དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday, 3 May 2011

ཡེ་ཤུའི་དུས་སྟོན་མཐོང་བའི་ཚོར་སྣང་། །

འོ་ཡ། དེ་རིང་འདི་ན་ནམ་རྒྱུན་དང་མི་འདྲ་བ་ཉེན་རྟོག་པ་མང་པོ་བྲེལ་ཚུབ་ཚུབས་དང་། རླུང་འཁོར་གློག་འོད་དམར་སེར་སྔོ་དམར་ཅན་དག་མང་པོ་འོད་ལམ་ལམས་དང་། སྐབས་རེ་སྒྲ་འུར་ཏིང་ཏིངས་སྒྲོགས་ནས་ཡར་རྒྱུག་མར་རྒྱུགས་བྱེད་ཀི་འདུག ཅི་ཡིན་བསམ་ནས་གྲོགས་པོ་ཞིག་ལ་དྲིས་པས། གྲོགས་དབྱིན་ཇི་དེ་དེ་ཅུང་ཟད་འཛུམ་ནས་དབྱིན་སྐད་དུ་དེ་རིང་ཡེ་ཤུ་སྟོན་པའི་འཁྲུངས་སྐར་རེད། འདི་ལ་འདོད་ཚུལ་དུ་མ་ཡོད་ཀྱང་འདི་ནས་དེ་རང་ཡིན་ཟེར། ཉེ་རྟོག་པ་མང་པོ་འདི་ག་རེ་རེད་ཞུས་པས། ཁོས་རེད། དགོངས་གསོལ་དང་། རྒན་པ་ལོ་ལོན་དང་གཞོན་པ་གྲོགས་མེད་ཁེར་རྐྱང་མང་པོ་འདི་ཉིན་རང་ཤི་རྒྱབ་པ་མང་བས་དོགས་ཟོན་རེད། མ་ཚད་ཉེ་འཁོར་འདི་ན་སྨྱོན་པ་བསྲུང་སྐྱོབས་ཚོགས་པ་དེས་མི་འགའ་རེ་བྲོས་ཤོར་སོང་འདུག དེ་རེད་འདུག་ཟེར། བོད་བརྒྱུད་དང་ནང་ཆོས་འདི་ཡོད་པ་ནས་བཟུང་སྟེ་རྒན་པ་དང་ན་གཞོན་མང་པོ་རང་ཤི་བརྒྱབ་མི་དགོས་པ་ལལ་ཕན་ཐོག་རྒྱ་ཆེན་པོ་བྱུང་འདུག ཟེར། སྔོན་ཡིན་ན་གནས་འདིར་བྱ་རིགས་ཆེ་ཆུང་པོ་བསད་ནས་གསོལ་སྟོན་ཡོད་ཀྱང་དམ་པའི་ཆོས་བཤད་པས་ཇེ་ཉུང་དུ་སོང་ཡོད་ཟེར། དེ་ནས་ཅུང་མ་འགོར་བར་ངའི་ཉེ་འཁོར་དུ་ཡ་ཐོད་འཛུམ་གྱི་གང་བའི་གྲོགས་པོ་འགའ་རེས། ཤོག་སྒམ་མཛེས་པ་དང་དང་མེ་ཏོག་སྣ་ཚོགས་ཁྱེར་བའི་མི་སྣ་འགའ་ཞིག་ཟང་ཟིང་དང་ལིང་ལིངས། ཧ་ལོ། ཧེ་པེས་ཁུ་སིམ་མུ་སིམ། ཧེ་པེས་ཧོ་ལེ་དྷྰེ ། ཞེས་ཀྱེ་གྲོགས་པོ། ཡེ་ཤུ་སྟོན་པའི་དུས་ཆེན་བཟང་པོ་དང་སྐྱིད་པའི་ཉི་མ་ཡོང་བར་ཤོག ཅེས་་་། བླ་མ་རིན་པོ་ཆེ་ཞེས་འབོད་ཀི་འདུག ང་རང་ནི་གནས་འདིར་བསླེབས་ནས་ལོ་ངོ་གཅིག་ཙམ་མ་གཏོགས་ཕྱིན་མེད་དོ། གནས་འདིར་བོད་མི་རིགས་ཡིན་པ་ནི་ང་རང་མ་གཏོགས་བོད་རིགས་མི་གཅིག་ཀྱང་འདུག