དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 28 March 2014
བཙན་པོའི་དུས་སྐབས་ཀྱི་རྩོམ་རིག་ལ་ཆེས་མངོན་གསལ་གྱི་ཁྱད་ཆོས་ཅི་ཡོད།།
རྒྱལ་སྲས་ཚང་གིས།
༄༅།།སྤུར་རྒྱལ་བཙན་པོའི་དུས་སྐབས་ནི་ད་སྔ་ཡན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་ཆབ་སྲིད། དཔལ་འབྱོར། དམག་དོན། རིག་གཞུང་། རྩོམ་རིགས་སོགས་ཕྱོགས་གང་ཐད་ནས་གྲུབ་འབྲས་མངོན་གསལ་ལྡན་པའི་དུས་རབས་འཕེལ་རྒྱས་ཅན་ཞིག་ཡིན་པས། རྡོ་རིང་ཡི་གེ་དུའང་རྒྱ་ནག་ཐང་རྒྱལ་རབས་དང༼གྲོགས་ཀྱི་དོ་དང་འཐབ་ཀྱི་ཟླར་རུང་བའི་རྒྱལ་ཁབ་སྟོབས་ལྡན་ཞིག༽ཡིན་ཞེས་གསལ་བ་ལྟར་ལགས།
འདི་ནས་བདག་གིས་བཙན་པོའི་དུས་སྐབས༼སྤྱི་ལོ633ནི་སྲོང་བཙན་སྒམ་པོའི་སྲིད་བསྐྱངས་པའི་ལོ་དང་། སྤྱི་ལོ842གླང་དར་མ་འདས་པའི་ལོ་ལ་གོ༽ཀྱི་རྩོམ་རིག་ལ་ཆེས་མངོན་གསལ་གྱི་ཁྱད་ཆོས་ཅི་འདྲ་ཡོད་པ་ཆེ་ལོང་ཙམ་དཔྱད་ན།
དང་བོ། མགུར་མ།

༡.ཚེག་བར་དོ་མཉམ་པའི་གཏན་ཆགས་ཀྱི་རྣམ་པ་ཐོག་མར་བྱུང་བ།
རྩོམ་རིག་བྱུང་འཕེལ་ལོ་རྒྱུས་ཀྱི་གོ་རིམ་ཁྲོད་ཕྱི་མས་སྔ་མ་རྒྱུད་འཛིན་དང་གསར་གཏོད་བྱུང་བའི་ཆོས་ཉིད་དང་མཐུན་པར་བཙན་པོའི་དུས་སྐབས་ཀྱི་མགུར་གླུ་ལའང་རྐྱེན་མེད་པར་གློ་བུར་དུ་བརྡོལ་བ་ཞིག་གཏན་ནས་མིན། དཔེར་ན། རྒྱལ་རབས་དགུ་བ་སྤུ་དེ་གུང་རྒྱལ་གྱིས་བླངས་པའི་མགུར། ལ་བ་ཉི་ཉེ་བས་ཉིད། བྱ་རོ་རོ་ན་མདུང་གི་རྩེ་རང་ནིག ཡོས་རོ་རོན་ལྷམ་གྱི་གོང་ར་ནིག བརླའ་བརྡུངས། སྤུར་བཏབ། འོབ་དེ་མྱེད་སྤུ་དེ་མྱེད། བཙན་པོས་བླངས་པའི་མགུར་འདི་ནི་བོད་ཀྱི་ཡིག་ཐོག་ཏུ་བཀོད་ཡོད་པའི་ཆེས་སྔ་བའི་མགུར་གླུ་ཞིག་ཡིན། ༼ད་ལྟ་འདི་ལས་སྔ་བ་རྙེད་པ་མ་བྱུང༽འདིའི་ཁྱད་ཆོས་ནི། ཚིག་ལ་རིང་ཐུང་ཡོད་ཀྱང་བཏོན་ན་བདེ་བ། གཅོད་མཚམས་གསལ་བ། དཔེ་དོན་ཉམས་ཆེ་བ་ཞིག་ཡིན། ཚིག་རྐང་དོ་མཉམ་མིན་གྱི་ཆ་ནས་བཤད་ན། སྤྱིར་ཚིག་རྐང་དོ་མཉམ་ཙམ་གྱི་རྨང་གཞི་བརྟན་པོ་ཞིག་ཡོད་དེ། ཚིག་རྐང་དང་བོ་དང་དྲུག་པ་གཉིས་དོ་མཉམཔ་དང་། ཚིག་རྐང་བཞི་བ་དང་ལྔ་བ་གཉིས་དོ་མཉམ་པ་ཡིན་ནོ།། རྒྱལ་རབས་སུམ་ཅུ་བ་སྟག་རི་གཉན་གཟིགས་དུས་ཀྱི་བློན་པོ་མྱང་