དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 3 May 2011
༄༅། །གནས་གསུམ་མཁའ་འགྲོ་དང་ལྷ་མོའི་ཚོགས་ལ་བསྟོད་པ ཌྰཀྐི་དགྱེས་པའི་དོ་ཧ་བཞུགས་སོ། །
ན་མོ་གུ་རུ་དེ་ཝ་ཛྙྰ་ན་ཌྰཀྐི་ཡེ། ། ལྷན་སྐྱེས་ཀུན་ཏུ་བཟང་མོའི་ཨེ་ཀློང་གི་དཀྱིལ་འཁོར། ། ཞིང་སྐྱེས་རྡོ་རྗེ་རྣལ་འབྱོར་ཝྃ་ཡིག་གི་སྒྱུ་འཕྲུལ། ། སྔགས་སྐྱེས་ཌྰཀྐིའི་རྒྱལ་མོ་ཡེ་ཤེས་ཀྱི་མཚོ་རྒྱལ། ། སྙིང་དབུས་མི་ཕྱེད་དད་བརྒྱའི་འདབ་སྟོང་ལ་བཞུགས་མཛོད། ། པད་དཀར་རྒྱས་པ་ལྟ་བུ་ལང་ཚོ་ཡི་དབང་ཕྱུག ། མཇལ་བས་བདེ་ཆེན་མཆོག་སྟེར་ཨུཏྤལ་གྱི་མིག་ཟུང་། ། གཟུགས་སྐུ་རྣམ་སྤྲུལ་ངོམ་པའི་ཡིད་འཕྲོག་གི་ལྷ་མོ། ། རྨད་བྱུང་སྐུ་ཡི་རྡོ་རྗེའི་སྒེག་ཉམས་ལ་འདུད་དོ། ། རྣམ་དཀར་སྲིད་འདིར་མཛེས་སྡུག་ཟླ་གཞོན་གྱི་ལོངས་སྤྱོད། ། མཚུངས་མེད་ཡིད་བཞིན་ནོར་བུའི་དོ་ཤལ་གྱིས་བརྒྱན་པའི། ། མཛེས་སྡུག་མཚན་དཔེའི་ལང་ཚོ་ཡིད་འོང་གི་ལྷ་མོ། ། ཕྲེང་འཛིན་གསུང་གི་རྡོ་རྗེའི་རྣམ་འགྱུར་ལ་འདུད་དོ། ། འཇམ་མཉེན་པུན་ཌ་རི་ཀའི་ན་གཞོན་ལ་གནས་ཞིང་། ། རེག་འཇམ་དབང་པོའི་གཞུ་ཡི་འཁྲི་ཤིང་གི་སྦུད་པའི། ། གསུང་སྙན་འགྱུར་ཁུགས་སྟོང་གི་སྒྲ་དབྱངས་ཀྱི་ལྷ་མོ། ། དབྱངས་ཅན་གླུ་གར་རྒྱ་མཚོ་རང་བཞིན་ལ་འདུད་དོ། ། བུང་བ་པདྨའི་དགའ་ཚལ་གཡོ་བ་ཡི་ཟློས་གར། ། ཕྱག་ཞབས་རིན་ཆེན་གདུ་བུའི་མཛེས་གར་ལ་རྩེན་པའི། ། མིག་འཕྲུལ་སྒྱུ་མའི་ལྟད་མོ་སྟོན་པ་ཡི་ལྷ་མོ། ། བྲོ་གར་དབང་ཕྱུག་རིག་བྱེད་རྒྱལ་མོ་ལ་འདུད་དོ། ། བཅུ་དྲུག་ལང་ཚོས་མྱོས་པའི་རྣམ་འགྱུར་དེ་ངོམ་པས། ། མཆོག་དགའི་ཡ་མཚན་སྟེར་བའི་མཛའ་གྲོགས་གི་དྭངས་མ། ། ལྷན་སྐྱེས་དྲི་ཞིམ་བདུག་སྤོས་དྲི་བཟང་གི་ལྷ་མོ། ། རྒུད་སེལ་དྲི་མཆོག་བདུག་སྤོས་རྒྱལ་མོ་ལ་འདུད་དོ། ། ཚངས་དབང་འཆི་མེད་བུ་མོའི་འཇོ་སྒེག་ལས་ལྷག་ཅིང་། ། རྨད་བྱུང་མཛེས་པའི་ལང་ཚོའི་ཡོན་ཏན་ཀུན་རྫོགས་པའི་། ། ཨུ་དམ་ཝ་རའི་ཆུན་འཕྱང་ཡིད་འཕྲོག་གི་ལྷ་མོ། ། པདྨ་གེ་སར་བྱེ་བའི་སྙིང་ནོར་ལ་འདུད་དོ། ། དམར་སེར་ལི་ཁྲི་མདངས་འཛིན་ཤེས་རབ་ཀྱི་ལྷ་མཆོག ། རབ་འབྱམས་མཁྱེན་བརྩེའི་འོད་སྟོང་སྤྲོ་མཛད་ཀྱི་འཕགས་མ། ། མ་རིག་རྨོངས་ཀུན་བསལ་བའི་དེད་དཔོན་གྱི་ལྷ་མོ། ། སྣང་སྲིད་ཀུན་གསལ་ཀུན་ཁྱབ་རྒྱལ་མོ་ལ་འདུད་དོ། ། འཆི་མེད་སྒེག་མོའི་དཔལ་འཛིན་སྨིན་ལེགས་ཀྱི་མཛེས་མ། ། ཞལ་བཟང་ཨུཏྤལ་དཀར་པོའི་དྲི་ཞིམ་ནི་འཐུལ་ཞིང་། ། བཟང་དྲུག་སྨན་མཆོག་སྟེར་བའི་དགྱེས་མཆོད་ཀྱི་ལྷ་མོ། ། ནད་རིགས་ཀུན་སེལ་སྨན་པའི་རྒྱལ་མོ་ལ་འདུད་དོ། ། ལང་ཚོའི་ཆ་ཤས་ཀུན་རྫོགས་རྒྱལ་ཀུན་ཀྱི་ཡུམ་ཆེན། ། རྣམ་ཐར་རྒྱ་མཚོ་བསྟན་པའི་དྲི་མེད་ཀྱི་མེ་ལོང་། ། སྣང་སྲིད་རྣམ་འགྱུར་འཆར་བའི་མཛེས་སྡུག་གི་ལྷ་མོ། ། མ་ལུས་ཀུན་མཁྱེན་རིག་མའི་རྒྱལ་མོ་ལ་འདུད་དོ། ། ཏིང་འཛིན་རི་མོ་མཁན་གྱི་བྲིས་པ་ཡི་བཞིན་རིས། ། རབ་མཛེས་མནྡྷྰ་ར་ཝས་ཐོད་བཅིངས་ཀྱི་དབུ་རྒྱན། ། རབ་སྙན་རྔ་ཟླུམ་སྒྲ་འབྱིན་བདེ་སྟོང་གི་ལྷ་མོ། ། ཐུབ་བསྟན་ཕྱོགས་ལས་རྣམ་པར་རྒྱལ་མ་ལ་འདུད་དོ། ། རིན་ཆེན་སོར་གདུབ་འཁྲོལ་བའི་ཕྱག་རྒྱ་ཡིས་པི་ཝཾ། ། དྲི་ཟའི་བུ་མོར་འགྲན་པའི་སྒྲ་སྙན་གྱི་རོལ་མོ། ། རྣ་བའི་དཔྱིད་དུ་སྒྲེངས་པའི་དབྱངས་ཅན་གྱི་ལྷ་མོ། ། རྟེན་འབྲེལ་མཚོ་འཁྲུངས་བརྡ་སྤྲོད་རྒྱལ་མོ་ལ་འདུད་དོ། ། དགའ་བདེ་བཅུ་དྲུག་དག་པའི་རླུང་རྟ་བསྐྱོན་ནས། ། ཐིག་ལེ་བཅུ་དྲུག་རྫོགས་སྨིན་སྒྱུ་འཕྲུལ་གྱི་དག་མཉམ། ། སྟོང་ཉིད་བཅུ་དྲུག་གླིང་བུའི་སྒྲ་སྙན་གྱི་ལྷ་མོ། ། ཆོས་ཉིད་རང་བཞིན་སྟོན་པའི་རྒྱལ་མོ་འདུད་དོ། ། ཟླ་གཞོན་པད་དཀར་མཛེས་པའི་ལང་ཚོ་ཡི་གཟི་དཔལ། ། མཐོང་འཛིན་བདུད་རྩི་སྦྱིན་པའི་དགའ་བདེ་དང་ཆབ་གཅིག ། སྙན་འགྱུར་རྫ་རྔའི་སྒྲ་སྒྲོགས་ན་ཆུང་གི་ལྷ་མོ། ། གཡུལ་རྒྱལ་དམ་ཆོས་སྟོན་པའི་དཔལ་མོ་ལ་འདུད་དོ། ། སྟོང་ཉིད་ནམ་མཁའི་རྒྱན་གྱུར་ལྷ་མཆོག་གི་གོས་བཟང་། ། རིན་ཐང་བརྗོད་དུ་མེད་པའི་སྲབ་འཇམ་གྱིས་བཀླུབས་པའི། ། མིག་འཕྲུལ་ཕྱག་རྒྱའི་རྩེད་སྒྲོན་མཛའ་བརྩེ་ཡི་ལྷ་མོ། ། འཇམ་མཉེན་རེག་བྱའི་ཤེས་རབ་རྒྱལ་མོ་ལ་འདུད་དོ། ། ཆགས་མེད་ཆགས་པ་ཆེན་པོའི་ཟུར་མིག་གི་རྩེན་པས། ། དཔའ་བོའི་ཡིད་ལ་མྱོས་པའི་ཆོམ་རྐུན་ལྟར་སྣང་བ། ། ཕྱག་ནས་རོ་བརྒྱའི་ཟས་སྟེར་ཕོངས་མེད་ཀྱི་ལྷ་མོ། ། ནོར་ལྷ་ཀུན་འདུས་རོ་མཆོག་རྒྱལ་མོ་འདུད་དོ། ། བདེ་བས་བདེ་བ་མཐར་སོན་སྟོང་ཆེན་གྱི་རྣམ་འཕྲུལ། ། བདེ་ཆེན་ཆོས་ཀྱི་འབྱུང་གནས་མངལ་ཁུར་གྱི་བདག་མོ། ། བདེ་སྟོང་ངང་ལས་རྒྱལ་ཀུན་བསྐྱེད་ཡུམ་གྱི་ལྷ་མོ། ། ཆོས་དབྱིངས་རང་བྱུང་སྐྱེ་མེད་རྒྱལ་མོ་ལ་འདུད་དོ། ། ཡེ་སྟོང་གདོད་མའི་རང་རྩལ་འགགས་མེད་དུ་སྣང་བ། ། ལྷུན་གྲུབ་གཟུགས་སྐུའི་རོལ་གར་འབུམ་ཕྲག་ཏུ་སྤྲོ་མཛད། ། རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཕྲིན་ལས་ཀྱི་སྤྱི་དཔལ། ། འཕགས་མ་རྗེ་བཙུན་ལྷ་མོ་འཁོར་བཅས་ལ་འདུད་དོ། ། སྣང་སྟོང་ལྷུན་གྲུབ་དཀྱིལ་འཁོར་དེ་ཉིད་དེ་མཐོང་ཞིང་། ། བདེ་སྟོང་ཟུང་འཇུག་ཕྱག་ཆེན་ཉམས་མྱོང་དུ་རོལ་བས། ། རིག་སྟོང་དབྱེར་མེད་སྣང་བཞི་མངོན་གྱུར་ནས་ཐོབ་ཏེ། ། མཐའ་ཡས་འགྲོ་ཀུན་འདྲེན་པའི་དེད་དཔོན་ཉིད་སྨོན་ནོ། །
ཞེས་པའང་དབྱིན་ཇིའི་ཚན་རིག་མཁན་མོ་མཁའ་འགྲོ་ཆོས་སྒྲོན་དང་དམ་ཆོས་སྒྲོན་མ་སོགས་ཀྱིས་ཡང་ཡང་བསྐུལ་ངོར་བསང་མཆོད་སྐབས་སུ་ཐོལ་བྱུང་དུ་རབ་རྒྱན་ས་གླང་གླང་ཟླའི་བཞི་རྒྱལ་གྱི་དུས་ཆེན་ནམ་༢༠༠༩ ༦ ༡༦ ཉིན་བུདྡྷྰ་ཛྙྰ་ནའི་ཆོས་གླིང་དུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་བརྒྱུད་གསུམ་མཁའ་འགྲོ་རྣམས་ལ་རྩེ་གཅིག་ཏུ་གསོལ་བ་འདེབས་པ་ཤྲྰི་དྷརྨྰ་སརྦ་ལོ་ཀ་བི་ཛ་ཡནྟུ། །

0 comments:

ཟིན་བྲིས་འཚོལ་ཡུལ