དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 3 May 2011
སྙིང་གཏམ་དྲོན་མོ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །

དཀོན་མཆོག་ཀུན་འདུས་ངོ་བོ་བཀའ་དྲིན་ཅན། །
འདྲེན་མཆོག་དཔལ་ལྡན་བླ་མར་གསོལ་བ་འདེབས། །
མ་རིག་ལོག་རྟོག་འཁྱམ་པའི་འགྲོ་བ་ཀུན། །
ཀུན་བཟང་རིག་པའི་ཡེ་ཤེས་དོན་རྟོགས་སྨོན། །

ཚུར་ལ་དགོངས་དང་ཆོས་མཐུན་གྲོགས་པོ་ཚོ། །
སྡང་སྡང་གཤེ་གཤེ་མ་གནང་སྙིང་གྲོགས་ཚོ། །
སྙིང་ལ་ཅི་ཡོད་ཁ་ནས་མ་བཤད་ཚེ། །
ཁ་ཁོག་མི་མཚུངས་གཏམ་ལ་ཡིད་ཆེས་སམ། །

དོན་ལ་ཡོད་ཚད་རིགས་པས་བརྟག་ཅིང་དཔྱད། །
གཤིས་ལ་གནས་པའི་ངོ་བོ་ཉིད་མཐོང་ན། །
རང་བྱུང་རིག་པའི་ཡེ་ཤེས་དེ་ཁོ་ན། །
རང་རྒྱུད་ཡོད་རུང་གཞན་དུ་འཛིན་པར་འཁྲུལ། །

འཁྲུལ་རྟོག་ལོག་ཤེས་འཇོམས་པའི་ཐབས་ཤེས་སམ། །
རང་བྱུང་གནས་ལུགས་བཤད་པའི་བདེན་དྲང་ལ། །
གཟུར་གནས་བློ་ལྡན་དོན་གཉེར་ལེགས་སློབ་ན། །
རིང་མིན་རང་བྱུང་རིག་པའི་ངོ་བོར་མཐོང་། །

རང་ཉིད་མི་བརྩོན་གཞན་ལ་སྨད་ཅིང་སྡང་། །
གནས་ལུགས་མི་ཤེས་ཆོས་ལུགས་ཕྱོགས་རིས་མཁན། །
ཆགས་སྡང་རྨོངས་པའི་སེམས་ཁ་མ་དམའ་ན། །
གང་ཡང་ནུས་པ་མི་ཐོན་གང་ཟག་སྐྱོན། །

འདོད་ཆགས་གཉེན་པོར་ཉན་ཐོས་སྡོམ་པར་འབད། །
ཞེ་སྡང་གཉེན་པོར་བྱང་སེམས་བསླབ་པར་བརྩོན། །
གཏི་མུག་གཉེན་པོ་གསང་སྔགས་དམ་ཚིག་སྤྱོད། །
གསུམ་ལྡན་རྡོ་རྗེ་འཛིན་ལ་རྟག་བརྩོན་མཛོད། །

སོར་སྐྱེའི་གཅིན་སྐྱག་འདྲེས་པའི་དོ་ར་རུ། །
འཕགས་ཆོས་བདུད་རྩི་འགྲིམ་པར་དཀའ་ལགས་མོད། །
ཤིང་བཟང་དྲི་དང་གསེར་གླིང་དཔེ་བཞིན་དུ། །
སྙིང་པོའི་ཆོས་འདི་སྙིང་ནས་བསྟན་པར་སྤྲོ ། །

ལྕགས་ལ་གསེར་འགྱུར་ཐེབས་པའི་དཔེ་དོན་ལྟར། །
དོན་ལ་སྙིང་པོར་ལོན་པའི་མི་ལུས་ལ། །
རིན་ཆེན་རིན་ཐང་ལྡན་པར་ངོ་ཤེས་ན། །
སྣང་གྲགས་རིག་པ་སྐུ་གསུམ་བརྒྱན་དུ་ཆེ། །