ཙེང་སྐུས་བླངས་པའི་མགུར་དུ། ཆབ་ཆབ་ནི་ཕ་རོལ་ན། ཡར་ཆབ་ནི་ཕ་རོལ་ན། མྱིའི་བུ་ནི་མྱིའི་བུ་སྟེ། ལྷ་ཡི་ནི་སྲས་པོ་བཞུགས། རྗེ་བདེན་གྱིས་ནི་བཀོལ་དུ་དགའ། སྒ་བདེན་གྱིས་ནི་གཏན་དུ་དགའ། ཞེས་སྔོན་མའི་མགུར་ལས་ཚིག་རྐང་ལ་གཏན་ཆགས་ཀྱི་རྣམ་པ་ཆེ་ཙམ་བྱུང་ཡོད། ཚིག་རྐང་དང་བོ་དང་གཉིས་པ། གསུམ་པ། བཞི་བ་ནི་ཚེག་བར་དྲུག་མའི་ཚིག་རྐང་དོ་མཉམ་པ་ཞིག་ཡིན་ལ། ཚིག་རྐང་ལྔ་བ་དང་དྲུག་པ་གཉིས་ཚེག་བར་བདུན་ཅན་ཞིག་རེད། བཙན་པོའི་དུས་སྐབས་སུ་རྒྱལ་བོ་སྲོང་བཙན་སྒམ་པོས་བློན་པོ་དབའ་དབྱི་ཚབ་ལ་བྲོ་ཚིག་ཏུ་བླངས་པའི་མགུར་མ་ཞིག་ཏུ། ཡར་མོ་ནི་ཆུ་ཐུངས་ཀྱིས། མདོ་ནས་ནི་རྩང་དུ་བསྲིངས། ཡར་མོ་ནི་ཞིང་ཆུངས་ཀྱིས། ལྷོ་ནས་ནི་བྱང་དུ་བསྐྱེད། འཐམ་འཐམ་ནི་འདུ་འདུ་ན། ངག་རྗེས་ནི་མྱིས་མྱི་བརྗོད། འགྲོ་འགྲོ་ནི་འཆམ་འཆམ་ན། ཆགས་ལྷམ་ནི་ཆུས་མྱི་སྣང་། ད་ནས་ནི་ཕན་ཆད་དུ། ཁྱོད་ཀྱིས་ནི་ང་མ་གཏང་། དགུང་མཐའ་ནི་སྲུང་དུ་རུང་། ཁྱོད་ཀྱིས་ནི་ང་གཏང་ན། ངས་པོ་ནི་རྨད་དུ་རུང་། བློན་པོ་དབའ་ཚབ་ཀྱིས་བཙན་པོ་ལ་སླར་ཕུལ་བའི་མགུར་ནང་། བཚན་དུ་ནི་བདག་འཚལ་ན། ཆུང་ན་ནི་རྗེ་ཁུར་ཆིག ཕྱག་ཏུ་ནི་བདག་འཚལ་ན། ལྷ་རི་ནི་གཡང་སྐྱོང་ཤིག རྗེ་འིས་ནི་བཀའ་སྩལ་ན། གཞའ་མ་ནི་ཡུང་ཀྱི་སྲིད། བྱ་འིས་ནི་ཞུ་པུབ་ན། ལ་ཕྱི་ནི་གདང་སུ་དྲོ། ཞེས་པ་ལྟ་བུའོ།།
གོང་གི་རྣམ་གསལ་གྱི་དཔེ་རུ་དྲངས་པའི་མགུར་ཚིག་དེ་དག་ལས་ང་ཚོས་ཤེས་པ་ནི་རྒྱལ་རབས་དགུ་བ་སྤུ་དེ་གུང་རྒྱལ་སྐབས་ཀྱི་མགུར་ཚིག་ལ་སྤྱིར་རིང་ཐུང་གི་ཆ་ཡོད་པས་གཏན་ཆགས་ཤིག་མིན་མོད། འོན་ཀྱང་། ཚིག་རྐང་གཉིས་རེ་གཉིས་རེ་ཆ་མཉམ་ཞིང་། ཕྱི་མས་སྔ་མར་རྒྱུན་འཛིན་གྱི་རྩོམ་རིག་འཕེལ་རྒྱས་ཆོས་ཉིད་དང་མཐུན་པར་བཙན་པོའི་དུས་སྐབས་ཀྱི་མགུར་ཚིག་ཕལ་ཆེར་ལྷ་སའི་གཞས་ཚིག་གི་ཡི་གེ་དྲུག་ཅན་དོ་མཉམ་པའི་གཏན་ཆགས་ཀྱི་རྣམ་པ་ཞིག་ཏུ་གྱུར་ཡོད། ཟུར་དུ་རྟོགས་རྒྱུ་ཞིག་ལ། ད་ལྟའི་ལྷ་སའི་གཞས་ཚིག་རྐང་གཅིག་ལ་ཡི་གེ་དྲུག་ཅན་ཡིན་མོད། ཁས་ལེན་སྐབས་ཚིག་ཀ་གཉིས་རེ་ལེན་དགོས། བཙན་པོའི་དུས་སྐབས་ཀྱི་མགུར་ཚིག་རྣམས་ཀྱི་ཚིག་རྐང་གཅིག་ལ་ཡི་གེ་དྲུག་པ་གཏན་ཆགས་སུ་གྱུར་ཡོད་མོད། ཚིག་ལེན་སྐབས་ཕལ་ཆེར་ཚིག་ཀ་གསུམ་ལེན་དགོས།
