དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday, 11 April 2014
རྗེས་སུ་དྲན་པ།། 
 
འདུས་བྱས་མི་རྟག་དངོས་པོའི་ཆོས་ཉིད། །
སྐྱེ་འཆིའི་རྣམ་གཞག་བསྒྱུར་བར་དཀའ་ཡང་། །
མི་འཇིག་རྡོ་རྗེ་སྐུ་བརྙེས་འདྲེན་མཆོག །
ཚུལ་བསྟན་འདི་འདྲ་གནང་བར་འོས་སམ། །
སྔོན་བསགས་ལས་སྐལ་མི་དམན་ཁོ་བོས། །
ཡབ་གཅིག་ཁྱོད་ཀྱི་ཞལ་ལས་གསུང་ཐོས། །
དགའ་བའི་བ་སྤུ་གྱེན་དུ་ཕྱོགས་ནས། །
ཡང་ཡང་ཐོས་པའི་སྨོན་ལམ་བཏབ་ཀྱང་། །
ལས་ངན་བདག་ཅག་རིང་དུ་བསྐྱུར་ནས། །
མགོན་ཁྱོད་གློ་བུར་ཞིང་གཞན་གཤེགས་པའི། །
གཏམ་དེ་བདེན་ན་སྙིང་ལ་བཟོད་དཀའ། །
བསགས་མཐར་འཛད་དང་སྐྱེས་མཐར་འཆི་བ། །
སུས་ཀྱང་བཟློག་ཏུ་མེད་པའི་ཆོས་ཉིད། །
ལ་ལ་རྒན་དང་ལ་ལ་གཞོན་པ། །
ངེས་མེད་འཆི་བའི་ངང་ཚུལ་མཐོང་ཡང་། །
མགོན་ཁྱེད་དེ་རིང་གཏན་བྲལ་བྱས་པ། །
མི་སྲིད་སྙམ་པའི་བྱིས་པའི་སེམས་ལ། །
ད་དུང་མི་འཇིག་གསེར་ཁྲིར་བཞུགས་ཏེ། །
ཚོགས་ལ་བགོ་སྐལ་འགྱེད་པ་ཤར་བྱུང་། །
ཀྱེ་མ་ཀྱེ་ཧུད་བླུན་པོའི་བླུན་པ། །
ཞིབ་ཏུ་བརྟག་ཚེ་སྙིང་ཕུང་སྟོར་བས། །
བཤེས་ཁྱོད་ཞི་བའི་དབྱིངས་ནས་དགོངས་དང་། །
རིག་པ་བདུད་རྩིའི་རྒྱུན་བཟང་མ་ཐོས། །
ལང་ཚོའི་མེ་ཏོག་ལྒང་བུ་མ་འབུས། །
ཆོས་དང་འཇིག་རྟེན་བླང་དོར་མི་ཤེས། །
བཤེས་ཁྱོད་ཞི་བར་གཤེགས་པར་རིགས་སམ། །
ཨ་ཧོ་ཨེ་མ་བདག་གི་སྡུག་བསྔལ། །
གདུག་རྩུབ་ཆེ་བ་མགྲིན་བཅུས་མཐོང་ཡང་། །
བདག་ལ་སེམས་གསོ་ཕྱིར་དུ་འོངས་ནས། །
འཇམ་པོའི་ཚིག་འགའ་བརྗོད་པར་ངེས་ལ། །
ཉམ་ཆུང་བྱེའུ་འཇོལ་མོ་དེས་ཀྱང་། །
ཁོ་བོའི་ཡིད་ལ་སྡུག་བསྔལ་ནོན་པ། །
ཅི་སྟེ་ཤེས་ན་འགྲམ་དུ་བསྡད་དེ། །
སེམས་གསོའི་གླུ་དབྱངས་འབད་པས་ལེན་ནོ། །
མཁའ་ཡི་སྤྲིན་པ་ནག་པོ་དེས་ཀྱང་། །
ཁོ་བོའི་སེམས་ཀྱི་སྡུག་བསྔལ་ཤེས་ན། །
དེས་ཀྱང་མི་བཟོད་མྱུར་དུ་བབས་ཏེ། །
ཕན་པའི་ཚིག་འགའ་ཐལ་བར་ངེས་སོ། །
རང་གི་ཕ་མ་ཚེ་དུས་བྱས་ཀྱང་། །
བསམ་མེད་བྱིས་པ་གདུང་བ་བསྐྱེད་ན། །
མཚན་མོའི་མགོན་ཁྱོད་མྱ་ངན་འདས་པ། །
དྲན་ཚེ་ཡིད་ཕམ་རྒྱུ་ལས་མེད་ཅིང་། །
ཉིན་དགུ་ཞག་དགུར་ངུ་འབོད་བྱས་ཀྱང་། །
ནང་གི་དུངས་སེམས་ཆོད་ཐབས་མི་འདུག །
ཀྱེ་ཧོ་དྲན་པའི་གདུང་བ་བརྗོད་ན། །
སེམས་མེད་དངོས་པོའང་མཆི་མ་འབབ་ངེས། །
ཨེ་མ་སྙིགས་མ་ལྔ་བདོའི་དུས་འདིར། །
དབང་ཐང་ལྡན་ན་དགྲ་ཡང་འདུད་ཅིང་། །
རྒུད་པར་གྱུར་ན་ཕ་མ་འདོར་བ། །
ཕན་ལན་གནོད་འཇལ་ངང་ཚུལ་གཟིགས་དང་། །
མགོན་མེད་བྱིས་པའི་བློ་གཏད་སུ་བྱེད། །
དེའི་ཕྱིར་མགོན་པོས་ཐུགས་རྗེས་གཟིགས་དང་། །
ཉ་མོ་བྱེ་ཐང་སྐམ་པོར་ལྷུང་བ། །
སྡུག་བསྔལ་འདི་ལ་དགོངས་ནས་སླར་ཡང་།།
འཛུམ་ཟེར་ཟླ་གཞོན་མྱུར་དུ་གྲོལ་ཤོག །
ཅེས་སྤྱི་ལོ༡༩༨༥ལོར་སློབ་དཔོན་ཆེན་མོ༧ཚེ་ཏན་ཞབས་དྲུང་མཆོག་གློ་བུར་ཞིང་གཞན་གཤེགས་པའི་ཚུལ་ཐོས་ཏེ་བྲིས་པ་འདིས་ཀྱང་ཚེ་རབས་ཀུན་ཏུ་ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །

0 comments:

ཟིན་བྲིས་འཚོལ་ཡུལ