དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday, 11 August 2011
སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྐོར།
 
ཕྱོགས་སྟོན།
 
༡ ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྐོར།
 
   འགྲོ་བ་མི་ཞེས་པ་ནི་ཡུལ་གང་ཞིག་ལའང་བསམ་བློ་འམ་བརྟག་དཔྱོད་གཏོང་ཤེས་པའི་བློ་དང་རིག་པ་ལྡན་པའི་སེམས་ཅན་ཁྱད་པར་བ་ཞིག་ཡིན། དེའི་ཕྱིར་ང་ཚོ་སུ་ཞིག་ཡིན་རུང་ཡུལ་ཅན་དབང་ཤེས་འདུས་པ་ཞིག་ཡིན་སྟབས།    ཡུལ་གཟུགས་སམ་ཁོར་ཡུག་ལ་མ་བརྟེན་རང་བརྟེན་དུ་གྱུར་པས།རང་གི་རྟེན་དུ་གྱུར་པའི་སྐྱེས་ཁམས་ཁོར་ཡུག་ལ་བསམ་བློ་གཏོང་དགོས། དང་ཐོག་ང་ཚོའི་རྟེན་དུ་གྱུར་པའི་གོ་ལའི་སུམ་ཆའི་གཉིས་ནི་ནགས་ཚལ་ཡིན་ཡང༌།  དེང་སྐབས་རང་བྱུང་ཁམས་ཀྱི་འགྱུར་ལྡོག་དང་ཁྱད་པར་དུ་དུས་རབས་ཉི་ཤུའི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ནས་སྐྱེས་དངོས་ཁོར་ཡུག་ལ་གནོད་འཚེ་ཆེན་པོ་ཐེབས་ནས་འཛམ་གླིང་ནགས་ཚལ་དང་རྩྭ་ཐང་ཆུ་མིག་མཚོ་་་སོགས་རྒྱ་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་པས་ད་ལྟ་སྔར་གྱི་ཕྱེད་ཀ་ལས་ལྷག་མེད་ཚོད་རེད། མིག་སྔར་ཚན་རིག་མཁས་པའི་བཤད་པ་ལྟར་ན་དུས་ཚོད་སྐར་ཆ་གཅིག་གི་རིང་ལ་ས་ལེ་དབར་བཅུ་ཕྲག་ཙམ་བྱེ་མར་འགྱུར་བཞིན་ཡོད་པ་དང༌། ལོ་གཅིག་ལ་ས་ལེ་བར་ཁྲི་དྲུག་བརྒྱ(༦༠༠་༠༠༠༠)བྱེ་ཐང་དུ་འགྱུར་བཞིན་ཡོད། ༡༩༩༨ལོར་རྒྱ་ནག་ཏུ་ལོ་རྒྱུས་སྟེང་བྱུང་མ་མྱོང་པའི་ཆུ་ལོག་གིས་གནོད་འཚེ་ཐེབས་པ་ཡང་བོད་ཀྱི་རྨ་འ བྲི འི་སྟོད་བརྒྱུད་ཀྱི་སྐྱེ་དངོས་བཅད་པ་དང་གཏེར་ཁ་སྔོག་དྲག་པའི་གནད་དོན་ལ་ཐུགས་ཡོད་པ་འཛམ་གླིང་སྐྱེ་དངོས་སྲུང་སྐྱོབ་རུ་ཁག་དང་འཛམ་གླིང་སྔོ་ལྗང་ཚོགས་པའི་ཚགས་པར་དུ༡༩༩༩ལོའི་ཟླ༡༡པའི་ཚེས༡༦ལ་བཤད་ཡོད། དེས་ན་འགྲོ་བ་མིའི་རིགས་ཀྱིས་འདི་ལྟ་བུའི་དོན་གནས་གལ་ཆེན་ལ་