༢.ཀྱེ་ཞེས་པའི་འབོད་སྒྲའི་ཚིག་དངོས་སུ་བྱུང་བ། 
སྲོང་བཙན་གྱི་སྲིང་མོ་སད་མ་ཀར་གྱི་གླུ་ཚིག་ལས། ཀྱེ་བྱང་འབྲོང་ནི་ཡ་པི་ན། ཕོ་མའི་ནི་འབྲོང་གཆིག་པ། བྱང་འབྲོག་ནི་འབྲོང་དགུམ་ན། པུ་ནས་ནི་ཁུས་འདེབས་པ། ལྡོང་ཏོང་ནི་འཕན་གྱིས་འཐོབ། ཞེས་པ་ལྟ་བུ་དང་། 
བཙན་པོ་སྲོང་བཙན་གྱིས་བློན་པོ་མགུར་གྱི་བྱས་རྗེས་ལ་བསྟོད་པའི་མགུར་གླུ་ལས། ཀྱེ་རྗེ་འི་ནི་མཚན་པ་འདི། ཁྲི་འི་ནི་སྲོང་བརྩན་ཞིག བློན་གྱི་ནི་མྱིང་བ་འདི། སྟོང་བརྩན་ཡུལ་ཟུང་ཞིག། ཅེས་པ་ལྟ་བུ་དང་། རྒྱལ་རབས་སོ་ལྔ་བ་འདུས་སྲོང་མང་བོ་རྗེ་ནས་མགུར་ཁྲི་འབྲིངས་པའི་མགུར་དུ། ཀྱེ་དེ་རིང་ནི་སང་ལྟ་ན། དོག་སྲིང་ནི་སྤུར་བུ་ཡིས། བྱ་ལྟར་ནི་བཙོས་བཙོས་ཏེ། གནམ་དུ་ནི་འཕུར་འདོད་ཀྱང་། འཕུར་དུ་ནི་འདབ་མ་མཆིས། ཞེས་པ་ལྟ་བུའི་ཀྱེ། ཞེས་པ་ནི་འབོད་པའི་སྒྲ་ཞིག་ཡིན་ལ། བཙན་པོའི་ཡར་སྔོན་གྱི་མགུར་གླུའི་ནང་དུ་འབོད་སྒྲའི་ཚིག་འདི་བྱུང་ཡོད་པ་ད་སྔ་མ་མཐོང་ལ། བཙན་པོའི་དུས་སྐབས་ཀྱི་མགུར་དུ་ཀྱེ་ཞེས་པའི་འབོད་སྒྲའི་ཚིག་འདི་བཀོལ་བ་ཅུང་ཟད་ཁྱབ་ཆེ་བ་གོང་གི་རྣམ་གསལ་གྱི་དཔེ་བརྗོད་དེ་དག་ལས་ཀྱང་རྟོགས་སླ་བས། འདི་ཡང་གཙན་པོའི་དུས་སྐབས་ཀྱི་མགུར་གླུའི་ཁྱད་ཆོས་སུ་འདོད་ལ། ད་ལྟ་ཡོངས་གྲགས་སུའང་ཀྱེ་ལ་སོགས་པའི་འབོད་སྒྲའི་ཚིག་ནི་མགུར་རང་གི་ཐུན་མོང་མ་ཡིན་པའི་རྒྱན་དུ་གོ།
མདོར་ན། བཙན་པོའི་དུས་སྐབས་ཀྱི་མགུར་གླུ་ལ་ཆེས་མངོན་གསལ་གྱི་ཁྱད་ཆོས་གཉིས་ལྡན་པ། 
གཅིག མགུར་ལ་ཚེག་བར་དོ་མཉམ་པའི་གཏན་ཆགས་ཀྱི་རྣམ་པ་ཐོག་མར་བྱུང་། 
གཉིས། ཀྱེ་ཞེས་པའི་འབོད་སྒྲའི་ཚིག་དངོས་སུ་བཀོལ་སྤྱོད་བྱུང་བའོ།།
 
གཉིས་པ། ཡིག་ཐོག་གི་སྙན་ངག་བྱུང་བ།
