དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 19 September 2011
༄༅། །དཔལ་དགྱེས་པ་རྡོ་རྗེའི་བདེ་སྡུག་རྣལ་འབྱོར་པའི་དོ་ཧ་ཞེས་བྱ་བ།

 ན་མོ་གུ་རུ་པདྨ་ཀ་ར་ཡེ། །
གཞི་དབྱིངས་སྤྲོས་པ་བྲལ་བའི་ཀུན་ཁྱབ་ཀྱི་ངོ་བོ། །
འོད་གསལ་སྙིང་པོའི་མཐར་ཐུག་བདེ་གཤེགས་ཀྱི་རང་བཞིན། །
ཐུགས་རྗེ་མཚུངས་མེད་འདྲེན་མཆོག་དཔལ་ལྡན་གྱི་བླ་མ། །
དོན་དམ་རིག་པའི་བུ་ལ་འབྲལ་མེད་དུ་བཞུགས་གདའ། །

ཐོག་མེད་ལས་ཉོན་ངན་པའི་གཞན་དབང་གི་སེམས་ཅན། །
གཟུང་འཛིན་མཚན་མའི་རྟོག་པའི་འཆང་རྒྱ་ལ་ཚུད་པའི། །
སྙིགས་ལྔའི་ལོག་སྤྱོད་འཕེལ་བའི་སྣང་ཚུལ་འདི་མཐོང་ཚེ། །
བཅོས་མིན་སྙིང་རྗེ་བྱང་སེམས་འབད་མེད་དུ་འཁྲུངས་སོང་། །

དུས་གསུམ་དུས་མེད་ཀ་དག་གཞི་དབྱིངས་ཀྱི་ཀློང་ནས། །
འཁོར་འདས་གཟུང་འཛིན་བྲལ་བའི་དུས་འཁོར་ཀྱི་ལྷ་ཚོགས། །
བདེ་ཆེན་སྒྱུ་འཕྲུལ་དྲ་བའི་བཀོད་པ་དག་མཇལ་ཚེ། །
སྣང་གྲགས་རིག་པའི་རྒྱན་ཆ་རང་བྱུང་དུ་གྲུབ་འདུག །

མི་རྟག་སྒྱུ་མའི་ཆོས་ལ་རྟག་པ་རུ་འཛིན་པའི། །
སྙིགས་ལྔའི་ཆོས་བརྒྱད་ཟོག་པོའི་བསླུ་ཁྲིད་ཀྱི་གཡོ་ཟོལ། །
དོན་མེད་མི་ཚེ་ཟད་པའི་གཡོག་འཁོར་དག་མཐོང་ཚེ། །
ཞེ་འདོད་ལག་ལེན་འགལ་བའི་སྣང་ཚུལ་འདི་སྐྱོ་བ། །

བརྒྱུད་པ་དགུ་ལྡན་བླ་མའི་བྱིན་རླབས་ཀྱི་ཆུ་རྒྱུན། །
མི་ཟད་སྐལ་ལྡན་སྐྱེས་བུས་ངོམས་མེད་དུ་རོལ་བའི། །
ཆོས་ཀྱི་གྲོང་ཁྱེར་མཇལ་བའི་སྐལ་བཟང་དེ་དྲན་ཚེ། །
བདེ་དགའ་སྐྱིད་པའི་གླུ་བྲོ་འགགས་མེད་དུ་ཤོར་ཐལ། །

གཞི་མེད་རྫུན་གྱི་ཕུང་པོ་རི་རྒྱལ་ལྟར་སྤུངས་ཀྱང་། །
བསླུ་མེད་བདེན་པའི་དྲང་སྲོང་འདི་ཕྱི་ཡི་མེ་ལོང་། ། 
ཀུན་གསལ་རང་བློའི་ངོས་ན་འཇིགས་མེད་དུ་གནས་པས། །
དོན་མེད་ནག་ནོག་སྟོང་གི་དྲི་མ་དང་བྲལ་སོང་། །

ནམ་མཁའ་ཇི་སྲིད་གནས་པའི་དམ་བཅའ་ཡི་བདེན་དཔུང་། །
བསྟན་འགྲོར་ཕན་བདེ་སྒྲུབ་པའི་དྲན་ཤེས་ཀྱི་འབད་བརྩོན། །
ཉིན་མཚན་བར་མེད་ཐོས་བསམ་སྒོམ་པ་ལ་འབངས་ནས། །
བཤད་སྒྲུབ་བསྟན་པའི་རྒྱལ་མཚན་འཛིན་པ་འདིར་སྤྲོ་སོང་། །