ཐུག་ཚེ་འདས་པའི་དོན་རྐྱེན་ལ་བསམ་བློ་མི་གཏོང་བ་ནི་ནོར་འཁྲུལ་རེད། བཅོམ་ལྡན་འདས་ཀྱིས་ཆོས་གཞུང་དུའང་ཁོར་ཡུག་ལ་གཅེས་སྲུང་བྱེད་དགོས་པའི་བསླབ་བྱ་གང་མང་གསུང་ཡོད་པར་མ་ཟད།རི་དང་ནགས་ཚལ།འབབ་ཆུ་དང་མཚོ། བསྐྱེད་ཚལ་དང་ནེའུ་གསིང༌།  མེ་ཏོག་དང་བཟའ་ཤིང་གི་རྭ་བ་སོགས་ལ་བཅོམ་ལྡན་འདས་ཁོང་ཐུགས་དགྱེས་ཚུལ་མདོ་རྒྱུད་བསྟན་བཅོས་མང་པོའི་ནང་གསུང་ཡོད་པ་དེ་རེད་ལ།ཆོས་མངོན་པ་དང་འདུལ་བ་ལས་ཀྱང་རྗེས་འཇུག་རྣམས་ལ་བསླབ་ཁྲིམས་སྐྱེ་ཤིང་གཅོད་པ་དང་གཅོད་དུ་བཅུག་པ།  ཆུའི་ནང་དུ་བཙོག་གཅིན་གཏོང་བ། ས་བོན་མེར་བསྲེག་པ། སྤང་ཐང་དང་བསྐྱེད་ཚལ་བརླག་པ། ཉལ་ཐ་དང་དུག་འདེབས་པ་སོགས་ལག་ལེན་དུ་འདེབས་མི་ཆོག་གསུང་པ་ལྟར། རི་བོ་གངས་ཅན་པའི་མི་རྣམས་ཀྱིས་ངོ་བོ་སངས་རྒྱས་ཆོས་ལུགས་ཀྱི་རྨང་གཞིའི་སྟེང་ནས།རྣམ་པ་གྲུབ་མཐའའ་གང་ཞིག་ཡིན་རུང༌། བྱེད་ལས་མིའི་ཚེ་སྲོག་དང་ཁོར་ཡུག་སྲུང་སྐྱོབ་སོགས་འཛམ་གླིང་སྤྱིའི་ཚན་རིག་དང་མདུན་སྐྱོད་ཀྱི་གོམ་པ་སྤོ་ཕྱོགས་དང་མཐུན་པ་མ་གཏོགས། ཕྱི་ནུར་ཨུ་ཚུགས་ཀྱི་གླེན་རྟགས་དང༌། མི་མཐུན་ལམ་ལོག་གི་གོལ་ས། མིན་པ་ཡིན་ཚུལ་གྱི་ལོག་བཤད།  མཐའ་དག་བདེན་ཞེན་གྱི་ལྟ་བ་འཛིན་པ་སོགས་གཏན་ནས་མིན་པར་མ་ཟད། མཁས་བླུན་གང་བཤད་ཀྱི་ཚིག་ལ་གླེན་དད་བྱེད་པའི་རྨོངས་པ་ཞིག་དེ་བས་ཀྱང་ག་ལ་ཡིན། དེའི་ཕྱིར་ང་ཚོས་བཤད་པ་ནི་མི་ཚེའི་མདུན་ལམ་དང་ཐོབ་ཐང༌། ལ་རྒྱ་དང་འབྱུང་འགྱུར་འཚོ་གནས་བཤད་ཀིན་ཡོད་པ་མ་གཏོགས་ལྷ་ཆོས་རིག་གནས་ཀྱིས་མི་ཆོས་རིག་གནས་ལ་རྩིས་མེད་རྡོག་རོལ་གཏོང་གིན་མེད། ལྷ་ཆོས་རིག་གནས་དགེ་བ་བཅུ་བོའང་མི་ཆོས་རིག་གནས་དང་འབྲེལ་ཡོད་པ་དཔེར་ན། སེམས་ཅན་གྱི་ཚེ་སྲོག་སྲུང་བ། རྐུན་ཇག་གི་ལས་བསྡམས་པ།གཞན་གྱི་ཆུང་མར་བྱི་བོ་བྱེད་པ་དགག་པ། མིན་པ་ལ་ཡིན་པའི་སྒྲོ་བསྐུར་དང་རྫུན་ཚིག་སྲུང་དགོས་པ། དབྱེན་གྱི་མཐུན་པ་བྱེ་