བོད་ཀྱི་ལོ་རྒྱུས་ཡིག་ཚང་དུ་ཡོངས་གྲགས་ལྟར་ན་རྒྱལ་རབས་སོ་གཉིས་པ་སྲོང་བཙན་སྒམ་པོའི་རིང་ལ་བློན་པོ་ཐོན་མི་སམ་བྷོ་ཊས་རྒྱ་གར་གྱི་ཡི་གེ་ན་ག་རར་དཔེ་བླངས་ནས་བོད་རང་གི་སྐད་དང་མཐུན་པའི་སྒྲ་སྦྱོར་གྱི་ཡི་གེ་གསར་གཏོད་བྱས་ཏེ། ཐོན་མིའི་ཡིག་ཕུད་དུ་འབོད་པ་དེ་རྒྱལ་བོ་ལ་ཕུལ་བར་གྲགས་པ་དང་། སྙན་རྩོམ་འདི་ནི་ད་ལྟ་ལྷ་སའི་བྱང་ཕྱོགས་ཀྱི་བཙུན་མོའི་ཚལ་གྱི་བྲག་སྟེང་ན་བརྐོས་འདུག་ཅེས་པ་སློབ་དཔོན་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་དངོས་སུ་མཐོང་བར་གསུངས་ལ། ཤོ་ལོ་ཀ་འདི་དངོས་གནས་སྲོང་བཙན་གྱི་རིང་ལ་བྱུང་བ་ཡིན་ཕྱིན། བདག་གིས་འདི་ནི་བོད་ཀྱི་ཡིག་ཐོག་གི་སྙན་ངག་ཐོག་མ་ཡིན་ཞེས་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲ་བར་སྤོབས།
ཐོན་མིའི་ཡིག་ཕུད། ཞལ་རས་གསར་ལ་རང་མདངས་གང་བ་བཟང་།། གདམས་ངག་ཟབ་ལམ་མ་ཆད་ཐ་དད་རང་།། ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ།། འཕགས་པ་མ་ཕམ་ཡང་དག་དམ་པ་ལགས།། ཞེས་ཚིག་དོན་ཟབ་ཅིང་བརྡ་སྤྲོད་ཀྱི་གཞུང་དང་མཐུན་པ། སྙན་ངག་ལས་ཀྱང་བྱ་དཀའ་བའི་སྙན་ངག་དབྱངས་ཨ་ངེས་པ་ཡིན་པས་སོ།།
ཟུར་དུ་བཤད་རྒྱུ་ཞིག་ལ། ཐོན་མི་ཞེས་པ་ནི་ད་ལྟ་གཙང་ས་ཆའི་རུས་ཤིག་རེད། སམ་བྷོ་ཊ་ནི་བོད་ཡང་དག་པ་སྟེ་རྒྱ་གར་སྐད། ངག་རྒྱུན་ལ་སྲོང་བཙན་སྒམ་པོའི་བློན་གྲགས་ཆེན་ཞིག་ཡིན་པ་དང་། རྒྱ་བཟའ་བལ་བཟའ་བསུ་སྐབས་ཀྱང་ཡོད་པར་བཤད་པ་ལ། བོད་ཀྱི་ལོ་རྒྱུས་ལ་དཔྱོད་པ་ཚོས་ཐོན་མི་ཞེས་བློན་པོ་གྲགས་ཆེན་ཞིག་ཡིན་ན་ལོ་རྒྱུས་ཡིག་ཚང་དང་རྡོ་རིང་ཡི་གེ་སོགས་གང་ན་ཡང་མེད་པས་ལོ་རྒྱུས་སྟེང་དངོས་གནས་བྱོན་ཡོད་མེད་ལ་ཐེ་ཚོམ་ཆེ། གང་ལྟར་ཀྱང་ང་ཚོས་མི་སྣ་འདི་འདྲ་ཞིག་ལོ་རྒྱུས་ཐོག་དངོས་གནས་བྱུང་ཡོད་མེད་ཐག་བཅད་མེད་པ་ཁས་ལེན་དགོས་ཏེ། ལོ་རྒྱུས་གྱི་གདེང་འཇོག་ཅིག་མཛད་ནའང་འདི་ལྟར། བོད་ཀྱི་ཡི་གེའི་སྲོལ་འབྱེད།། བརྡ་སྤྲོད་སྨྲ་བའི་དབང་བོ།། སྐད་གཉིས་སྨྲ་བའི་བདག་ཉིད།། མཚུངས་མེད་སྙན་ངག་མཁན་པོ།། ཕྱིས་ཀྱི་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ༼སྤྱི་ལོ793ནས775༽བླུགས་པའི་ལྷ་སའི་ཤར་ངོས་ཀྱི་དགོན་པ་བྲག་ཡེར་བ་ཞེས་པའི་ནང་གི་དྲིལ་བུ་ཞིག་གི་ཁ་བྱང་དུ། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་།། བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད།། བཟང་བོ་སྤྱོད་པ་རྣམ་པར་སྦྱང་བ་ཡང་།། མ་འོངས་བསྐལ་བ་ཀུན་ཏུ་སྤྱད་པར་བགྱི།། ཞེས་པའི་ཤོ་ལོ་ཀ་འདི་སྔ་ཤོས་སུ་འདོད།
 