རྨི་ལམ་སྒྱུ་འཕྲུལ་ངང་ནས་འབྱུང་འགྱུར་གྱི་བདེ་སྡུག །
འཁྲུལ་མེད་རིགས་པའི་ལམ་ནས་སྙིང་གཏམ་དུ་ཕུལ་ཡང་། །
སྣང་མེད་བྱིས་པ་ངུ་བའི་འབོད་སྒྲ་ལས་ཞན་པས། །
བདེན་པའི་འཇིག་རྟེན་ཟེར་བ་རེ་ཐག་ཅིག་ཆད་ཐལ། །

ཆོས་རྗེ་ཡིད་བཞིན་ནོར་བུའི་བཀའ་དྲིན་གྱི་ཕྲིན་ལས། །
གསང་ཆེན་བསྟན་པའི་གནས་ལ་འཛིན་སྐྱོང་གི་བྱ་བཞག །
ལྷོད་མེད་ཏིང་འཛིན་རྒྱ་མཚོས་བྱིན་རླབས་དང་འགྲོག་ནས། །
ཆེས་སྙིགས་དུས་ཀྱི་རྒུད་པ་རྨིང་མེད་དུ་བསལ་འགྲོ། །

དཔལ༵་ཡོན་ངེས་འབྱུང་བརྟན་པའི་ཁྲིམས་ལྡན་གྱི་དགེ་སློང་། །
དགྱེས༵་པ༵འི་སྨོན་འཇུག་བྱང་སེམས་འབྲལ་མེད་འགྲོགས་བཞིན། །
རྡོ༵་རྗེ༵་འཆང་གི་ཕྱག་རྒྱའི་ཐབས་གྲོལ་ལ་བརྟེན་པས། །
ཡང་གསང་རྫོགས་པ་ཆེན་པོའི་རྣལ་འབྱོར་ཅིག་མིན་ནམ། །

ཚུལ་འཆོས་ལེགས་སྨོན་འཇིགས་སྐྱོབ་དགེ་སྦྱོང་ལ་རེ་བཞིན། །
ཆགས་སྡང་རྨོངས་པའི་བསྟན་པ་འཛིན་སྐྱོང་བྲེལ་བའི། །
ལྟར་སྣང་བསྟན་པ་ཕྱི་རྫིག་ནང་སྟོང་གི་འདྲེན་པས། །
མཚུངས་པའི་ཟླ་མེད་བྱ་བྲལ་དགྱེས་རྡོར་ལ་འདུད་དོ། །

ཤྰཀྱའི་བསྟན་པ་མི་ནག་ངོ་བསྲུང་ལ་བརྗེས་ནས། །
རྟགས་ཙམ་འཛིན་པའི་བསྟན་པ་སླར་གསོ་ལ་འབད་ཀྱང་། །
དཀོན་མཆོག་བདེན་པའི་ལས་འབྲས་ངོ་ལྐོག་ཏུ་སོང་བས། །
རྒྱལ་བ་དགྱེས་པའི་ཐབས་ཤིག་འཁོར་འདས་ན་མི་སྲིད། །

སྣོད་བཅུད་དར་རྒུད་སྣ་ཚོགས་དངོས་པོ་ཡི་ཆོས་ཉིད། །
སྣང་སྲིད་དག་མཉམ་དཀྱིལ་འཁོར་དག་གཟིགས་ཀྱི་ཞིང་ཁམས། །
ཆོས་ཀུན་སྤྲོས་ཀུན་བྲལ་བ་དོན་དམ་གྱི་གནས་ལུགས། །
མངོན་རྗེས་ཚད་མས་འཇལ་མཁས་བསྟན་འཛིན་གྱི་རྒྱལ་པོ། །

བདེན་བཞི་རྟེན་འབྲེལ་ཟབ་མོའི་ཆོས་འཁོར་གྱི་རྣམ་བཞག །
མདོ་སྔགས་བསྟན་པའི་གནད་ལ་ཁྱད་མེད་དུ་ལྡན་པས། །
དད་ལྡན་ཆོས་ལམ་ཞུགས་པའི་དགེ་འདུན་གྱི་ས་མཚམས། །
རིག་གྲོལ་ཡོན་ཏན་བརྒྱད་ཀྱི་ཁྱད་ཆོས་ལ་སོམས་ཤིག །