བྲལ་མི་གཏོང་བ། ཚིག་རྩུབ་ཀྱིས་སྐད་ཅོར་མི་རྒྱག་པ། སྙིང་བོ་མེད་པའི་གཏམ་ངན་རླུང་ལ་མི་སྐུར་བ། རྣམ་རྟོག་རྒྱ་ཡན་དུ་བཏང་སྟེ་འདོད་ཡོན་ལ་མི་རྔམ་པ། སྤྱི་ཚོགས་ཐོག་གི་བྱ་བ་བཟང་ངན་གང་ལའང་དཔྱད་པ་ལས་ཧོལ་རྒྱུགས་དང་གནོད་སེམས་མི་བཅངས་བ།  གནས་ལུགས་ཡོད་པའི་ལུགས་སྲོལ་དང་ལམ་ལུགས་རང་སོར་འཇོག་པ་དགོས་པ་ལས་གཏོར་བརླག་དང་ཡང་ན་མེད་པར་བལྟ་མི་ཆོག་པའི་ཁྲིམས་ལུགས་སམ་རིག་གནས་འདི་ནི་མི་ཆོས་རིག་གནས་དང་ལྷ་ཆོས་རིག་གནས་གཉིས་ཀའི་གཞི་མཐུན་ཡིན་པ་རེད།  ལྷ་ཆོས་རིག་གནས་ཀྱི་དགེ་བ་བཅུ་བོ་དེང་སང་འཛམ་གླིང་སྤྱིའི་རྩ་ཁྲིམས་དང་མཐུན་ཞིང༌། དེ་ལ་རྒོལ་བ་དང་རྩ་མེད་དུ་གཏོང་དགོས་པའི་འདུ་ཤེས་འཛིན་མཁན་ཞིག་ཡིན་ན་བྷིན་ལཱ་ཏིང་གི་སྤུན་ཟླར་གྱུར་པ་དང་དབྱེ་བ་མེད། གཞན་ཡང་དུས་ཀྱི་འཁོར་ལོའི་འཇིག་རྟེན་ཁམས་ལེའུ་དང་ཤམ་བྷ་ལའི་མཁའ་སྤྱོད་ཀླད་དོན་ལས་ཀྱང༌། གོ་ལའི་འཇིག་རྟེན་སྣོད་དང་བཅུད་ཀྱི་སེམས་ཅན་གཉིས་རྟེན་འབྱུང་གི་འབྲེལ་བ་ཡིན་པས། སེམས་ཅན་གྱིས་མི་དགེ་བ་ཆེར་སྤྱོད་པའམ་ཁོར་ཡུག་ལ་གནོད་པ་ཆེར་བྱས་ན།   གཅིག་བྱས་ན་གོ་ལའི་འཇིག་རྟེན་མྱུར་དུ་འཇིག་པ་དང༌། གཉིས་སུ་ཉི་མའི་ཚ་དྲོད་ཇེ་ཆེར་སོང་བ་ལ་བརྟེན་ནས།  མུ་གེ་དང་ནད་མཚོན་གྱི་བསྐལ་བ་འབྱུང་ཞེས་གསུང་ཡོད། འདི་ནི་ངོ་མ་ཞིག་སྟེ། དཔེར་ན་དེང་སང་འཛམ་བུའི་གླིང་ནས་ནགས་ཚལ་བཅད་པ་དང་གཏེར་ཁ་སྔོག་པ། དུག་རྫས་དང་རྡུལ་ཕྲན་མཚོན་ཆ་མང་པོ་བཟོས་པས་ཐན་སྐམ་གྱི་འཇིགས་པས་མུག་གེ་འབྱུང་བཞིན་པ། དེ་དག་གི་དུག་རླངས་འགྲོ་བ་སེམས་ཅན་གྱི་དབུགས་ལ་ཞུགས་པས་ནད་སྣ་ཚོགས་འབྱུང་གིན་ཡོད་པ། མཚོན་ཆ་དེ་དག་བེད་སྤྱོད་བྱས་པས་མཚོ་ཁུག་གི་རྒྱལ་ཁབ་ཨེ་རག་དང༌།ཡོབ་གོ་སིའུ་ལ་བེ། ཨོ་ལྷོ་པ་ནེ་སུའུ་ཐེན། ཡའེ་སུའུ་ལེ་དང་པ་ལི་སུའུ་ཐེན་སོགས་ལ་མཚོན་གྱི་འཇིགས་པ་མྱོང་བཞིན་པ་འདི་དག་རེད།  