གསུམ་པ། ཡིག་སྒྱུར་གྱི་བྱ་བ་རྒྱ་ཆེར་དར་བ།
སྤྱིར་ཡིག་སྒྱུར་གྱི་བྱ་བ་ནི་བོད་རང་གི་སྐད་དང་མཐུན་པའི་ཡི་གེ་བྱུང་ནས་བཟུང་དུས་སྐབས་གང་དང་གང་ལ་ཡང་མཚམས་མ་ཆད་པར་སྤེལ་བ་ཡིན་མོད། འོན་ཀྱང་། ཡིག་སྒྱུར་གྱི་བྱ་བའི་མགོ་ཚུགས་པ་དང་དར་རྒྱས་ཆེ་བའི་དུས་སྐབས་ནི་བཙན་པོའི་དུས་སྐབས་ཡིན་པར་འདོད།
ཐོན་མིས་བོད་ཡིག་གསར་དུ་བསྐྲུན་པའི་ལོ་ཕལ་ཆེར་སྤྱི་ལོ646ཡིན་པར་སེམས། རྒྱུ་མཚན་ནི། སྤྱི་ལོ633ལོར་བཙན་པོ་སྲོང་བཙན་ཁྲིར་བཞུགས་པ་དང་མཉམ་དུ་རྒྱ་གར་ལ་བློན་པོའི་བུ་བློ་རྣོ་བ་བཅུ་ཙམ་མངགས་པར་བཤད་པ་དང་། སྤྱིར་བཏང་བཤད་རྒྱུན་ལ་ཐོན་མི་རྒྱ་གར་ནས་ལོ་བདུན་བཞུགས་པ་རྒྱུ་མཚན་དུ་བྱས་ན་ཕར་འགྲོ་ཚུར་ཡོང་གི་དུས་ཚོད་བརྩིས། ཕྱིར་ཡོང་ནས་རྒྱལ་བོས་བསྐུལ་མ་མཛད་དེ་བོད་ཡིག་གསར་བཟོ་དང་གཏན་འཁེལ་བྱས་པའི་ལོ་ཕལ་ཆེར་སྤྱི་ལོ646ཡིན་པར་འདོད། ཐོན་མིས་བོད་ཡིག་གསར་བཟོ་མཛད་དེ་ལྷ་ཐོ་ཐོ་རི་སྙན་བཙན་སྐབས་ཀྱི་རྒྱ་གར་ནས་ཁྱེར་ཡོང་བའི་གཞུང་མདོ་སྡེ་ཟ་མ་ཏོག་ལ་སོགས་པའི་གཉན་པོ་གསང་བ་བོད་ཀྱི་ཡིག་ཐོག་ཏུ་བསྒྱུར་བ་ནས་བཟུང་ཁྲི་རལ་བ་ཅན་གྱི་རིང་མིང་དུ་གྲགས་པའི་ལོ་ཙཱ་བ་ཆེན་མོ་ཉི་ཤུ་ལྷག་མཐོང་དུ་ཡོད་པ་དང་། སྦ་བཞེད་ལས༼རྒྱ་གར་གྱི་བི་མ་ལ་མི་ཏྲ་ལ་སོགས་པའི་པཎྚི་ཏ་སྤྱན་དྲངས་ཏེ་ཡེ་ཤེས་དབང་བོ་སོགས་ཀྱིས་ལོ་ཙཱ་བ་བྱས་ནས་རྒྱ་གཞུང་བསྒྱུར། རྒྱ་ནག་གི་ཧྭ་ཤང་མ་ཞང་མ་ཀོ་ལེ་སོགས་ཀྱང་དྲངས་ཤིང་བྲན་ཀ་ལེགས་ཀོང་ལྷ་ལུང་ཀླུ་གོང་འགོ་གོམ་དབུལ་གོང་སོགས་ཀྱིས་ལོ་ཙཱ་བྱས་ཏེ་རྒྱ་ནག་གི་བསྟན་བཅོས་བསྒྱུར༽ཅེས་པས་ང་ཚོས་དུས་དེར་རྒྱ་གར་དང་བོད་ཀྱི་སྐད་ཤེས་མཁན་གྱི་ལོ་ཙཱ་བ་ཡོད་ལ། ད་རུང་རྒྱ་ནག་དང་བོད་ཀྱི་སྐད་ཤེས་མཁན་གྱི་ལོ་ཙཱ་བ་ཡོད་པའི་ཚད་དུ་ཐོན་འདུག་པ་ཤེས་ཐུབ་ཅིང་། འདི་ལྟ་བུའི་འཕེལ་རྒྱས་ཀྱི་དུས་སྐབས་ལ་བོད་ཀྱི་ལོ་རྒྱུས་སྟེང་ལོ་ཙཱ་བ་རྒན་གསུམ་ཞེས། བཻ་རོ་ཙ་ན། ལྡན་མ་རྩེ་མང་། ཁ་ཆེ་ཨ་ནན་ཏ་དང་། བར་གསུམ་ཞེས་གཉགས་ཛྙཱ་ན་ཀུ་མ་ར། འཁོན་ཀླུའི