དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday, 17 April 2014

རང་སྲེག་གི་དོན་རྐྱེན་ཡང་སྐྱར་མི་འབྱུང་བའི་རེ་སྨོན།


ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
སྤྱི་ལོ་ཉིས་སྟོང་དགུའི་ལོ་མཇུག་ནས་ལང་ཚོ་དར་ལ་བབ་པའི་གཞོན་སྐྱེས་གཙོ་བོར་གྱུར་བའི་བོད་པ་ཁག་ཅིག་གིས་རང་ལུས་མེ་ལ་སྦར་ནས་རྒྱ་གཞུང་གིས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱེད་མགོ་བརྩམས། ཁ་བརྡའི་སྟེང་ལ་རང་སྲེག་གི་གསར་འགྱུར་བྱུང་ཐེངས་རེར་ཁ་བརྡའི་རྩོམ་སྒྲིག་པ་རྣམས་ཀྱིས་འདི་འདྲའི་སྙིང་ལ་གཟན་པའི་གསར་འགྱུར་ཡང་སྐྱར་མི་ཐོས་པའི་རེ་བ་བཅངས། ཡིན་ན་ཡང་འདས་པའི་ལོ་ངོ་ལྔ་ལྷག་གི་རིང་ལ་འདི་འདྲའི་གསར་འགྱུར་ཐེངས་བརྒྱ་དང་སུམ་ཅུ་ལྷག་ཐོས་དགོས་པ་བྱུང་ཡོད། ཁ་སང་དཀར་མཛེས་རྟའུ་རུ་འཕྲིན་ལས་རྣམ་རྒྱལ་ལགས་ནས་རང་སྲེག་གནང་བ་དེས་གྲངས་ཀ་གཅིག་ཡང་སྐྱར་འཕར་བར་གྱུར།  དེ་ཟླ་བ་རེར་ཆ་བགོས་བྱས་ན་ཟླ་བ་རེ་ལ་ཐེངས་གཉིས་རེ་ཙམ་ལ་གྲག་ཡོད།  ད་དུང་ཡང་རང་སྲེག་གི་གནས་ཚུལ་འབྱུང་བཞིན་པ་འདིས་ང་ཚོས་རང་སྲེག་མི་འབྱུང་བར་སྒྲ་མེད་ཀྱི་རེ་བ་བྱེད་པ་ནས་སྒྲ་ཡོད་ཀྱི་འབོད་སྐུལ་མི་བྱེད་ཀ་མེད་བྱུང་།
ཁ་བརྡའི་དྲ་དེབ་ཐོག་ལ་རང་སྲེག་གི་གནས་ཚུལ་རེ་ཐོན་ཐེངས་རེར།  ཁ་བརྡའི་རྩོམ་སྒྲིག་པ་རྣམས་ཀྱིས་རང་སྲེག་གནང་མཁན་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཤོར་བ་དང་མཉམ་དུ།  ཕ་མེད་དམ་མ་མེད་དུ་གྱུར་ཏེ་ཅི་ཡིན་འདི་ཡིན་མ་ཤེས་པར་ཧད་དེ་ལུས་པའི་བྱིས་པ་གདོང་ཆུང་ཆུང་དེ་དག་དང་།  བྱིས་པ་དེ་དག་གི་གདོང་ལ་འགྲམ་པ་སྦྱར་ཏེ་མིག་ཆུ་ཁོག་ཏུ་མིད་བཞིན་པའི་ལང་ཚོ་དར་ལ་བབ་པའི་བཟའ་ཟླ་དེ་དག   སྐྲ་འདབས་དཀར་པོའི་འོག་གི་མིག་གཉིས་ལ་འོད་མདངས་ཡལ་ནས་འགུལ་མེད་དུ་གྱུར་ཅིང་།  ལག་ན་ཡོད་པའི་ཕྲེང་བ་བགྲང་རྒྱུ་ཡང་བརྗེད་པའི་ཕ་མ་རྒན་རྒོན་དེ་དག   གྲལ་མཚེས་སྟོང་པ་ལ་མིག་ཅེར་ནས་སྡོད་པའི་ཆོས་གྲོགས་དེ་དག་ཡིད་ལ་ཤར་ཡོང་།
དར་ལ་བབས་པའི་ལང་ཚོ་རེ་རེ་མེ་ལ་སྦར་ཞིང་།  མེ་ལྕེ་ལྷམ་ལྷམ་དུ་འབར་དུས་ང་ཚོས་འདས་པོ་དེའི་ལྷག་བསམ་མེ་རུ་འབར་བ་མཐོང་བ་དང་མཉམ་དུ།  རང་གི་ཤ་ཁྲག་ལས་མཆེད་པའི་བུ་ཕྲུག་ལ་དགོས་པའི་བྱམས་བརྩེ་དང་།  རང་གི་ཕ་རྒན་མ་རྒན་ལ་ཚེ་མཇུག་ལ་དགོས་པའི་བཀུར་སྐྱོང་།  རང་གི་བཟའ་ཟླ་ལ་དགོས་པའི་ཁྲེལ་གཞུང་།  རང་གི་ཆོས་གྲོགས་དང་དགོན་པ་ལ་དགོས་པའི་མཛའ་བརྩེ་དང་ཤ་ཞེན་ཚང་མ་དུས་ཡུན་སྐར་མ་བཅུ་གྲངས་ཀྱི་ནང་ལ་མེ་རུ་འབར་ནས་ཐལ་བར་གྱུར་བ་མཐོང་།  