས་གྲོས་སུ་འདེབས་པ་ལས། རང་བློ་ཤེས་བྱའི་ན་ཕྲ་བས་ནོར་འཁྲུལ་དང་འགལ་བ་ཅི་མཆིས་མཁས་པའི་སྤྱན་སྔར་བཤགས།
ཞེས་པ་འདི་ནི༡༩༩༡ལོར་བདག་གིས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་གནའ་རྩོམ་ཞིབ་འཇུག་སློབ་མ་འདོན་སྐབས་མ་ཎི་ཡི་གེ་དྲུག་མ་ལ་ཉེས་བཤད་ལོག་བཤད་སྤེལ་བའི་རྩོམ་ཞིག་རྒྱའི་དུས་དེབ་ཞིག་ཏུ་སྤེལ་བ་མཐོང་བས་ཕྲལ་མར་བྲིས་པ་དགེའོ༎

0 comments:

ཟིན་བྲིས་འཚོལ་ཡུལ