་དབང་བོ། རྨ་རིན་ཆེན་མཆོག་དང་། གཞོན་གསུམ་ཞེས་སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན་དང་ཞང་ཡེ་ཤེས་སྡེ་ཞེས་མིང་དུ་གྲགས་པའི་ལོ་ཙཱ་བ་རྒན་གཞོན་བར་གསུམ་ཡོད་ལ། ལྷག་པར་དུ་ཁྲི་སྲོང་ལྡེ་བཙན་རིང་བསམ་ཡས་ཀྱི་དགོན་པ་བཞེངས་ཏེ་ཡིག་སྒྱུར་གྱི་སྡེ་བཙུགས་པས་རྒྱ་གར་གྱི་རྩོམ་རིག་ཀྱང་མང་བོ་ཞིག་བོད་དུ་བསྒྱུར་ཡོད་དེ། དཔེར་ན། མགོན་པོ་ཀླུ་སྒྲུབ་ཀྱི༼ཤེས་རབ་བརྒྱ་བ༽༼གཏམ་རིན་པོ་ཆེའི་ཕྲེང་བ༽༼ཤེས་རབ་སྡོང་བུ༽༼སྐྱེ་བོ་གསོ་ཐིགས༽མཐོ་བཙུན་གྲུབ་རྗེའི༼ཁྱད་པར་འཕགས་བསྟོད༽དང་བདེ་བྱེད་བདག་པོའི༼ལྷ་ལས་ཕུལ་བྱུང༽དང༼མདོ་མཛངས་བླུན༽ལ་སོགས་པའི་ལེགས་བཤད། བསྟོད་པ། གཏམ་རྒྱུད་མང་བོ་ལ་བརྟེན་ནས་བོད་ཀྱི་རྩོམ་རིག་གམ་བཙན་པོའི་དུས་རབས་ཀྱི་རྩོམ་རིག་ལ་སྐུལ་འདེད་དང་ཤན་ཤུགས་ཐེབས་འདུག་པ་དཔེར་ན།
༼ཤེས་རབ་སྡོང་བུ༽ལས། གང་ལ་བློ་ཡོད་དེ་སྟོབས་ལྡན།། བློ་མེད་སྟོབས་ཀྱིས་ཅི་ཞིག་བྱ།། ཅི་ཞིག་སེང་གེ་སྟོབས་དང་ལྡན།། རི་བོང་གིས་ནི་སྲོག་དང་ཕྲལ།། ཅེས་དང་།
༼ས་སྐྱ་ལེགས་བཤད༽ལས། བློ་དང་ལྡན་ན་ཉམ་ཆུང་ཡང་།། སྟོབས་ལྡན་དགྲ་བོས་ཅི་བྱར་ཡོད།། སེང་གེའི་རྒྱལ་བོ་སྟོབས་ལྡན་ཡང་།། རི་བོང་བློ་དང་ལྡན་པས་བསད།། ཅེས་པ་ལྟ་བུ། 
ཡང་། ༼ཤེས་རབ་སྡོང་བུ༽ལས། དམ་པ་རིང་ན་གནས་གྱུར་ཀྱང་།། ཡོན་ཏན་ཕོ་ཉ་ཉིད་བྱེད་དོ།། ཀེ་ཧ་ཀ་ཡི་དྲི་མནམས་ནས།། བུང་བུ་རང་ཉིད་འོང་བར་འགྱུར།། ཞེས་དང་། 
༼ས་སྐྱ་ལེགས་བཤད༽ལས། ཡོན་ཏན་ལྡན་ན་སྐྱེ་བོ་ཀུན།། མ་བསྡུས་པར་ཡང་རང་ཉིད་འདུ།། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་།། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར།། ཞེས་པ་ལྟ་བུས། ས་སྐྱ་ཀུན་དགའ་རྒྱལ་མཚན་གྱི༼ས་སྐྱ་ལེགས་བཤད༽འབྲི་སྐབས་དཔེ་བལྟ་ས་གོང་གི་ལེགས་བཤད་དེ་དག་རེད། དེ་བས་ཁོང་གི་རྩོམ་སྟངས། དཔེ་འཇོག་སྟངས། ནང་དོན་གང་གི་ཆ་ལའང་ཤན་ཞུགས་ཐེབས་འདུག