དེར་མ་ཟད་འཕུར་གྲུ་དང་མེ་ཤུགས་འཕུར་མདས་བར་སྣང་གི་རླུང་ཁམས་གཏོར་ཏེ་དེ་དག་གི་མཁའ་དབུགས་འཇིག་རྟེན་འདིར་སླེབས་པས་ཚ་དྲོད་དང་ཐན་པ་ནད་དང་འབུ་ཕྲ་སོགས་ཇེ་མང་ལ་སོང་བ་རེད་ཅེས། ཉུག་ཡོལ་ཁྲམ་ཚན་རིག་ཚགས་པར་དུ༢༠༠༠ལོའི་ཟླ༣ཚེས༡༣ལ་བཤད་ཡོད།  ང་ཚོ་བོད་མི་རིགས་འདིས་ལྷ་ཆོས་རིག་གནས་དང་འབྲེལ་ནས་རང་བྱུང་སྐྱེས་དངོས་ལ་སྲུང་སྐྱོབ་བྱས་པས།  ད་ལྟ་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་ན་མེད་པའི་སྨན་རིགས་དང་རྩ་ཆེ་བའི་རི་དྭགས་རིགས་མང་པོ་མཚོ་བོད་མཐོ་སྒང་ན་ཡོད་པ་འདི་རེད། གལ་ཏེ་ལྷ་ཆོས་རིག་གནས་དང་མ་འབྲེལ་པར་མི་ཆོས་རིག་གནས་སམ་འཚོ་གནས་ཁོ་ན་གཉེར་པའི་མི་རིགས་ཞིག་ཡིན་པའི་དབང་དུ་བཏང་ན། ང་ཚོའི་མདོ་དབུས་མཐོ་སྒང་གི་རྩ་ཆེའི་དངོས་པོ་དང་སྨན་རིགས་རི་དྭགས་པགས་རིགས་འདི་རྣམས་གནའ་སྔ་མོ་ནས་ཡར་འཇོག་བརྒྱབས་ཏེ་ད་ལྟ་མཐོང་རྒྱུ་ལྟ་ཞོག་ཐོས་རྒྱུ་ཞིག་ཀྱང་དཀའ་ཚོད་རེད།  བོད་ཀྱི་དགོན་པ་དང་དམངས་ཚོགས་རྣམས་སྐྱེས་དངོས་འཛུགས་བསྐྲུན་ལ་དགའ་བ་དང་ད་དུང་བླ་ཤིང་དང་སྐྱེ་ཤིང་འཛུགས་པའི་སྲོལ་ཡོད་པར་མ་ཟད། གལ་ཏེ་བླ་ཤིང་དང་སྐྱེ་ཤིང་གཞན་ཞིག་གིས་བཅད་ན་དེ་དོན་གནས་གལ་ཆེན་དུ་བརྩིས་ཏེ་རྒྱུ་འཇལ་ལྡབ་འགྱུར་དང༌། ཡང་ན་ཉེས་ཅན་གཏེ་བོར་འཇོག་པའི་སྲོལ་ཡོད་པ་འདི་སྐྱེས་དངོས་ལ་མཐོང་ཆེན་བྱེད་པའི་རྟགས་རེད་ཅེས་ཧྥ་ཧྲེན་ཏུང་པའོ་སྐྱེས་དངོས་ཚགས་པར་དུ༡༩༩༩ལོའི་ཟླ༧ཚེས༤ལ་བཤད་ཡོད། བོད་ཀྱི་དགོན་པ་ཆེ་ཕྲ་ཚང་མའི་བཅའ་ཡིག་ནང་དུ་ཡང༌། ཕྱི་རོལ་གྱི་ས་རྐོ་རྡོ་སློག་དང༌། སྐྱེ་ཤིང་གཅོད་པ་དང་རྐུ་བ། ཆུ་རགས་བཤིག་པ་དང་སྐྱེད་ཚལ་བརླག་པ་སོགས་ཁོར་ཡུག་ལ་གནོད་པ་བཟོ་མཁན་དག་ལ་དེ་ལུགས་ཀྱི་དངུལ་དང་མར་མེ།  ཕྱག་སོགས་ནོངས་པ་ཆེ་ཆུང་ལ་དཔག་ཏེ་ཉེས་ཆད་གཅོད་པའི་སྲོལ་ཡོད་པ་འདི་ཡང་མི་ཆོས་རིག་གནས་སམ་མིའི་འཚོ་གནས་ལ་དགོངས་པ་མ་གཏོགས།   