ཁོ་ཚོས་འབོད་པ་བཞིན་མཉམ་དུ་ལྷག་ལྷའི་ཆོས་ཚོགས་ཀྱི་ཉེ་འཁོར་དུ་རྡོ་རྗེ་ཕུར་བ་རྩེ་མོ་གྱེན་དུ་བསྟན་པ་ལྟ་བའི་ལྷ་ཁང་ཞིག་ཆེན་པོ་ཞིག་ཡོད་པ་དེའི་ནང་དུ་སོང་། །དེས་ནང་དུ་སྐྲ་དམར་སེར་ཅན་དང་གོས་དཀར་ནག་སོགས་སྣ་ཚོགས་གྱོན་པའི་གྱི་ཡེ་ཤུ་འགའ་རེས་བརྩེ་བའི་གླུ་དང་འདོན་པ་དབྱངས་སུ་གྱེར་ནས་ཡེ་ཤུ་སྙིང་རྗེའི་སྟོན་པ་ཡིན་པས་བརྩེ་བ་དང་བྱིན་རླབས། ལྷ་བྱིན་གྱིས་རློབས་ཞེས་ཚང་མས་མཉམ་འདོན་བྱས་མཐར། །ཚོགས་རྫས་འདྲ་བོ་དང་དམ་ཆུ་ལྟ་བུ་འགྲིམ་གྱིན་འདུག །ལོ་ཆུང་དེ་གཉིས་དང་དངུལ་གསོག་པ་སློང་མོ་མཁན་དང་བཅས་ཡོང་ནས་གྲལ་འགྲིམ་སྟེ་ཐོག་མ་ང་ལ་གནང་བྱུང་། ངས་ཐུགས་རྗེ་ཆེ་ང་ལ་དེ་མི་དགོས་ཞུས་ནས་དངུལ་གསོག་མཁན་དེ་ལ་དབྱིན་སྒོར་བཅུ་ཕུལ་བ་ཡིན། འདོན་པ་ཚར་ནས་དགེ་རྒན་དེ་ཡང་ཚང་མ་ལ་ལག་འཇུ་དང་འཁྱུད་ནས་ལྷ་ཡིས་བྱིན་གྱིས་རློབས་ཟེར་བཞིན་ཚང་མ་མཛའ་མཐུན་གྱི་རྣམ་གྱུར་ཡག་པོ་དང་ཞལ་བྲོ་རྣམ་འགྱུར་བསྟན་གྱིན་འདུག ཡིན་ན་ཡང་ང་རང་ནི་ཁོ་ཚོ་ལ་མཛའ་མཐུན་གྱི་ལྟ་བ་དང་ཁྱེད་ཚོས་དགའ་སྟོན་ལ་ཡོང་བ་ཡིན་པས་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན་ཞེས་ལབ་ནས་བཟའ་གཏུང་མཉམ་དུ་བྱས་པ་ཡིན། ང་རང་གི་བསམ་པ་ལ་ཡེ་ཤི་ཆོས་པ་འདི་ཚོ་ཡག་ཤོས་ནི་ཁྱི་དང་ལི་ལི་ཚོ་ལ་ཡང་གཟའ་ཚང་གང་བོ་ལྟ་བུ་སྙིང་རྗེ་དང་བྱམས་བརྩེ་ལྟ་བཞིན་འདུག་མོད། བྱ་རིགས་ས་ཡ་དུ་མ་བསད་པའི་དུས་ཆེན་ཞིག་རེད་པས་སྙིང་རྗེ་ཕྱོགས་རིས་ཅན་རེད་འདུག ཡེ་ཤི་སྟོན་པ་རང་གི་དངོས་གསུང་པའི་བཀའ་འགྱུར་ལྟ་བུ་མི་འདུག །སློབ་མ་པེ་ཏ་དང་མག་གདའ་མེ་རིས་ལས་བརྒྱུད་པ་ཞིག་འགྱུར་བ་བསྒྱུར་བའི་ཆོས་བརྒྱུད་དུ་མ་བྱུང་ཡོད་ཟེར་ཀི་འདུག ། ང་རང་གི་དེ་དུས་བསམ་ཆའི་དགའ་སྐྱོ་དག་ཚིག་བཅད་དུ་ཞུས་པ་ན་འདི་ལྟར། །
ཨེ་མ་ཧོ།
ཐབས་མཁས་ཐུགས་རྗེའི་སྟོན་པ་བཅོམ་ལྡན་འདས། །
གཞན་ཕན་དོན་གཉེར་གནང་བ་རྒྱལ་བའི་སྲས། །
སྲིད་པའི་ཆོས་བརྒྱད་བྲལ་བའི་དགྲ་བཅོམ་པ། །
བཟང་ངན་བླང་དོར་ཤེས་པ་ཀུན་ལ་བསྔགས། །
སྟོང་ལོ་གཉིས་ཕྲག་འདས་པའི་སྔོན་རོལ་ན། །
གསང་གསུམ་རྟེན་འབྲེལ་བཟང་བའི་དགེ་མཚན་བཅས། །
བྱམས་བརྩེ་ཡེ་ཤུ་སྟོན་པ་སྙིང་རྗེ་ཅན། །
