དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Wednesday, 16 April 2014
འཇིག་རྟེན་གྱི་སྒྲོན་མེ་གཟིམས་སོང་།།
ན་མོ་གུ་རུ་བྷྱེ།
སྙིང་ཐིག་སྙིང་གི་བསྟན་པ་འཛིན་པའི་རྗེ།།
སྙིང་པོའི་བསྟན་སྲིད་ཡང་དག་སྐྱོང་བའི་མགོན།།
སྙིང་རྗེའི་རང་གཟུགས་བཤད་སྒྲུབ་སྤེལ་བའི་བདག།
སྙིང་གི་མུན་སེལ་བླ་མ་རྒྱལ་གྱུར་ཅིག།
འདུས་བྱས་ཆོས་ཀུན་མི་རྟག་དངོས་པོའི་ཆོས།།
སྐྱེ་འཆི་རྒས་རྒུད་བྲལ་བར་བཅོས་མིན་ཀྱང་།།
འཇའ་ལུས་འཕོ་ཆེན་བཤེགས་པའི་རྒྱལ་བའི་སྐུ།།
མི་འགྱུར་རྡོ་རྗེའི་སྐུ་བརྙེས་གང་དུ་ཕེབས།།
སྒྱུ་འཕྲུལ་སྣང་སྲིད་ཆོས་ཀུན་མཉམ་པར་དག།
ཀ་དག་ལྷུན་གྲུབ་དགོངས་པའི་རྩལ་ཆེན་རྫོགས།།
བཀའ་གཏེར་དབང་ལུང་གདམས་པས་འགྲོ་ཁམས་སྨིན།།
ངེས་དོན་འཇིག་རྟེན་སྒྲོན་མེ་གཟིམས་འདི་སྐྱོ།།
ཆོས་རྗེ་དམ་པ་ཉི་མའི་དཀྱིལ་འཁོར་འདས།།
པན་ཆེན་དུང་གི་ཟླ་བ་གཟའ་ཡིས་བཟུང་།།
འཇིག་རྟེན་སྒྲོན་མེ་གཟིམས་པའི་ཚུལ་བསྟན་པ།།
ལས་དབང་མུན་པའི་དཔུང་འདི་ཀྱེ་མ་ཧུད།།
པདྨའི་རྒྱལ་ཚབ་ཟངས་མདོག་དཔལ་རིར་བྱོན།།
བདེ་ནས་བདེ་བར་གཤེགས་པར་རྒྱལ་བའི་གཤིས།།
སྐལ་དམན་གངས་རིའི་གཟི་དཔལ་ཐ་མདོག་འཆར།'
སློབ་འབངས་སྡུག་གིས་ནོན་པར་ཅི་ཡིས་གནང་།།
མཚན་དཔེའི་སྐུ་གཟུགས་མི་བཞུགས་བདེན་སྲིད་དམ།།
ཚངས་དབྱངས་སྙན་ངག་རྒྱུན་ཆད་དངོས་ཡིན་ནམ།།
ཆོས་དགོངས་པར་གཏད་པའི་འཕྲིན་མཐོང་ཚེ།།
མི་འདོད་སྙིང་གི་ཟུག་གཟེར་ལྷག་པར་འཕེལ།།
ཞི་བའི་དབྱིངས་ནས་དགོངས་པའི་བླ་མ་དང་།།
དད་གུས་བདུད་རྩི་འཐུང་བའི་སྐལ་བཟང་ལ།།
ཉམས་རྟོགས་ལང་ཚོ་བཞད་པས་དག་གཟིགས་ངང་།།
སྒོ་གསུམ་མི་ཕྱེད་དད་པས་མཇལ་ཕྱག་འཚལ།།
མཆོག་གི་གསུང་འབུམ་སྐུ་ཡི་འདྲ་འབག་དངོས།།
ཨོཾ་དང་ཨྰཿཧྰུྃ་སྭྰ་ཧྰའི་གདམས་ངག་ཀུན།།
ཡང་ཡང་བསམ་ཚེ་དད་གུས་བླ་ལྷག་ཕྱིར།།
མི་འགྱིང་རྔ་ཡབ་གླིང་ནས་སླར་ཡང་མཇལ།།
ཞེས་པ་འདི་ཡང་རབ་རྒྱན་དབོ་ཟླའི་ཡར་ཚེས་ལ་ཁང་སར་དབོན་སྤྲུལ་རིན་པོ་ཆེ་དགོངས་པར་ཆོས་དབྱིངས་སུ་གཏད་ནས་གློ་བུར་ཞིང་གཞན་དུ་གཤེགས་པའི་ཚུལ་ཨ་འགྱུར་རིན་པོ་ཆེའི་འཕྲིན་ཕྲན་ལས་མཐོང་མ་ཐག་ཤྲྰི་ཨ་ནནྟ་བཛྲས་བྲིས་པ་འདིས་ཀྱང་བདག་སོགས་ཚེ་རབས་ཀུན་ཏུ་ཡང་གསང་རྫོགས་པ་ཆེན་པོའི་བླ་མ་དམ་པ་མཚན་ཉིད་དང་ལྡན་པས་ཡང་ནས་ཡང་དུ་རྗེས་སུ་འཛིན་པའི་རྒྱུར་རུ་གྱུར་ཅིག་གུ།
།།
Subscribe to:
Post Comments (Atom)
0 comments:
Post a Comment