དེ་དག་དཀོན་མཆོག་དང་ལྷ་ལྷ་མོར་འབུལ་དགོས་ཞེས་རྨོངས་དད་ཀྱི་བག་ཆགས་བསམ་པ་རྙིང་བ་ཞིག་མ་རེད། ང་ཚོ་སུ་ཞིག་ཡིན་རུང་སེམས་ཅན་གྱི་ཀུན་སྤྱོད་དང་འཛིན་སྟངས། དམིགས་ཡུལ་སོགས་ཀྱི་སྒོ་ནས་སེམས་ཅན་ལ་ཕན་པའི་སྐྱབས་གནས་ངོ་མ་ཞིག་ལས། ཟེར་སྒྲོས་རྗེས་འདེད་ཀྱི་སེམས་ཅན་དང་ཁོར་ཡུག་ལ་གནོད་པ་དང་བཅས་པའི་སྐྱབས་གནས་དེ་ཚོར་དུས་ནམ་ཡང་སྐྱབས་སུ་འགྲོ་རྒྱུ་མིན། དེས་ཕྱིར་ང་ཚོ་འགྲོ་བ་མི་སུ་ཞིག་ཡིན་རུང་འཚོ་གནས་ལ་བརྟེན་མི་དགོས་པ་གཅིག་ཀྱང་མེད་པས། འཚོ་གནས་ཀྱི་འབྱུང་ཁུང་ཡང་གོ་ལ་འདི་ལས་མེད་སྟབས། ཚང་མའི་རང་བྱུང་སྐྱེས་དངོས་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་རང་་རེའི་དགོས་མཁོར་མ་ཟད། སངས་རྒྱས་ཆོས་ལུགས་དང་དེང་དུས་ཚན་རིག་གཉིས་ཀའི་སྙིང་བཅུད་ཀྱི་བསླབ་བྱ་ཉག་གཅིག་པོ་ཡང་དེ་ཡིན་པས་ཅིས་ཀྱང་བརྩི་སྲུང་བྱེད་དགོས།
                    
༢ སེམས་ཅན་གྱི་ཚེ་སྲོག་ལ་སྲུང་སྐྱོབ་བྱེང་དགོས་པའི་སྐོར།
 
   བཅོམ་ལྡན་འདས་ཀྱི་མདོ་ལས། མི་དགེ་བའམ་ཉེས་བ་མཐའ་དག་ཕྱོགས་གཅིག་ཏུ་བསྡོམས་པའི་སྤྱི་ཆིངས་ནི།  མི་དགེ་བ་བཅུའམ་ལས་ལམ་བཅུར་བསྡུས་ཤིང༌།  དེའི་ནང་ནས་ཀྱང་སེམས་ཅན་གྱི་སྲོག་གཅོད་པ་དེའི་དང་པོར་གསུང་ཡོད། འདི་ནི་ཤིན་ཏུ་དགོས་ངེས་ཞིག་ཡིན་པས་ང་ཚོ་རང་རང་གི་ལུས་སེམས་ལ་ཇི་ཙམ་གཅེས་པ་ལྟར། སེམས་ཅན་གྲོག་འབུ་གང་ཞིག་ཡིན་རུང་རང་རང་ལ་གཅེས་སེམས་སམ་རང་འཛིན་ཡོད་པ་ནི་འདྲ་འདྲ་རེད།  རང་འཛིན་དེའི་སྟབས་ཀྱིས་རང་གཞན་ལས་མཐོ་འདོད་དང་སྐྱིད་འདོད།  ཕྱུག་འདོད་དང་བཙན་འདོད། མཁས་འདོད་དང་གྲགས་འདོད་སོགས་འཇིག་རྟེན་འདིའི་བྱ་བཞག་ཡོད་དོ་ཅོག་བསྒྲུབ་འདོད་དང་ཐོབ་འདོད་ཀྱི་བརྣབ་སེམས་འདི་བྱུང་བ་རེད།  