ཉམ་ཐག་འགྲོ་བའི་དཔལ་དུ་བྱོན་པར་གྲགས། །
འཁྲུངས་སྐར་དུས་ཆེན་ཚེས་པ་ལེགས་བཟང་མོད། །
ཉམ་ཐག་དུད་འགྲོ་བྱེ་བའི་ཚེ་སྲོག་ལ། །
ཉིན་གཅིག་གནོད་པ་འདི་འདྲ་བསམ་པའི་ཚེ། །
ཕྱིས་བཞག་སྲོལ་ངན་རྗེས་འཇུག་སློབ་མས་སྤེལ། །
ཡེ་ཤུ་བྱེ་བྲག་འདོད་པའི་གཙོ་ཕལ་འདི། །
ལྷ་ཉིད་རྟག་པས་སྣོད་བཅུད་བྱས་སོ་ཞེས། །
མུ་སྟེགས་འཇིག་རྟེན་བྱེད་པོ་འདོད་པ་ཚོ། །
བྱམས་དང་སྙིང་རྗེ་ཕྱོགས་རིས་ལྟ་བ་གོལ། །
གཡུང་དྲུང་གོ་རྟགས་ཅན་གྱི་གནའ་ཡེ་གཅིག །
ཅུང་ཟད་ལྷོད་ཡང་སང་བའི་དུང་ཡེ་གཉིས། །
རིག་རྩལ་དེང་རབས་འདོད་པའི་ཚན་རིག་གསུམ། །
བཟང་ངན་སྙིགས་དོར་བྱུང་ན་ཤིན་ཏུ་ལེགས། །
ནང་ཆོས་དགའ་བའི་རྒྱ་རིགས་དབྱིན་རིགས་ཚོས། །
ང་ལ་ཞེ་ས་བྱེད་པ་ཐལ་དྲག་ཀྱང་། །
ང་ནི་མི་འདོད་འདྲ་མཉམ་ལྟ་བ་འདི། །
སེམས་ཉིད་ཅུང་ཟད་ཤེས་པའི་བརྡ་རུ་གོ །
ཆུང་ནས་ཤེས་བྱ་སློབ་པའི་གོ་སྐབས་བཟང་། །
དཔལ་འབྱོར་ཚན་རིག་ཡར་རྒྱས་ལུང་པ་འདིར། །
རང་དོན་ཁོ་ན་བརྩོན་པའི་འཇིག་རྟེན་པ། །
དམ་ཆོས་མ་ཤེས་ཕྱུགས་དང་གཉིས་སུ་མེད། །
ཕྱི་གླིང་འདི་ཚོ་ཇི་ལྟར་སྐྱིད་ན་ཡང་། །
རང་གླིང་གངས་ཅན་བརྗེད་པའི་གོ་སྐབས་བྲལ། །
ནང་ཆོས་ཕྱི་གླིང་ཡུལ་དུ་སྤེལ་བ་འདི་། །
ཡང་དག་སྤྱོད་ན་སངས་རྒྱས་བསྟན་པ་ལགས། །
གུ་རུ་རྡོ་རྗེ་གྲོ་ལོད་སྒྲུབ་ཆེན་སྐབས། །
གསེར་མདོག་ལྕང་ལོ་ཅན་གྱི་དགེ་སྦྱོང་ཚོས། །
ཐུན་བཞི་ལས་དྲུག་ངང་ནས་བསྐྱེད་རྫོགས་བསྒོམ། །
ལས་བཞིར་འབད་པའི་དགེ་སྦྱོར་ཡིད་དུ་འོང་། །
ཞེ་ཆེན་རབ་འབྱམས་འཁྲུངས་སྐར་དུས་ཆེན་གཅིག །
ཡེ་ཤུ་སྟོན་པའི་འཁྲུངས་སྐར་རྩ་ཆེན་གཉིས། །
ཡོངས་འཛིན་གླིང་རིན་འདས་མཆོད་ཚོགས་འཁོར་གསུམ། །
མི་འགལ་མཉམ་རོལ་དགའ་སྟོན་ཨེ་མ་ཧོ། །
ཆོས་ལུགས་དད་པའི་རང་མོས་ཡིན་ན་ཡང་། །
ཆོས་དོན་མ་གོ་ཕྱོགས་རིས་ལྟ་ཅན། །
ཆགས་སྡང་རྨོངས་པའི་བསྡུས་ར་འཕེལ་བ་འདི། །
འཇིག་རྟེན་ཚོར་བའི་རྩོད་པ་ཀྱེ་མ་ཧོ། །
ཞེས་༢༠༠༩ ༡༢ ༢༥ ལ་ཅི་དྲན་དུ་དྲ་གྲོགས་ཚོ་ལ་ཕུལ།

0 comments:

ཟིན་བྲིས་འཚོལ་ཡུལ