བསྐྱེད་རིམ་མཚན་ལྡན་བླ་མའི་རྣལ་འབྱོར་གྱིས་དག་པ། །
རྫོགས་རིམ་རྩ་རླུང་འཕྲུལ་འཁོར་རྣལ་འབྱོར་ལ་རྫོགས་པའི། །
སྨིན་གྲོལ་གསང་ཆེན་སྔགས་ཀྱི་བརྒྱུད་པ་འདི་ཉམས་ན། །
བོད་བརྒྱུད་བསྟན་པའི་སྙིང་པོ་སྣང་མེད་དུ་བྱས་འདུག །

བྱམས་བརྩེ་དྲང་བདེན་ཐོས་བསམ་བཤད་སྒྲུབ་ཀྱི་སྙིང་པོ། །
མི་ཚེར་ཆོས་ལམ་ཞུགས་པའི་གདན་ས་ཡི་གྲྭ་བཙུན། །
བསླབ་གསུམ་རྒྱན་དུ་འཛིན་པའི་དགེ་འདུན་གྱི་ཆོས་སྡེས། །
ཆགས་སྲེད་འཇིན་རྟེན་སྒྲུབ་པའི་ལ་རྒྱ་ལ་མ་ཞེན། །

ཐབས་མཁས་རིག་མའི་མཁར་གསང་མཁའ་སྤྱོད་ཀྱི་ཞིང་ཁམས། །
དབབ་བཟུང་འདྲེན་བཀྲམ་སྦྱོར་བའི་ཕྱག་རྒྱ་ནི་ཆེན་པོ། །
སྒྲུབ་བརྒྱུད་བསྟན་པའི་སྙིང་པོ་བདེ་ཆེན་གྱི་མྱུར་ལམ། །
འཇིག་རྟེན་ཆོས་བརྒྱད་ཞེན་པའི་ལུད་ཕུང་ལ་མ་བརྗེ། །

དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། །
སྤྲོས་བྲལ་རིག་པའི་ཡེ་ཤེས་རྗེན་གཅེར་ལ་མཇལ་པའི། །
བརྒྱུད་གསུམ་བླ་མའི་སྙིང་ཐིག་ཀུན་བཟང་གི་ཞིང་ཁམས། །
ངེས་དོན་རྫོགས་ཆེན་ཆོས་ལ་ཉིན་མཚན་དུ་འབོད་ཅིག 

ལྟ་བ་སྤྲོས་བྲལ་དབུ་མ་ཆེན་པོ་ཉིད་མཐོང་ཞིང་། །          
སྒོམ་པ་བདེ་ཆེན་ཕྱག་རྒྱ་ཆེན་པོ་ཉིད་མྱོང་ནས། །
སྤྱོད་པ་ཕྲ་ཞིབ་རྟེན་འབྲེལ་བསླུ་མེད་དུ་མཛད་དེ། །
འབྲས་བུ་མཐར་ཕྱིན་རྫོགས་པ་ཆེན་པོ་ཡི་གནས་ལུགས། །
འགྲོ་བ་ཀུན་གྱི་རྒྱུད་ལ་འབད་མེད་དུ་གཏམས་ཤོག །

ཅེས་པ་འདི་ནི་རབ་རྒྱན་ལྕགས་ཡོས་ཟླ༦་ཚེས༢༧་ལ་ཕྲག་དོག་དུག་གིས་གཟི་བའི་དྲ་གྲོགས་འགའ་ཞིག་གིས་བདག་ལ་བྱ་སྤྱོད་ངན་པ་ཞེས་གཞི་མེད་ཀྱི་སྒྲོ་འདོགས་དང་། དོན་མེད་ཀྱི་བསྐུར་འདེབས། ཆགས་སྡང་གི་དྲི་བ།གསོད་པའི་འཇིགས་བསྐུལ་སོགས་ཅི་རིགས་ངོ་དེབ་དང་ཡིག་སྒམ་རྒྱུད་ནས་འབྱོར་བ་དང་།བདག་གི་ཆས་གོས་སྣ་ཚོགས་བྱས་པ་ལ་སྐྱོན་དུ་མཐོང་བ་དག་ལ་ཅི་དྲན་དུ་རིག་འཛིན་བླ་མ་དཔལ་དགྱེས་པ་རྡོ་རྗེས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་བདེན་གཏམ་གླུ་རུ་བླངས་པ་དགེའོ། །སརྦ་ལོ་ཀ་ཤྲྰི་ཨ་ནནྟ་བཛྲ་བི་ཛ་ཡནྟུ། །

0 comments:

ཟིན་བྲིས་འཚོལ་ཡུལ