དེ་ཡང༼ས་སྐྱ་བཀའ་འབུམ.ན་དུམ.ས་སྐྱ་པཎྚི་ཏའི་རྣམ་ཐར༽༼སྡེ་དགེའི་ཤིང་དཔར P219༽ནང་དུ༼འཇིག་རྟེན་གྱི་བྱ་བ་དང་། བ་སུ་རཀྵ་དང་། ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་ལ་སོགས་པ་དང་། སྐྱེ་བོ་གསོ་བ་ལ་སོགས་པ་མང་དུ་རྗེ་བཙུན་རིན་པོ་ཆེ་ལས་གསན་ཅིང་བྱང་བར་མཛད་དོ༽ཞེས་ཟིན་བྲིས་ཡོད་པ་ལྟར་རྒྱ་གར་གྱི་གཞུང་མང་བསྒྱུར་བ་ལ་བརྟེན་ནས་དུས་རབས་བཅུ་གསུམ་པའི་ནང་ལ༼ལེགས་པར་བཤད་པ་རིན་པོ་ཆེའི་གཏེར༽ཞེས་འཛམ་གླིང་ན་སྙན་གྲགས་ལྡིར་བའི་བསྟན་བཅོས་དེ་མཛད། བསྟན་བཅོས་དེའི་ནང་དུ་ཁོང་གིས་རྒྱ་གར་གྱི་ལུགས་ཀྱི་བསྟན་བཅོས་དག་གི་ལེགས་ཆ་བསྡུས་ཏེ། གཞི་རྩའི་ཐོག་དེ་དག་དང་འགྲོས་མཚུངས་པར་བྱས་པའི་ཁར་ཚིག་སྦྱོར་སྤེལ་ཚུལ་དང་། ཚིག་རྒྱན་སྦྱོར་ཚུལ་སོགས་ལ་རང་གི་ཁྱད་ཆོས་ཡོད་པར་བྱས་ནས། རྒྱ་གར་གྱི་ལུགས་ཀྱི་བསྟན་བཅོས་དང་བསྡུར་ནས་ཐུན་མོང་མ་ཡིན་པའི་སྒྲིག་སྲོལ་གཏན་ཆགས་ཡོད་པའི་རྩོམ་རིག་གི་ལུས་ཤིག་གཏན་ལ་ཕབ། དེ་ནས་བཟུང་སྟེ་ས་པཎ་གྱིས་བོད་ཀྱི་རྩོམ་རིག་ལ་ལུས་ཀྱི་རྣམ་གྲངས་གསར་བ་ཞིག་ཁ་སྣོན་བརྒྱབ་ཅིང་། ལེགས་བཤད་ཅེས་པ་འང་རིམ་གྱིས་བོད་ཀྱི་རྩོམ་ལུས་ཤིག་གི་མིང་དུ་ཆགས་པ་འདི་ཙམ་ལས་ཀྱང་བཙན་པོའི་དུས་སྐབས་ཀྱི་རྩོམ་སྒྱུར་བྱ་བས་བོད་ཀྱི་རྩོམ་རིག་ལ་ཤན་ཤུགས་དང་སྐུལ་འདེད་ཀྱི་ནུས་པ་རྒྱ་ཆེན་ཐེབས་ཡོད་པ་ང་ཚོས་རྟོགས་ཐུབ།
 
བཞི་བ། ཚིག་ལྷུག་གི་བསྟན་བཅོས་ཐོག་མ༼སྦ་བཞེད༽བྱུང་བ།
སྤྱིར་ཚིག་ལྷུག༼ཚིགས་བཅད་མ་ཡིན་པའི་ཚིག་ལྷུག་ཐམས་ཅད་ལ་གོ༽གི་སྐོར་བཙན་པོའི་དུས་སྐབས་བྱུང་བ་ནི་རྡོ་རིང་གི་ཡི་གེ་དང་བྲག་བརྐོས་ཀྱི་ཡི་གེའི་སྟེང་ནས་ཤེས་ཐུབ་ལ། ནང་སྒོས་སུ་བོད་ཀྱི་ཚིག་ལྷུག་གི་ཆ་ཚང་བའི་བསྟན་བཅོས་ཀྱི་ཐོག་མ༼སྦ་བཞེད༽བྱུང་ཞིང་། བསྟན་བཅོས་འདིའི་རྩོམ་པ་བོ་ནི་སྦ་གསལ་སྣང་ཡིན་ལ། ནང་དོན་གྱི་ཆ་ནས་ལོ་རྒྱུས་ཏེ་གཙོ་བོ་བསམ་ཡས་བཞེངས་པའི་སྐོར་བཤད་ཡོད་པས༼བསམ་ཡས་བཀའ་ཐང༽ཞེས་ཀྱང་འབོད། སྤ་གསལ་སྣང་ནི༼སྤྱི་ལོ755ནས797༽རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཞིག་ཡིན།