དེར་རྟེན་སེམས་ཅན་ཕན་ཚུན་འཐབ་པ་དང་རྩོད་པ་སྲོག་གཅོད་པའི་ལས་སྣ་ཚོགས་བྱས་པའི་འཛམ་བུའི་གླིང་ལ་ཞི་འཇམ་གྱི་ཁོར་ཡུག་ཞིག་ཆགས་མ་ཐུབ་པ་ནི་འཚེ་མེད་སྙིང་རྗེའི་བསམ་པ་ཞིག་མེད་པའི་རྟགས་མཚན་ཡིན་པ་ནི་བཤད་མ་དགོས་སོ། ང་ཚོས་འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་མིག་ཞིག་བལྟས་ཚེ། དུས་རབས་ཉི་ཤུ་པ་ནི་འཛམ་བུའི་གླིང་དུ་རིག་གནས་དང་འཕྲུལ་རིག  འཕྲིན་གཏོང་ཡོ་བྱད། དྲག་ཆས་རྩ་འཛུགས་དང་དཔལ་འབྱོར་འཕེལ་རྒྱས་སོགས་དུས་རབས་སྔོན་མ་རྣམས་ལས་འབུར་དུ་ཐོན་པ་ཞིག་ཡིན་ལ། མིའི་ཚེ་སྲོག་དང་རང་བྱུང་ཁོར་ཡུག་ལ་གནོད་པའི་གདུག་རྩུབ་ཅན་གྱི་དུས་རབས་ཞིག་ཀྱང་ཡིན།  ད་ལྟའི་དུས་རབས་འདི་ཚང་མས་བཟང་པོ་ཞིག་ལ་བརྩི་བཞིན་ཡོད་ཀྱང༌། མི་རང་རང་གི་སྟེང་ནས་གཞན་ཕན་དང་ཞི་བདེའི་བསམ་པ་ཞིག་མེད་ན་དུས་རབས་ཉེར་གཅིག་མ་ཟད་དུས་རབས་སྟོང་ཕྲག་གིས་ཀྱང་ང་ཚོར་ཕན་གང་ཡང་ཐོགས་ཀྱི་མ་རེད།   དེ་ཕྱིར་ད་ལྟ་འཛམ་གླིང་གི་ཆུ་སྔར་གྱི་སུམ་ཆའི་གཉིས་ཙམ་ལས་མེད་པས། འཛམ་བུའི་གླིང་གི་མི་ཕྱུགས་དུང་ཕྱུར་མང་པོར་ཆུའི་དཀའ་ངལ་ལ་ཐུགས་བཞིན་ཡོད་པ་འདི་རེད།(འཛམ་གླིང་གི་མི་གྲངས་དུང་ཕྱུར༡༢ནི་ཆུ་དཀོན་པའི་སར་འཚོ་བ་སྐྱེལ་བཞིན་ཡོད་པ་དང༌། ཡང་མི་གྲངས་དུང་ཕྱུར༡༤དུག་འདྲེས་པ་དང་བཙོག་ཆུའི་ཁོར་ཡུག་ནང་དུ་མི་སྡོད་རང་སྡོད་དུ་གྱུར་ཡོད་པ་དུས་རབས་ཉེར་གཅིག་པའི་ཚན་རིག་འཕེལ་ཕྱོགས་དུས་དེབ་ནང་བཀོད་ཡོད།) གོང་གསལ་ཀྱི་དོན་རྐྱེན་འདི་རིགས་འཛམ་གླིང་འཁྲུག་ཆེན་གཉིས་པའི་ནང་མི་བསད་ཁྲག་བཞུར་དང་དུག་རྫས་མཚོན་ཆས་ཁོར་ཡུག་བཅོམ་སྲེག་བྱས་པས།  སེམས་ཅན་གྲངས་མང་ཞིག་གནས་མེད་ཡུལ་གྱར་བ་དང་འཚོ་གནས་འཕྲོད་བསྟེན་སོགས་མེད་པའི་འགོས་ནད་སྣ་ཚོགས་ཀྱི་དབང་གིས་ད་ལྟ་ཨེད་ཙིའི་ནད་དམ་ལྷན་སྐྱེས་སྲིན་འབུ་འཁྲུག་པའི་ནད་སོགས་ཀྱིས་འཛམ་གླིང་ལ་མི་བདེ་བ་སྟེར་གིན་ཡོད་པ་འདི་རེད། སངས་རྒྱས་ཆོས་ལུགས་ཀྱི་གཞུང་རྣམས་སུ་ཡང༌། སྲོག་གཅོད་པ་སོགས་མི་དགེ་བའམ་ཉེས་པ་ཆེར་བྱས་པའི་འབྲས་བུའམ་རང་འབྲས་ཀྱིས་ཚེ་ཐུང་བ་དང་ནད་མང་བ། སེམས་ཅན་དེ་རིགས་ཕལ་ཆེར་དུས་མིན་འཆི་བར་འགྱུར་ཞེས་གསུང་ཡོད་པར་མ་ཟད།   