དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday, 7 August 2011

༄༅། །བོད་རིགས་སྲིད་སྐྱོང་བློ་བཟང་སེངྒེ་ལ་ཕུལ་བའི་གཡུལ་རྒྱལ་ལྷ་ཡི་རྔ་སྒྲ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་པདྨ་ཀ་ར་ཡེ། །

སྣང་སྲིད་རྣམ་དག་གངས་ཅན་ལྷ་ཡི་ཞིང་དུ། །ཕུན་སུམ་ཚོགས་པའི་བརྒྱུད་པ་དགུ་ལྡན་བླ་མ། །ཐབས་ཤེས་དམ་ཚིག་འབྲེལ་བའི་རྗེ་འབངས་ཀུན་ལ། །བརྩེ་དུང་རྒྱུན་ཆད་མེད་པའི་དྲན་དབང་བརྟས་སོ། །སྲིད་པའི་གངས་དཀར་ས་ལ་ཆགས་ནས་བཟུང་སྟེ། །ཧི་མ་ལ་ཡ་གངས་རིའི་ཕྲེང་བ་དཀར་པོ། །ཕྱག་ན་པདྨོའི་གདུལ་ཞིང་གངས་ཅན་བོད་ཅེས། ། བདེན་དཔུང་ལྷུན་པོ་གཡོ་བྲལ་བོད་ཀྱི་ཕ་ཡུལ། །འཛམ་གླིང་ལས་ཀྱི་འབྲེལ་བའི་གོ་ལ་ཟླུམ་པོར། །འགྲོ་བ་མི་རིགས་ཀུན་ལས་ཁྱད་པར་འཕགས་པའི། །མཁས་གྲུབ་རྒྱལ་བའི་རིག་འཛིན་བྱང་ཆུབ་སེམས་དཔའ། །སྤྲེལ་སྲིན་རྒྱུད་པའི་གངས་ཅན་སྤུན་ཟླ་རྒྱལ་ལོ། །རིགས་རྒྱུད་ཆོས་དཔལ་རིག་གཞུང་གཞན་དང་མ་འདྲིས། ། བཅུ་ཕྲག་རིག་པའི་གཏེར་མཛོད་ཡིད་བཞིན་ནོར་བུ། །ཕ་ནོར་བུ་ལ་བཞག་ཀྱང་སྤྱོད་དབང་མེད་པས། །མ་རུང་དགྲ་ལས་གཡུལ་རྒྱལ་ཐབས་ཤེས་ངོམས་ཤོག །ཕྱོགས་དུས་རྒྱལ་བའི་གསང་གསུམ་རྡོ་རྗེའི་རོལ་གར། །རིགས་ཀུན་ཁྱབ་བདག་སྒྱུ་འཕྲུལ་དྲ་བའི་གཟི་དཔལ། །གངས་ཅན་ཕན་བདེའི་ཉི་མ་ཆོས་ཀྱི་རྒྱལ་པོ། །༧གོང་ས་ལྷ་མིའི་རྣམ་འདྲེན་བཀའ་བཞིན་སྒྲུབས་ཤིག །ཡུལ་དུས་རྟེན་འབྲེལ་དགེ་བའི་སྤྲེལ་ཟླའི་ཚེས་བཅུ། །ཚོགས་གཉིས་བསོད་ནམས་བསགས་པའི་ཞིང་ས་དེ་ན། །བོད་མི་བོད་ལ་དགའ་བའི་དགྱེས་པ་རྡོ་རྗེས། །གང་ཤར་འབེལ་གཏམ་མེ་ཏོག་མཆོད་པ་འབུལ་ལོ། བདེན་ཆེན་དབུ་མའི་ལམ་བཟང་རྒྱུན་འཛིན་གནང་ནས། །གཞན་ཕན་ཆོས་སྲིད་དབུ་མཆོག་ཡར་ལ་སྐྱོར་དང་། །མེས་དབོན་ཆོས་རྒྱལ་བསྟན་པ་དར་སྤེལ་མཛད་ན། །མི་བུ་སེང་ཆེན་གཉིས་པ་ཁྱེད་ལ་བརྟགས་ཆོག །ཕ་སྐད་བརྡ་སྤྲོད་རིག་པ་བྱང་ཆུབ་སྦྱོང་ནས། །མ་སྨད་བྱམས་བརྩེའི་ཐེག་པ་གཞན་ལ་སྟོན་པ། །འབུམ་རམ་སྲིད་འཛིན་སེངྒེ་ཁྲི་འདོན་མངར་གསོལ། །བཀྲ་ཤིས་བདེ་ལེགས་རྟེན་འབྲེལ་སྨོན་ལམ་བཏབ་ཡོད། །གངས་སེང་རྒྱལ་དར་ཁྲ་མོ་གནམ་ལ་བསྒྲེང་ཞིང་། །གངས་བདག་སྲིད་རྒྱལ་ངར་སྐད་དྲག་ཏུ་བསྒྲགས་ནས། །གངས་ཅན་སེང་ཕྲུག་རྩལ་དྲུག་རྒྱལ་ཁ་ཐོབ་ཕྱིར། །གངས་ལྗོངས་མདུན་ལམ་གསར་པ་མངོན་སུམ་སྟོན་ཤོག །བཙན་རྒྱལ་རིང་ལུགས་བཙན་གནོན་ངང་གིས་ཞི་ཞིང་། །ནང་རྒྱལ་ཆོམ་རྐུན་རང་ལུགས་ཞེན་ཆགས་གྲོལ་ནས། །ཀུན་མཐུན་སྤྱི་དོན་གཞན་ཕན་རབ་ཏུ་བརྩོན་པས། །གཉིས་ཕན་དབུ་མའི་ལམ་བཟང་ཚངས་ཐིག་བཏབས་མཛོད། །གསར་འབྱོར་དཀའ་སྤྱད་རྒུད་པ་རྨིང་ནས་སེལ་དགོས། །བཙན་བྱོལ་སྐུ་དྲག་གཡོ་རྫུན་རྔ་མ་གཅོད་དགོས། །ཕྱི་ནང་བོད་པའི་མདུན་ལམ་གཅིག་ཏུ་སྒྲིལ་དགོས། །སྒྲིག་འཛུགས་བོད་ཁམས་བདེ་བའི་ཕྲིན་ལས་མཛོད་ཅིག ། །ཁ་བའི་ལྗོངས་སུ་ཆོས་སྲིད་བསྟན་སྐྱོང་མཛད་པ། །ཐབས་ཤེས་ཐུགས་རྗེ་སྤྱན་དཀྱུས་པདྨའི་འཛུམ་ཞལ། ། ནམ་ཡང་མ་ཉམས་སྤྱན་རིས་གཟིགས་ལྟར་གནང་དང་། ། བོད་འབངས་ཞི་བདེའི་ཉི་མ་འཆར་བ་ཆོས་ཉིད། །ཀྱེ་མ་སྔོན་དང་ད་ལྟའི་རྒྱུ་ལས་བྱུང་བའི། །མི་འདོད་ཀླ་ཀློ་བཙན་པོས་གནར་བ་མཐོང་ཚེ། །བོད་ཡུལ་སྐྱིད་མེད་སྡུག་གི་རྒྱ་མཚོ་ཆེན་པོ། །སེམས་གྱི་མེ་ལོང་འཆར་བར་བསུབ་ཐབས་མི་འདུག །སྲིད་པའི་གངས་རི་ཕྲེང་བའི་ར་བ་དཀར་པོ། །ཆགས་པའི་ལོ་རྒྱུས་བདེན་དཔུང་མངོན་སུམ་ཡོད་བཞིན། །གྲགས་པའི་རྗེས་སུ་རྒྱུགས་པའི་ཏང་ཡན་འདི་ཚོས། །དག་པའི་ཞིང་ཁམས་འདི་ཡང་རྩོག་པར་བཟོས་སོང་། །རིགས་དྲུག་ཕྱི་མོ་མི་འུ་གདུང་དྲུག་བྱུང་ནས། ། གངས་ལྗོངས་ནོར་འཛིན་བདག་གིར་བཟུང་རབས་གླེང་ན། ། ཆགས་འཇིག་འཁོར་བའི་དར་རྒུད་རྒས་པའི་མཉེར་མ། ། སྐྱིད་སྡུག་སྣ་ཚོགས་ཡོད་པ་དངོས་པོའི་ཆོས་ཉིད། ། བདེན་པའི་ཆོས་སྲིད་དར་དཀར་ཡུག་ཅིག་འདི་ལ། ། ཕྱི་ནང་བོད་རིགས་ཚང་མས་མཉམ་དུ་འཇུས་ནས། ། དྲང་སྲོང་དབུ་མའི་ལམ་སྣར་ཤར་གྱིས་འཐེན་པས། ། འཛམ་གླིང་ཞི་བདེའི་རྟེན་འབྲེལ་དཀར་འཇམ་དྲི་མེད། རང་བྱུང་ས་འཛིན་དཀར་པོ་བདག་ཏུ་བཟུང་ཞིང་། ། ཕུལ་བྱུང་འཁོར་ཡུག་སྲུང་སྐྱོབ་དག་གཙང་མཛད་དེ། ། རྨད་བྱུང་ཀུན་ཁྱབ་རིག་གཞུང་འཛིན་སྐྱོང་སྤེལ་དང་། །གངས་ལྗོངས་བོད་པ་ལས་ལྷག་སྲིད་ན་མི་འདུག ། ཆོལ་གསུམ་ཆོས་ཀྱི་ཞིང་ཁམས་ཁ་བ་ཅན་དུ། ། ཆོས་མེད་འཁུ་འཁྲིག་ཇག་ཚོགས་རྩ་ནས་ཞི་ན། །གངས་དཀར་ལྷ་མོ་དགྱེས་པའི་གྲུབ་འབྲས་མངོན་གསལ། །གོ་ལ་ཟླུམ་པོའི་སྲོག་གི་ཀ་བ་བརྟན་ངེས། །འཚེ་མེད་ཞི་བའི་བདེ་བ་ལྷ་ཡུལ་མཉམ་པས། ། རྒྱལ་ཁམས་གནམ་ས་འགུལ་བའི་འཇིགས་སྐྲག་མེད་པར། །བདེ་དགའ་རང་དབང་ཐོབ་པའི་ཉི་མ་ཤར་ན། །བསྟན་འགྲོའི་དོན་ཆེན་ཞེས་པ་དེ་ཀ་ལགས་སོ། ། བདེན་པའི་ཁྲམ་ཤིང་མཐུ་སྟོབས་ཀླད་ལ་བསྐོར་ནས། ། དམྱལ་ཁམས་བཙོན་དོང་གཉིས་པ་ཁ་ལོ་བསྒྱུར་བས། །པན་ཆེན་ཟླ་བའི་དུང་ཞལ་མྱུར་དུ་མཇལ་ཞིང་། །གཞི་བྱེས་མཉམ་འཛོམ་ཡོང་བའི་རྒྱལ་ཁ་བླངས་ཤོག ། མི་འཇིགས་རང་སྲོག་དམར་པོ་འབེན་ལ་གཙུགས་ནས། ། ཕུ་ནུ་མིང་སྲིང་སྐྱེ་འཆི་གཅིག་ཏུ་སྒྲིལ་བས། ། རང་རིགས་དཔའ་བོ་དཔའ་མོའི་རྗེས་དྲན་རྡོ་རིང་། ། མི་ནུབ་བསྟན་པའི་རྒྱལ་མཚན་གནམ་ལ་སྒྲེངས་ཤོག ། འཆི་བདག་གཤིན་རྗེའི་སྙིང་རྩ་འདར་སྙམ་བྱེད་པའི། ། ཐབས་མཁས་མཐུ་སྟོབས་ནུས་པའི་དཔའ་རྒོད་ངོམས་པས། ། ཝ་སྐྱེས་རྒྱ་དམར་ངན་ཇུས་ཀླད་པ་གཏོར་ནས། ། རིགས་མཆོག་གངས་ཅན་སེངྒེའི་ང་སྒྲ་སྒྲོགས་ཤིག ། དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པའི་སྟོབས་དང་། ། རྩ་གསུམ་ཆོས་སྐྱོང་སྲུང་མའི་བྱིན་རླབས་བདེན་པས། ། རྟེན་འབྲེལ་བསླུ་མེད་བདེན་ཉིད་རྣམ་པར་རྒྱལ་ནས། ། ཇི་བཞིན་འདོད་པའི་དོན་ཀུན་ལྷུན་གྱིས་གྲུབ་ཤོག ། ཅེས་པའང་རབ་རྒྱན་ལྕགས་ཡོས་ཆུ་སྟོད་ཟླ་བའི་ཚེས་བཅུ་ལ་ཁ་བ་གངས་ཅན་པའི་དྲ་རོགས་གྲོགས་པོ་བཟང་ངན་ཀུན་ལ་བགྲོ་གླེང་གི་ཆེད་དུ་དཔའ་གཏམ་ཞིག་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་ཤྲྰི་སྨྱོན་པས་གང་ཤར་གླུ་རུ་བླངས་པར་དགེའོ། ། ༢༠༡༡ ༨ ༨ ལའོ། །

0 comments:

ཟིན་བྲིས་འཚོལ་ཡུལ