རང་གི་མི་རིགས་ཀྱི་ཆེད་དུ་ཕ་མ་བུ་ཕྲུག་གམ།  ཡང་རང་གི་བཟའ་ཟླ་ཚང་མ་བློས་བཏང་ནས་རང་ཉིད་མེ་ལ་སྦར་ཞིང་སྲེག་པ་འདི་ལ་ཇི་འདྲའི་ལྷག་བསམ་ཆེན་པོ་དེ་དང་སྙིང་སྟོབས་ཆེན་པོ་ཞིག་དགོས་སམ།  དེ་ལྟའི་ལྷག་བསམ་དང་སྙིང་སྟོབས་དེ་དག་མེ་ལྕེ་དམར་པོའི་ནང་ཚག་སྒྲ་དང་བཅས་འཚིག་དུས་བོད་མི་རྣམས་མྱ་ངན་གྱིས་དུབ།   ཕངས་སེམས་ཀྱིས་མནན།
འདི་ལྟ་བུའི་རང་སྲེག་ནི་ཐེངས་རེ་ཟུང་ལ་བྱུང་བ་མ་ཡིན་པར།  ད་བར་དུ་ཐེངས་བརྒྱ་དང་སུམ་ཅུ་ལྷག་བྱུང་ཡོད་ཅིང་།  རང་སྲེག་བྱུང་ཐེངས་རེར་བོད་མི་རྣམས་ཀྱིས་བྱེད་ཐུབ་པ་ནི་སྨོན་ལམ་རེ་དབྱངས་འདོན་བྱེད་རྒྱུ་དེ་ཡིན།  སྨོན་ལམ་གྱི་དབྱངས་རྟ་རིང་པོའི་ནང་དུ་སྨོན་ལམ་ལ་འདུས་པའི་བོད་པ་མང་པོས་མིག་ལ་མཆི་མ་འཁོར་བཞིན་རང་སྲེག་གི་རྣམ་ཤེས་དེ་དག་ཞིང་དུ་སྐྱེས་པའི་སྨོན་ལམ་བརྒྱབ་ཡོད་ལ།   ཤུལ་ལུས་ཀྱི་བཟའ་ཟླ་བུ་ཕྲུག་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱས་ཡོད་པ་དང་མཚུངས་སུ་ད་དུང་སྨོན་ལམ་གཞན་པ་ཞིག་ཀྱང་རྒྱག་བཞིན་ཡོད།   དེ་ནི་ད་ནི་རང་སྲེག་མཚམས་འཇོག་པའི་དུས་ཤིག་མགྱོགས་པོར་ཡོང་རྒྱུ་དེ་ཡིན།
བོད་མི་རྣམས་ཀྱིས་རང་སྲེག་པ་རྣམས་ཀྱི་བློས་བཏང་རྒྱལ་སྤྱིའི་ཐོག་ལ་ཁྱབ་བསྒྲགས་ཡོང་ཐབས་ཀྱི་འབད་བརྩོན་སྣ་མང་བྱས་ཡོད།   འདི་ནི་རང་སྲེག་གནང་མཁན་རྣམས་ཀྱི་རེ་འདུན་ཡང་ཡིན་ལས་ཆེ།   རང་སྲེག་ཕྱི་བསྒྲགས་ལ་བརྟེན་ནས་རྒྱ་གཞུང་གིས་བོད་པ་འགའ་རེ་འཛིན་བཟུང་བཙོན་འཇུག་ཀྱང་བྱས་ཡོད།   ཡིན་ན་ཡང་རང་སྲེག་ཕྱི་སྒྲོག་གི་ལས་དོན་དེ་འགོག་མ་ཐུབ་པར།  ད་ནི་རྒྱལ་སྤྱིའི་ཐོག་གི་བོད་དོན་ལ་ཐུགས་ཁུར་ཡོད་པ་རྣམས་ཀྱིས་བོད་ཀྱི་རང་སྲེག་གི་ལས་འགུལ་འདི་མ་ཤེས་དང་མ་ཐོས་ཟེར་བའི་གོ་སྐབས་མེད་པར་བྱས་པའི་ཚད་ཙམ་དུ་བསྐྱལ་ཡོད།
ད་ནི་རང་སྲེག་གི་ལེའུ་མཇུག་བསྡུས་ནས།  རང་སྲེག་གནང་མཁན་རྣམས་ཀྱི་ཁ་ཆེམས་དང་འདུན་པ་བསྒྲུབ་པའི་དུས་ལ་སླེབས་ཡོད།   དེ་བསྒྲུབ་པ་ལ་ཡང་ལྷག་བསམ་དང་སྙིང་སྟོབས་བོངས་ཆེན་པོ་དང་གྲངས་མང་པོ་དགོས་པ་ཡིན།  ད་ང་ཚོའི་ལང་ཚོ་དང་།  ལྷག་བསམ།  སྙིང་སྟོབས་སོགས་མེ་ལ་སྦར་རྒྱུ་མིན་པར་དེ་དག་ལ་གཅེས་སྤྲས་དང་།  དེ་དག་མི་རིགས་འདི་ཡུན་རིང་གསོན་གནས་ཐུབ་པའི་མཐུན་རྐྱེན་དུ་བསྒྱུར་རན་པ་ཡིན།  ད་ནས་རང་སྲེག་གི་དོན་རྐྱེན་ཡང་སྐྱར་མི་འབྱུང་བའི་རེ་སྨོན་དང་འབོད་སྐུལ་ཞུ་བ་ཡིན།

ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས་ཕུལ།

0 comments:

ཟིན་བྲིས་འཚོལ་ཡུལ