དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Friday, 18 April 2014
༧དཔལ་ལྡན་ཁམས་སྟོད་འཇམ་དབྱངས་གྲགས་པ་གསེར་ཁྲི་མངའ་གསོལ་ལ་ཕུལ་བ་བདེན་པ་རིན་པོ་ཆེ།།
ན་མོ་གུ་རུ་མཉྫུ་ཀིརྟི་ཡེ།།
མཚན་ཉིད་བཞི་ལྡན་བདེན་པ་རིན་པོ་ཆེ།།
འཇམ་དབྱངས་རྣམ་གསུམ་ཇི་བཞིན་དགོངས་པར་བརྙེས།།
རྫོགས་པའི་སངས་རྒྱས་ངོ་བོར་གསལ་གཟིགས་པ། །
འཇམ་དབྱངས་བློ་གསལ་དབང་པོས་དགེ་ལེགས་སྩོལ།།
སྐྱེ་ཀུན་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་འཛིན།།
བཤད་དང་སྒྲུབ་པ་ཁོ་ནས་བསྟན་པ་སྐྱོང་།།
བྱམས་དང་སྙིང་རྗེས་ཕན་བདེའི་ལེགས་ཚོགས་སྤེལ།།
རིགས་ལྡན་འཇམ་དབྱངས་གྲགས་ཞེས་ཡོངས་སུ་གྲགས།།
ཕྱི་ལྟར་དཀའ་སྤྱད་ཆེན་པོས་དད་བརྩོན་ཅན།།
ནང་དོན་རིག་པའི་གནས་ཀུན་ཡོངས་ལ་མཁས།།
གསང་བ་ངེས་ཤེས་དཔལ་འབར་དགེ་སློང་ཆེ།།
ཡང་གསང་འཇམ་དཔལ་རྡོ་རྗེ་ཐོད་ཕྲེང་རྩལ།།
སྐལ་བཟང་གདུལ་བྱར་སྨིན་གྲོལ་ཐོབ་པའི་ཕྱིར།།
བསམ་བཞིན་སྲིད་པར་བཟུང་བའི་རྒྱལ་བའི་སྲས།།
འཕགས་བོད་མཁས་གྲུབ་དབུས་ན་རི་བོང་འཛིན།།
ཞིང་འདིར་སླར་ཡང་འཆར་བ་ངོ་མཚར་ཆེ།།
སྦས་ཡུལ་རྣམ་དག་དཔལ་ལྡན་འབྲུག་ཡུལ་དུ།།
ཀུན་མཁྱེན་བླ་མའི་བརྒྱུད་པའི་སྲོལ་བཟུང་བའི།།
དགོན་སྡེས་གསེར་ཁྲིར་མངའ་གསོལ་དུས་ཆེན་ལ།།
ཡི་རང་དགའ་བསུ་སྟོང་གིས་རྟེན་འབྲེལ་ཞུ།།
དབུ་མའི་དེ་ཉིད་མཁྱེན་པའི་སྨོན་ལམ་གཅིག།
ཕྱག་ཆེན་གདམས་ངག་མྱོང་བའི་དད་བརྩོན་གཉིས།།
རྫོགས་ཆེན་སྨིན་གྲོལ་ནུས་པའི་སྐལ་བཟང་གསུམ།།
སྡེ་གཉིས་དར་ཞིང་རྒྱས་པའི་སྨོན་ལམ་འདེབས།།
མདོ་སྔགས་རིག་པའི་བཤད་པ་ཉི་བཞིན་གསལ།།
བསྙེན་བརྩོན་དགེ་ཕྱོགས་དག་སྣང་ཟླ་བཞིན་འཕེལ།།
ཕྲིན་ལས་རབ་འབྱམས་ནམ་མཁའི་སྐར་བཞིན་རྒྱས།།
འགྲོ་ཁམས་སྨིན་གྲོལ་ཡིད་བཞིན་ནོར་བུ་སྨོན།།
ཞེས་པ་རབ་རྒྱན་ཤིང་རྟའི་ནག་པ་ཟླ་བའི་ཚེས་གཅིག་ཉིན་ཁམས་སྤྲུལ་འཇམ་དབྱངས་གྲགས་པ་གསེར་ཁྲི་མངའ་གསོལ་དགའ་སྟོན་དུས་བཟང་འབྲུག་ཡུལ་རང་ནས་ཚེས་པའི་རྟེན་འབྲེལ་དང་དད་གུས་ཅན་འབྲུག་པ་བློ་ལྡན་དགེ་འདུན་ཆོས་འཕེལ་གྱིས་བསྐུལ་བ་བཞིན་དུ་ཤྲྰི་ཨ་ནནྟ་བཛྲས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་དགའ་སྤྲོ་དངས་བས་ཕུལ་བར་དགེའོ།།
།།
Subscribe to:
Post Comments (Atom)
0 comments:
Post a Comment