དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Tuesday, 20 September 2011
༄༅། །བདེན་པའི་ཐོལ་གླུ་རྒྱལ་བ་དགྱེས་པའི་མགུར་མཚོ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །ཨེ་མ་སྤྲོས་བྲལ་བདེ་ཆེན་རིག་པའི་ཀློང་། །
ངོ་མཚར་སྤོངས་རྟོགས་ཡོངས་རྫོགས་རྒྱལ་བའི་སྐུ། །
གྲོལ་སྨིན་ཡོན་ཏན་རྒྱ་མཚོར་དབང་བསྒྱུར་པའི། །
ལྷག་པའི་ལྷ་མཆོག་རིག་པའི་ཡེ་ཤེས་རྒྱལ། །
དམ་པའི་སྐྱེས་བུ་དགོངས་པ་དབྱིངས་ལ་གཟིམས། །
ལོག་པའི་སྡིག་བཤེས་སྡུག་གི་ཟ་ཁ་དར། །
ལུང་རྟོགས་བཤད་སྒྲུབ་སྣང་བ་ནུབ་རིར་ཕྱོགས། །
འབྱུང་བྱའི་ཐན་སྐད་སྒྲོག་པ་ཐོས་ལགས་སམ། །
མང་ཐོས་ལུང་རིགས་ཕྱུག་པའི་མཁས་དབང་དང་། །
བསླབ་གསུམ་རྒྱན་ཏུ་འཛིན་པའི་རྗེ་བཙུན་པ། །
གཞན་ཕན་བྱང་ཆུབ་སེམས་ལ་དབང་འབྱོར་པར། །
ལྷས་སྦྱིན་མི་འདོད་སྡིག་པའི་རྦབ་རྡོ་སྒྲིལ། །
འདི་ན་གཙུག་ལག་སྨྲ་བའི་དགེ་བའི་བཤེས། །
མདོ་སྔགས་རིག་གནས་ཀུན་ལ་བྱང་ཆུབ་པའི། །
མཚན་ཉིད་ཀུན་ལྡན་བླ་མ་དམ་པའི་ཚོགས། །
གྲོང་མཐའི་ཁྱི་བཞིན་བལྟ་བ་ཅི་ཞིག་ནོངས། །
སྲིད་གསུམ་སྒྱུ་མའི་ཚུལ་དུ་མ་ཤེས་ཀྱང་། །
གྲོང་ཉུང་མི་རིགས་གནར་གཅོད་སྡུག་བསྔལ་ལ། །
བསམ་ཚེ་དོན་མེད་ཚུལ་མིན་སྤྱོད་པའི་རིགས། །
སྨྲ་བ་སྙན་ངག་རྩོམ་དུ་འགྱུར་སྲིད་དམ། །
ཁྱད་པར་མདོ་སྔགས་མཁྱེན་པའི་མཁན་པོ་དང་། །
བསམ་བཞིན་སྲིད་པར་བཟུང་བའི་སྤྲུལ་སྐུ་ལ། །
ངན་བདོས་ཁྱད་དུ་གསོད་པའི་དགྲ་བོ་ཀུན། །
ཆོས་སྐྱོང་སྲུང་མས་དབྱིངས་ནས་མ་གཟིགས་སམ། །
སྙིང་རྗེ་ཟེར་ནས་གསོད་པའི་ཤོམ་ར་བཤམས། །
ཤེས་རབ་ཟེར་ནས་རང་སྐྱོན་ལྐོག་ཏུ་སྦས། །
ཆོས་ལུགས་ཟེར་ནས་ཆགས་སྡང་རྨོངས་པའི་ཚོགས། །
བལྟས་ངན་ཆོམ་རྐུན་འདི་དག་རྩ་ནས་ཆོད། །
ཆོས་རྗེ་ཟེར་ནས་དམག་ཇག་ཚོང་ལས་བྲེལ། །
སྐྱབས་མགོན་ཟེར་ནས་རང་མགོ་མི་ཐོན་པར། །
ཉམ་ཆུང་མི་ལ་ཐུབ་ཚོད་བཏང་བ་དང་། །
བཟང་ངན་རིས་མེད་བཤད་རྣམས་ཤིན་ཏུ་འཁྲུལ། །
ཀྱེ་མ་དུས་ངན་སྙིགས་མའི་ཡང་མཐར་འདིར། །
བདེན་པའི་གོ་སྐབས་ཆུ་བོའི་གཞུང་ལ་གཡུགས། །
རྫུན་རྐྱལ་ཁྲེལ་མེད་དགོན་པའི་ཁྲི་ལ་འགྱིངས། །
དུག་ལྔར་འཛིན་སྐྱོང་སྤེལ་རྣམས་ཨ་ཙ་མ། །
རྨད་བྱུང་ཀླུ་དབང་བྱེ་བའི་འབྱུང་གནས་དེར། །
རང་བྱུང་ཡིད་བཞིན་ནོར་བུ་རིན་པོ་ཆེ། །
ཕུལ་བྱུང་ཚོགས་གཉིས་ཟབ་མོའི་རྟེན་འབྲེལ་ལས། །
བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བསྒྲེངས་གྱུར་ཅིག །
ཅེས་པའང་འབྲི་གུང་ཨ་ཕྱི་དྲ་བདག་པ་འབྲུག་ཚེ་རིང་སོགས་ཀྱིས་གཞི་མེད་སྒྲོ་བསྐུར་བསམ་ཡུལ་འདས་པ་བྱས་པའི་རྐྱེན་ཙམ་ལས་གང་དྲན་དུ་ཤྲྰིས་བྲིས་པའོ། །
Subscribe to:
Post Comments (Atom)
0 comments:
Post a Comment