རྒྱུ་དང་དངུལ་གྱི་རིན་ཚད་ངར་མི་དགོས། །
དུང་དང་རོལ་བསུའི་སྣ་འདྲེན་ངར་མི་དགོས། །
ཁྲི་དང་གདུགས་ཀྱི་ངོམས་ཆོས་ངར་མི་དགོས། །
ཆོས་དང་མཐུན་པའི་བསམ་སྤྱོད་གནང་རོགས་ཞུ། །

དམ་ཆོས་བརྟེན་ནས་སྡིག་གི་ལས་མི་གསོག །
སྲིད་ཆོས་བརྟེན་ནས་དབྱེན་རྐུ་རྫུན་མི་བྱེད། །
ཆོས་དང་མཐུན་པའི་བྱ་བ་རྣམ་དག་ཅིག །
རིགས་པས་གཞལ་ནས་འདི་ཕྱིའི་དོན་སྒྲུབ་བོ། །

བླ་མ་བསམ་ན་ཐབས་ཤེས་དོན་མཐོང་གཅིག །
གདམས་ངག་བསམ་ན་རང་རྒྱུད་འདུལ་ནུས་གཉིས། །
གྲོགས་མཆེད་བསམ་ན་ཁ་ཁོག་མཐུན་པ་གསུམ། །
ལྡན་ན་ཆོས་དང་འཇིག་རྟེན་ལེགས་པར་འགྲུབ། །

ཁ་ནས་བསྟན་འགྲོར་ཕན་བདེ་སྒྲུབ་ཁུལ་ལོ། །
ཁོག་ནས་རང་ཁ་གསོ་བའི་ཐབས་སྟོན་མཁན། །
སྟོན་པ་དེ་ཚོས་བསྟན་པ་བསྣུབ་པ་ལ། །
ལུང་དང་རིགས་པ་ཡོད་ན་དེ་ཚོ་རྒྱོབས། །

ཆོས་ལ་བཀུར་བཏབ་གྲོགས་ལ་ངན་སྨྲས་བརྗོད། །
སྲིད་ལ་ཁ་ཁྱེད་རང་ལ་རྒྱུ་ཐོབ་དམིགས། །
རྒྱ་ལ་ངོ་སྟོན་བོད་ལ་རྐུབ་སྟོན་པའི། །
བླ་བཙོང་དེ་ཚོ་སྲིད་ན་དབེན་གྱུར་ཅིག །

དཔལ་ཡོན་དགྱེས་པའི་དགྱེས་པ་རྡོ་རྗེ་ངས། །
མང་མང་བསམ་བློ་གཏོང་བར་མ་བྱས་ཀྱང་། །
བཅོས་མིན་ལོག་རྟོག་འཁྲུལ་བ་རྒྱུན་འབྱམས་པས། །
ཨ་རིའི་ཡུལ་ནས་ཨ་ཁུའི་ངག་འདི་ཤོར། །

དགེ་བས་ཆོས་དང་ཆོས་མིན་ལེགས་མཐོང་ནས། །
ཆོས་སྲིད་མི་ནུབ་བསྟན་པའི་རྒྱལ་མཚན་བསྒྲེངས། །
ཆོས་བཞིན་སྤྱོད་པས་ས་ཆེན་འདི་གང་ནས། །
ཆོས་སྲིད་དབྱར་གྱི་མཚོ་ལྟར་རྒྱས་གྱུར་ཅིག །

ཅེས་པ་འདི་ནི་ཕྱི་ནང་རྒྱལ་ཁབ་དུ་མ་ནས་ཆོས་པའི་གཟུགས་བརྙན་མཐོང་དྲག་པ་དང་ཆོས་ལ་བཀུར་བཏབ་མང་མང་བྱེད་པ་འདི་ཚོ་ཆོས་ཀྱི་སྐྱོན་མིན་པར་སྒེར་གྱི་སྐྱོན་ཡིན་པར་ཤེས་པའི་ཐབས་སུ་ཤྲྰི་ཨནྣྟ་བཛྲས་སོ།། །།

0 comments:

ཟིན་བྲིས་འཚོལ་ཡུལ