དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday, 11 August 2016

༄༅།།ཚེས་བཅུའི་གསོལ་འདེབས་ཨེ་ཝྃ་ཉི་ཟླའི་འོད་སྣང་ཞེས་བྱ་བ་བཞུགས་སོ།།
 

ན་མོ་གུ་རུ་པདྨ་ཀ་ར་ཡེ།།

དུས་གསུམ་སངས་རྒྱས་ཀུན་འདུས་པདྨ་འབྱུང་།།

སྐྱེ་འཆི་བགྲེས་རྒུད་བྲལ་བའི་ཡེ་ཤེས་སྐུ།།

མ་ལུས་འགྲོ་བའི་སྐྱབས་གནས་བླ་མ་རྗེ།།

རིགས་འདུས་མ་ཧྰ་གུ་རུ་གསོལ་བ་འདེབས།།

སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་ཉིད།།

སྙིགས་དུས་འགྲོ་རྣམས་འདུལ་བའི་ཐུགས་རྗེ་ཅན།།

ཁྱད་པར་བདག་ཅག་ཁྱེད་ཀྱི་རྗེས་འཇུག་ཀུན།།

བདེ་མྱུར་མཆོག་ཐུན་དངོས་གྲུབ་ད་སྩོལ་ཅིག།

བླ་མ་ཀུན་འདུས་ཨོ་རྒྱན་ཆེན་པོ་མཁྱེན།།

ཡི་དམ་ཀུན་འདུས་རྡོ་རྗེ་གྲོ་ལོད་མཁྱེན།།

མཁའ་འགྲོ་ཀུན་འདུས་སེངྒེའི་གདོང་ཅན་མཁྱེན།།

ཆོས་སྐྱོང་ཀུན་འདུས་གེ་སར་རྒྱལ་པོ་མཁྱེན།།

བདེ་གཤེགས་འདུས་པའི་ངོ་བོ་ཀུན་ཏུ་བཟང་།།

ལོངས་སྤྱོད་རྫོགས་པའི་རང་བཞིན་རྡོ་རྗེ་འཆང་།།

སྣ་ཚོགས་སྤྲུལ་སྐུའི་ཐུགས་རྗེ་པདྨ་འབྱུང་།།

སྐུ་གསུམ་ཀུན་འདུས་བླ་མ་གསོལ་བ་འདེབས།།


སྣྲོན་ཟླར་འོ་མ་ཅན་གྱི་རྒྱ་མཚོ་ཆེར།།

རབ་མཛེས་ཆུ་སྐྱེས་འདབ་སྟོང་བཞད་པའི་དབུས།།

མཚུངས་མེད་སྣང་མཐའི་སྒྱུ་འཕྲུལ་སྤྲུལ་པའི་སྐུ།།

གུ་རུ་པདྨ་འབྱུང་གནས་གསོལ་བ་འདེབས།།


རྒྱལ་ཟླར་ཨིནྡྲ་བོ་དྷིས་སྤྱན་དྲངས་ནས།།

རྒྱལ་བུར་མངའ་གསོལ་རྒྱལ་ཁམས་ཕན་བདེ་མཛད།།

རྒྱལ་ཀུན་འདུས་པའི་སྤྱི་གཟུགས་པདྨ་འབྱུང་།།

གུ་རུ་པདྨ་རྒྱལ་པོ་གསོལ་བ་འདེབས།།


མཆུ་ཟླར་རྒྱལ་སྲིད་དོར་ནས་དུར་ཁྲོད་དུ།།

བརྟུལ་ཞུགས་སྤྱོད་པས་མ་མོ་མཁའ་འགྲོ་ལ།།

ཆོས་འཁོར་བསྐོར་བས་འཁོར་འདས་དབང་དུ་བསྡུས།།

གུ་རུ་ཉི་མ་འོད་ཟེར་གསོལ་བ་འདེབས།།


དབོ་ཟླར་བསྟན་པར་རིམ་བཞིན་བཀྲི་བའི་ཕྱིར།།

སློབ་དཔོན་པྲ་བྷ་ཧ་སྟིར་རབ་ཏུ་བྱུང་།།

རྒྱུ་འབྲས་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར།།

གུ་རུ་ཤྰཀྱ་སེངྒེ་གསོལ་བ་འདེབས།།


ནག་ཟླར་ཟ་ཧོར་རྒྱལ་པོས་གསོན་བསྲེགས་ཚེ། །

མེ་ཡང་ཆུར་བསྒྱུར་མཁའ་འགྲོ་ལྷ་མིས་བསྟོད།།

འཆི་མེད་རིག་འཛིན་འཕོ་ཆེན་འཇའ་ལུས་བརྙེས།།

གུ་རུ་རྡོ་རྗེ་འཆང་ཆེན་གསོལ་བ་འདེབས།།


ས་ཟླར་ཨོ་རྒྱན་རྒྱལ་པོས་ཡབ་ཡུམ་གཉིས།།

ལྷན་ཅིག་མེར་བསྲེགས་ལོག་སྲེད་ཅན་དག་ཀྱང་།།

རབ་དབང་མེད་པར་དད་པའི་གནས་ལ་བཀོད།།

གུ་རུ་སེངྒེ་སྒྲ་སྒྲོག་ལ་གསོལ་བ་འདེབས།།


ཆུ་ཟླར་ལྷོ་ཕྱོགས་མཐར་སྐྱེས་རྒྱལ་ཁམས་སུ།།

བསྟན་ལ་འཁུ་བའི་མུ་སྟེགས་ཐོག་གིས་བསྒྲལ།།

གང་ལ་གང་འདུལ་ཐབས་མཁས་མཛད་པ་ཅན།།