ཚན་རིག་གིས་ཀྱང་འངི་ལྟར་བཤད་ཡོད་དེ། ཚེ་སྔ་མར་བཤན་པ་བྱས་པའི་མི་དེ་ཚེ་ཕྱི་མར་ཚེ་ཐུང་བ་དང་ནད་མང་བ། དུས་མིན་འདས་རྐྱེན་དུ་གྱུར་བ་ནི། ཁོས་སྲོག་བཅད་པའི་སེམས་ཅན་ཀྱི་མཁའ་དབུགས་སྣ་མང་ཁོའི་རྣམ་ཤེས་སམ་ཀླད་པའམ་རླུང་སེམས་ལ་ཞུགས་པ་དང༌། དེ་དག་གི་ནད་འབུ་ཕྲ་མོ་རིགས་ཀྱི་ཉེར་ལེན་ལ་བརྟེན་ནས་ཁོའི་ཚེ་ཐུང་བ་ལ་སོགས་པའི་དོན་རྐྱེན་དེ་བྱུང་བ་རེད་ཅེས་ཨེ་པའི་སེའི་ཚན་རིག་ཚགས་པར་གྱི་འདུན་ངོས་སུ༡༩༨༩ལོའི་ཟླ༡༡ཚེས༣༡ཉིན་བཤད་ཡོད།  འདི་ནི་རང་བྱུང་ཚན་རིག་དང་ནང་ཆོས་ཀྱི་ལྟ་ཚུལ་གཅིག་མཚུངས་ཡིན་པ་མ་གཏོགས་རྨོངས་དད་ཞིག་མ་རེད། ང་ཚོའི་དུས་ནམ་ཡང་ཁ་བཤད་དོན་ལ་གནས་པའི་འཚེ་མེད་སྙིང་རྗེའི་ལྟ་བ་ཞིག་མེད་ན་འུ་ཅག་གི་མདུན་ལམ་ནི་སྔར་ལས་ཀྱ་ཀྱོག་ཆེ་ཞིང་སླེབས་ཐབས་མེད་པ་ཞིག་དང།ཁོར་ཡུག་ལྗན་ལྗིན་དང་སྦགས་བཙོག་གི་ཁྲོད་ནས་ཡར་རྒྱས་ཀྱི་མགོ་བོ་བསྲིང་མི་ཐུབ་ལ། མདུན་སྐྱོད་ཀྱི་གོམ་པ་དེ་བས་ཀྱང་སྤོ་དཀའ།  
 ང་ཚོའི་བདག་ཉིད་ཆེན་པོ་དག་གིས་ཀྱང༌། འཚེ་མེད་སྙིང་རྗེའི་ངང་ནས་རང་བྱུང་སྐྱེས་དངོས་དང་ཉེས་མེད་སྲོག་ཆགས་ལ་འགན་སྲུང་བྱེད་དགོས་པ་ཐེག་ཆེན་ཆོས་ཀྱི་རྩ་བ་ཡིན་གསུང་བར་མ་ཟད།  ནང་ཆོས་ཀྱི་གཞུང་རྣམས་ལས་ཀྱང༌།  དེ་ནི་སྦྱིན་པ་རྣམ་པ་བཞིའི་ནང་ནས་མི་འཇིགས་པའི་སྦྱིན་པར་གསུངས་པས་ང་ཚོས་འདི་དག་ངེས་པར་དུ་དང་ལེན་་བྱེད་དགོས། དེང་སང་ནུབ་ཕྱོགས་གསར་སྤེལ་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་བཏང་བ་ལ་བརྟེན་ནས། ཚང་མས་དཔལ་འབྱོར་གཙིགས་སུ་བཟུང་བ་དང་ཁྱད་པར་དུ་ཟས་རིགས་ལ་འདོད་སེམས་ཧ་ཅང་ཆེ་བའི་ཁར་ཤ་ཟ་བ་ཡང་ལྡབ་འགྱུར་གྱི་ཇེ་མང་ལ་སོང་སྟེ།  