འོ་ན་ལོ་རྒྱུས་ཀྱི་བསྟན་བཅོས་འདི་ཅིའི་ཕྱིར་རྩོམ་རིག་གི་གྲལ་དུ་བཞག་ཅེ་ན། ཐོན་མིའི་ཡི་གེ་བཟོས་པ་ནས་བཟུང་སྔོན་བྱོན་ལོ་ཙཱ་བ་དང་། མཁས་པ་རྣམས་ཀྱིས་ཚིག་ལྷུག་གི་རྡོ་རིང་ཡི་གེ་དང་བྲག་བརྐོས་ཡི་གེ་ལྟ་བུ་ཅུང་ཟད་བྱུང་ཡོད་མོད། འོན་ཀྱང་། ཆེས་ཐོག་མའི་ཚིག་ལྷུག་གི་བསྟན་བཅོས་ཆ་ཚང་བ་རྩོམ་པ་བོ་ནི་འདི་མ་གཏོགས་བྱོན་མེད་ལ། འདི་ལས་ང་ཚོས་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བ་དང་། སྐད་ཆ། ཚིག་ལྷུག་གི་འབྲི་སྟངས་ཤེས་ཐུབ་པས་སྐད་ཆའི་སྒྱུ་རྩལ་གྱི་ཆ་ནས་རྩོམ་རིག་གི་གྲས་སུ་བཞག་པ་རེད།༼སྦ་བཞེད༽རྩོམ་གྱི་ཁྱད་ཆོས་ཀྱང་ཚིག་བསྡུས་ཤིང་བརྗོད་བདེ་ལ་ཉམས་ཆེ་བ། ཚིག་དོན་གནད་ལ་ཁེལ་ཞིང་ཡིད་འཕྲོག་པ། ལོ་རྒྱུས་ཀྱི་གནས་ཚུལ་དངོས་བརྗོད་པ་གསལ་ཞིང་ཞིབ་པ་བཅས་ཀྱི་ ཁྱད་ཆོས་ལྡན་པས་སོ།།
༼སྦ་བཞེད༽ལ་བཤད་ཚུལ་མི་མཐུན་པ་ཙམ་མཆིས་ཏེ། ཁ་ཅིག་གིས་དེབ་གསུམ་དུ་ཡོད་པར་བཤད། རྒྱལ་བོས་བཞེད་པ་ལ༼སྦ་བཞེད༽ཞེས་ད་ལྟ་མཐོང་དུ་ཡོད་པར་སེམས། རྗེའི་བཞེད་པ་རྒྱལ་བོའི་ཕྱག་མཛོད་ཀྱི་ལག་ཏུ་ཡོད་པ་དང་། བླ་མའི་བཞེད་པ་བསམ་ཡས་དགོན་པར་ཡོད་པ་གྲགས་མོད། ད་ལྟ་མཐོང་དུ་མེད་དོ་ཞེས་དང་། ཡང་ཁ་ཅིག་གིས་ནང་དོན་ཚིག་གང་གི་ཆ་ནས་བལྟས་ཀྱང་སྦ་གསལ་སྣང་གིས་བྲིས་པར་མི་འདོད་ལ། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་ཀྱང་མི་འདོད་དོ།། ཁོ་ནི་བོད་སིལ་བུར་འཐོར་དུས་ཇོ་བོ་རྗེ་ཨ་ཏི་ཤ་གདན་འདྲེན་སྐབས་རྒྱ་གར་གྱི་ཇོ་བོའི་དགོན་པར་བཞུགས། རྗེས་སུ་ཇོ་བོ་དང་མཉམ་དུ་བོད་དུ་ཕེབས་པ་རེད། བཤད་ཚུལ་མང་ཡང་ང་ཚོས་ད་སྔ༼སྦ་བཞེད༽འདིའི་རྩོམ་པ་པོ་སྦ་གསལ་སྣང་ཡིན་པར་ཁས་ལེན་དགོས་སོ།།                        
མདོར་ན། བཙན་པོའི་དུས་སྐབས་ཀྱི་རྩོམ་རིག་གི་ཆེས་མངོན་པར་གསལ་བའི་ཁྱད་ཆོས་ནི། 
༡.བཙན་པོའི་དུས་སྐབས་ཀྱི་མགུར་ལ་ཚེག་བར་དོ་མཉམ་ པའི་གཏན་ཆགས་ཀྱི་རྣམ་པ་ཐོག་མར་བྱུང་བ་དང་། ཀྱེ་ཞེས་འབོད་སྒྲའི་ཚིག་དངོས་སུ་བཀོལ་སྤྱོད་བྱུང་། 
༢.ཐེངས་དང་བོའི་ཡིག་ཐོག་གི་སྙན་ངག་བྱུང་བར་འདོད། 
༣.ཡིག་སྒྱུར་གྱི་བྱ་བ་རྒྱ་ཆེར་དར་བས་བཙན་པོའི་དུས་སྐབས་ཀྱི་རྩོམ་རིག་ལ་སྐུལ་འདེད་དང་ཤན་ཤུགས་རྒྱ་ཆེན་ཐེབས་པ།
༤.ཚིག་ལྷུག་གི་བསྟན་བཅོས་ཐོག་མ༼སྦ་བཞེད༽བྱུང་བར་འདོད་དོ།།

0 comments:

ཟིན་བྲིས་འཚོལ་ཡུལ