གུ་རུ་བློ་ལྡན་མཆོག་སྲེད་ལ་གསོལ་བ་འདེབས།།


གྲོ་བཞིན་ཟླ་བར་མཐའ་འཁོབ་ཟངས་གླིང་དུ།

མུ་སྟེགས་རྒྱལ་པོས་ཟངས་ཆེན་ཁ་སྦྱོར་ནང་། །

བཅུག་ནས་ཆུ་ཀླུང་མི་འཇིགས་རྫུ་འཕྲུལ་བསྟན།།

གུ་རུ་པདྨ་སམྦྷར་གསོལ་བ་འདེབས།།


ཁྲུམས་ཟླར་མུ་སྟེགས་ངན་པའི་ཟས་དུག་གིས།།

བཀྲོངས་པར་སེམས་ཀྱང་གནོད་པ་མེད་པའི་སྟེང་།།

གཟི་མདངས་ལྷག་པར་རྒྱས་པའི་ངང་ཚུལ་ཅན།།

གུ་རུ་མཚོ་སྐྱེས་རྡོ་རྗེ་གསོལ་བ་འདེབས།།

༡༠

ཐ་སྐར་ཟླ་ལ་ཡང་ལེ་ཤོད་དུ་ཕེབས། །

བལ་བོད་གཉིས་ཀའི་ལྷ་འདྲེས་མཐོ་མཚམས་ཀྱང་།།

རྡོ་རྗེ་གཞོན་ནུའི་སྐུར་བཞེངས་དམ་ལ་བཞགས།།

གུ་རུ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས།།

༡༡

སྨིན་དྲུག་ཟླ་བར་བོད་ཡུལ་དབུས་སུ་བྱོན། །

ཧས་པོ་རི་རྩེར་ལྷ་སྲིན་དམ་ལ་བཞགས།།

རྒྱལ་བསྟན་བོད་དུ་འདྲེན་པ་ཁྱོད་གཅིག་པུ།།

གུ་རུ་རྡོ་རྗེ་གྲོ་ལོད་གསོལ་བ་འདེབས།།

༡༢

མགོ་ཟླར་ལྷོ་ནུབ་སྲིན་པོ་འདུལ་དུ་གཤེགས།།

བོད་ཡུལ་མཐའ་དབུས་ཟབ་གཏེར་དགོངས་གཏེར་སྦས།།

ནམ་ཡང་ཐུགས་རྗེས་འཛིན་པའི་ཐུགས་དམ་ཅན།།

གུ་རུ་ཡིད་བཞིན་ནོར་བུ་གསོལ་བ་འདེབས།།

བསྐལ་བཟང་སངས་རྒྱས་སྟོང་གི་ཐུགས་རྗེའི་བདག།

ཡི་དམ་ཞི་ཁྲོ་རབ་འབྱམས་ཁྱབ་བདག་མཆོག།

རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་འདུས་ཞལ་ཉིད།།

གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས།།

ཕྱི་ཡི་བར་བར་ཆད་འབྱུང་བའི་གཡོ་འཁྲུག་སོལ།།

ནང་གི་བར་ཆད་སེམས་ཀྱི་སྡུག་བསྔལ་སོལ།།

གསང་བའི་བར་ཆད་སེམས་དང་སེམས་བྱུང་སོལ།།

འཇའ་ལུས་རིག་འཛིན་འགྲུབ་པར་བྱིན་གྱིས་རློབས།།

ཞེས་པ་འདི་ཡང་རབ་གནས་མེ་སྤྲེལ་ཚེས་བཅུ་དུས་ཚེས་དགེ་བར་ཨེ་ཝྃ་ཛྙྰ་ན་གུ་རུའི་ལྷ་ཁང་དུ་རྣལ་འབྱོར་དུ་མར་ཚེས་བཅུ་དུས་མཆོད་འབྲེལ་དྲིན་ཆེན་ཨ་མ་ཨོ་རྒྱན་སྒྲོལ་མ་དང་དཔལ་ལྡན་ལྷ་མོ་སོགས་སྐལ་བཟང་མོས་ལྡན་མའི་གསུང་སྐུལ་དང་འབྲུག་ཡུལ་མཁའ་འགྲོ་སྒྲོལ་དཀར་ལྷ་མཛེས་དང་སྙིང་གི་བུ་ཆུང་༧སྐྱབས་རྗེ་སྤྲུལ་སྐུ་འཇམ་དབྱངས་གྲགས་པ་སོགས་ཀྱི་གསུང་སྐུལ་གྱི་རྟེན་འབྲེལ་མ་རལ་ཐབས་སུ་དམིགས་ནས་གང་ཤར་དུ་མཁན་ཆེན་བླ་མ་འམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་སྙིང་གནས་གསོལ་བ་འདེབས་པར་དགེའོ།། །། མཆན། དཔེ་ཀློག་སོགས་གང་མ་བལྟས་པར་གང་བྱུང་བྲིས་པས་འགལ་འཁྲུལ་ཅི་མཆིས་ཡེ་ཤེས་ལྷ་དང་གཟུར་གནས་བླ་ལྡན་རྣམས་ཀྱི་དྲུང་དུ་མཐོལ་ལོ་བཤགས་སོ། དགེ་བས་འགྲོ་ཀུན་འཇའ་ལུས་རིག་འཛིན་ཐོབ་པའི་རྒྱུ་རུ་གྱུར་ཅིག་གུ།། །།

0 comments:

ཟིན་བྲིས་འཚོལ་ཡུལ