དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 10 April 2014
༄༅༎མ་ངེས་པའི་འཇིག་རྟེན།།
 
སྟོང་ཡང་མ་ངེས་སྣང་ཡང་མ་ངེས་པས། །
སྣང་སྟོང་མ་ངེས་འཇིག་རྟེན་ཨེ་མ་ཧོ། །
རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པའི་སྣང་བ་ཡང་། །
རྒྱུ་མེད་རྐྱེན་མེད་གྱུར་ན་སྟོང་བར་ངེས། །
དཀར་ཡང་མ་ངེས་ནག་ཀྱང་མ་ངེས་པས། །
མཁྲིས་ནད་ཅན་གྱིས་དཀར་བོ་ལོག་པར་མཐོང་། །
གཅིག་ལ་གཅིག་བརྟེན་དཀར་ནག་ཁྱད་ཕྱེ་བའི ། །
དཀར་ནག་མ་ངེས་འཇིག་རྟེན་ཨེ་མ་ཧོ། །
སྐྱིད་ཀྱང་མ་ངེས་སྡུག་ཀྱང་མ་ངེས་པས། །
སྦྲང་བོས་བལྟས་ན་གོང་མ་སྐྱིད་ཀི་བསམས། །
གོང་མས་བལྟས་ན་རང་ཉིད་སྡུག་གི་བསམས། །
སྐྱིད་སྡུག་མ་ངེས་འཇིག་རྟེན་ཨེ་མ་ཧོ། །
རིང་ཡང་མ་ངེས་ཐུང་ཡང་མ་ངེས་པས། །
རིང་ལ་ལྟོས་ནས་ཐུང་བ་བཞག་པ་དང་། །
ཐུང་ལ་ལྟོས་ནས་རིང་བོ་བཞག་པ་ཡི། །
རིང་ཐུང་མ་ངེས་འཇིག་རྟེན་ཨེ་མ་ཧོ། །
བདེན་ཡང་མ་ངེས་རྫུན་ཡང་མ་ངེས་པས། །
མང་བོའི་ཁ་ལ་བདེན་པར་འཛིན་པ་ཡི། །
བདེན་རྫུན་མང་ཉུང་ཁ་ལས་གཅོད་པ་མཆོག །
བདེན་རྫུན་མ་ངེས་འཇིག་རྟེན་ཨེ་མ་ཧོ། །
 
གླེན་ཡང་མ་ངེས་གྲུང་ཡང་མ་ངེས་པས། །
གནམ་ཆུ་དུག་ཏུ་ཤེས་པའི་རྒྱལ་བོ་ཡིས། །
གནམ་ཆུ་མ་འཐུང་རྒྱལ་བོ་གླེན་པར་མཐོང་། །
གླེན་གྲུང་མ་ངེས་འཇིག་རྟེན་ཨེ་མ་ཧོ། །
ཞིམ་ཡང་མ་ངེས་མི་ཞིམ་མ་ངེས་པས། །
རྒྱགས་པའི་དུས་སུ་མར་ཟན་མི་ཞིམ་ཟེར། །
ལྟོགས་པའི་དུས་སུ་རྩམ་སྐྱ་ཞིམ་གི་ཟེར། །
ཞིམ་མིན་མ་ངེས་འཇིག་རྟེན་ཨེ་མ་ཧོ། །
མགྱོགས་ཀྱང་མ་ངེས་དལ་ཡང་མ་ངེས་པས། །
མི་ལ་ལྟོས་ན་རི་དྭགས་མགྱོགས་པར་ངེས། །
དེ་ལས་རླུང་མགྱོགས་རླུང་ལས་འོད་མགྱོགས་པས། །
མགྱོགས་དལ་མ་ངེས་འཇིག་རྟེན་ཨེ་མ་ཧོ། །
ཡག་ཀྱང་མ་ངེས་བཙོག་ཀྱང་མ་ངེས་པས། །
ང་ཡིས་ལྟོས་ན་ཉི་མ་སེར་བོ་ཡག །
ཁྱོད་ཀྱིས་ལྟོས་ན་ཉི་མ་དམར་བོ་ཡག །
ཡག་བཙོག་མ་ངེས་འཇིག་རྟེན་ཨེ་མ་ཧོ། །
བཟང་ཡང་མ་ངེས་ངན་ཡང་མ་ངེས་པས། །
ཁ་ཆེའི་ཡུལ་དུ་གུར་ཀུམ་ཕྱུགས་མི་ཟ། །
བོད་ཀྱི་ཡུལ་ན་གུར་ཀུམ་སྨན་དུ་འགྱུར། །
བཟང་ངན་མ་ངེས་འཇིག་རྟེན་ཨེ་མ་ཧོ། །
ནག་ཀྱང་མ་ངེས་མུན་ཡང་མ་ངེས་ལ། །
མི་ཡིས་ཉི་མའི་དཀར་ལ་སྣང་བ་ཟེར། །
འུག་པས་མུན་པའི་ཁམས་ལ་སྣང་བ་ཟེར། །
སྣང་མུན་མ་ངེས་འཇིག་རྟེན་ཨེ་མ་ཧོ། །
བདེན་རྫུན་དཀར་ནག་གང་ཡང་མ་ངེས་པས། །
སེམས་ཀྱི་འཆར་སྒོ་འདི་ལ་ཡིད་བརྟན་ཅི། །
འདི་ཡིན་རྗེས་ལ་འདི་མིན་གཞན་ཞིག་འོང་། །
སེམས་འདི་མ་ངེས་འཇིག་རྟེན་ཨེ་མ་ཧོ། །
            ༡༩༩༣ ལོའི་ཟླ༧པའི་ཚེས༡༩ཉིན་བྲིས་པའོ།།

0 comments:

ཟིན་བྲིས་འཚོལ་ཡུལ