དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday, 3 May 2011
༄༅། །ནང་གླིང་དུ་བསྐྱོད་པའི་བདེན་གཏམ་གྱི་རི་མོ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ས་ཏྭ་ཡ། །
སྙིགས་ལྔའི་མུ་ནག་འཁྲིགས་པའི་མཐའ་མེད་ཀྱི་རྒྱ་མཚོར། །
དམོ་ངན་གཡོ་སྒྱུ་འཁྲུག་པའི་རྦ་རླབས་ཀྱི་ཁྲོད་ནས། །
བདེན་སྨྲར་དགའ་བའི་དེད་དཔོན་གྲུ་གཟིངས་དེར་ཞུགས་ཤིང་། །
རྡོ་བྲག་རླབས་རྩེར་གཤགས་པའི་སྙིང་སྟོབས་ཀྱི་ཐབས་མཁས། །
ནུབ་མེད་རྒྱལ་དར་བསྒྲེང་བའི་ཚེ་གཅིག་གི་འདུན་པ། །
རིག་དང་རྐང་པར་ལྡན་པའི་གཟུ་དཔང་དག་མཆིས་ལགས། །

རྡུལ་ཕུང་བྱེ་བས་གྲུབ་པའི་སྣང་བྱེད་ཀྱི་ཉི་ཟླ། །
གཡོ་སྒྱུའི་འཁྲུག་པའི་ཁྲག་མདོག་རླུང་དམར་གྱིས་སྒྲིབ་ཀྱང་། །
དྲི་མེད་ནམ་མཁར་མཐོང་བའི་རང་བྱུང་གི་མིག་ཟུང་། །
གཞི་མེད་ལོག་པར་ལྟ་བའི་འདྲེ་སྲིན་གྱི་རིགས་ལ། །
ཚར་གཅོད་རྗེས་འཛིན་ནུས་པའི་ལུང་རིགས་ཀྱི་འོད་སྣང། །
འཇིགས་མེད་གནམ་ལྕགས་རྡོ་རྗེའི་གོ་ཁྲབ་ཅིག་མཆིས་ལགས། །

ཀླད་མེད་ཆུ་སྐྱར་ངང་མོས་ཆུའི་རིས་ཀྱི་དམ་བཅའ། །
མཚོར་བྲག་ངོགས་སུ་རྗེས་དྲན་ཇི་ལྟར་དག་སྣང་ཡང་། །
མི་བརྟན་ཆུ་མཚོར་ཡི་གེ་སྙིང་མེད་ཀྱི་གཟུགས་བརྙན། །
མཐོང་མེད་མྱུར་འཇིག་མི་རྟག་བསྐུལ་མ་འདི་མཐོང་ཚེ། །
རྟག་བརྟན་འགྱུར་མེད་རྡོ་རྗེ་ཕ་ལམ་གྱི་རི་མོ། །
བསུབས་མེད་སྙིང་ལ་གཉེར་བའི་ཡིད་དམ་ཞིག་ཆགས་སོང་། །

སྟེང་འོག་ཕྱོགས་བཞིའི་རྦ་རླབས་དྲག་པོ་རུ་བརྡབས་ཀྱང་། །
གནམ་ལྕགས་རྡོ་རྗེར་གྲུབ་པའི་གྲུ་གཟིངས་འདི་མི་འཇིག །
རྒྱ་མཚོ་ནོར་གླིང་བགྲོད་པའི་བར་ཆད་ཀུན་སེལ་ངེས། །
ཚེ་གཅིག་འཇུ་ཐག་དམ་བཅའ་འདི་ཀ་རང་ལགས་སོ། །
རང་གཞན་སངས་རྒྱས་འགྲུབ་པའི་སྨོན་འདུན་ཞིག་ཞུའོ། །
ཞེས་པ་འདི་ནི་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་གུས་ཕུལ། །

0 comments:

ཟིན་བྲིས་འཚོལ་ཡུལ