ཉེས་མེད་སྲོག་ཆགས་མང་པོ་གསོད་པ་དང་ཤའི་ལས་སྣོན་འཛམ་གླིང་ཡོངས་ལ་ཁྱབ་པའི་སྟབས་ཀྱིས་སེམས་ཅན་སྲོག་ཆགས་མང་པོ་ཞིག་གི་རྒྱུན་ཆད་པ་དང༌། ཁ་ཅིག་ཆད་ལ་ཉེ་བ། ཁྱད་པར་འཛམ་གླིང་བྱ་རིགས་ཀྱི་རྒྱུན11%ཆད་ལ་ཉེ་བ་རེད་ཅེས་འཛམ་གླིང་ཁོར་ཡུག་སྲོང་སྐྱོབ་རུ་ཁག་གིས་བཤད་ཡོད། ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་བཀོད་འདོམས་པུའུ་ནས༡༩༩༥ལོར་གོ་ལ་ཧྲིལ་པོས་ཉ་བཟུང་ཚད་ཏུན་དུང་ཕྱུར་༡.༡༢༣ལོན་པ་དང༌།  ལོ་སྔོན་མའི་ཏུན་དུང་ཕྱུར༡་༠༩༦ཡིན་པ་ལས 2.5%ལ་འཕར་བ་དང༌།   ད་དུང་ཡང་འབྱུང་འགྱུར༢༠༡༠ལོ་བར་ཚོད་དཔག་བྱས་པ་ལྟར་ན་ཏུན་དུང་ཕྱུར༡་༢༠༠༠ནས་ཏུན་ཏུང་ཕྱུར༢ ༥༠༠༠བར་འཕེལ་རྒྱུ་རེད་ཅེས་བཀོད་ཡོད།ང་ཚོའི་ཅིས་ཀྱང་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་བཟང་པོའི་སྲོལ་རྒྱུན་གྱི་ལྟ་བ་དེ་ཚོར་གཞིར་བཟུང་ནས་ཉམ་ཐག་སེམས་ཅན་གྱི་ཚེ་སྲོག་དང་རང་བྱུང་ཁོར་ཡུག་ཉམ་རྒུད་དུ་གྱུར་པའི་ཚུལ་ལ་བསམ་བློ་ནན་ཏན་དང༌།  གངོང་  ལེན་གཞི་ཚུགས་པ་ཞིག་མ་བྱས་པར་རང་བྱུང་སྐྱེས་དངོས་རྩ་གཏོར་སྒོས་དཔལ་འབྱོར་ཡར་རྒྱས་ལ་བསམ་བློ་རྩེ་གཅིག་ཏུ་གཏོང་བ་དང༌། འཚོ་གནས་གཅིག་པུའི་ཆེད་དུ་གླང་བོ་ཆེས་གླང་མའི་དྲི་ཚོར་བ་ལྟར་བག་ཆགས་ཐམས་ཅད་རྩ་གཏོར་གཏོང་བའི་དེང་སང་གི་ལྟ་ངན་དེ་རིགས་དང་དཀོན་མཆོག་གི་དབང་ཆ་བླ་སྤྲུལ་གྱིས་བཟུང་པའི་སྲོལ་རྒྱུན་ངན་པའི་བག་ཆགས་དེ་ཚོའི་ལྟ་བ་ལ་སྐྱབས་བཅོལ་ན་ང་ཚོའི་ཆོས་སྲིད་ཀྱི་མདུན་ལམ་དེ་ཆེས་རིང་བ་དང་ཆེས་ཤིན་ཏུ་ཀྱག་ཀྱོག་ཆེ་བ་ཞིག་ཏུ་འགྱུར་བ་ལ་ཐེ་ཚོམ་ཅི་ཡང་མེད་པས་ང་དང་ངའི་གྲོགས་པོ་ཚང་མས་རང་སེམས་ཀྱི་རྐང་ལ་འཛིན་འཚལ།
                       སྨྲས་པ།
འགྲོ་བའི་འཚོ་གནས་ཐུགས་ཁུར་མི་མཛད་ན།།
གནས་ལུགས་ལྟ་བ་རྟོགས་ཀྱང་ཐེག་དམན་ལུགས།།
སྣོད་བཅུད་གཉིས་ཀ་དོ་མཉམ་མི་བྱེད་ན།།
འཛམ་གླིང་སྔོན་སྐྱོད་ཞེས་པའང་རྫུན་དུ་ཆེ།།

0 comments:

ཟིན་བྲིས་འཚོལ་ཡུལ