དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 4 December 2011
འཕགས་པ་སྤྱན་རིས་གཟིགས་ཀྱི་གསོལ་འདེབས་བྱིན་རླབས་མྱུར་འཇུག་ཅེས་བྱ་བ། །
ཨེ་མ་ཧོ། །
སྐྱེ་མེད་ཆོས་དབྱིངས་འོད་གསལ་ལས། །འགགས་མེད་འཕགས་པ་སྤྱན་རིས་གཟིགས། །མཚུངས་མེད་འགྲོ་བའི་དོན་མཛད་པའི། །གྲངས་མེད་སེམས་ཅན་བསྐྱབ་ཏུ་གསོལ། །ཆོས་སྐུའི་དགོངས་པ་མ་རྟོགས་ཞིང་། །ལོངས་སྐུའི་ཞིང་སྣང་མ་སྦྱངས་བས། ། མ་དག་འཁྱམས་པའི་འགྲོ་བ་རྣམས། །ཐབས་མཁས་ཐུགས་རྗེས་བསྐྱབ་ཏུ་གསོལ། །དམ་ཆོས་སྙིང་ནས་མ་སྒྲུབ་ཅིང་། །ཆོས་བརྒྱད་ཞེན་པའི་རྗེས་འབྲངས་པའི། །ལྟ་གྲུབ་ངན་པས་བསླུས་པ་རྣམས། །ཡང་དག་རིག་པས་བསྐྱབ་ཏུ་གསོལ། །ལུང་རྟོགས་བཤད་སྒྲུབ་བསྟན་པ་ལ། །ཐོས་བསམ་སྒོམ་པར་མི་བརྩོན་པར། །རྣམ་གཡེང་འདུ་འཛིར་ཞེན་པ་རྣམས། །ཏིང་འཛིན་ཐུགས་རྗེས་བསྐྱབ་ཏུ་གསོལ། །དལ་འབྱོར་མི་ལུས་ལེགས་ཐོབ་ནས། །གདམས་ངག་གནས་ལུགས་དོན་མཐོང་ཡང་། །བརྗེད་ངན་ལེ་ལོས་གཡེང་བ་ལ། །དྲན་པའི་ཡེ་ཤེས་བསྐྱེད་དུ་གསོལ། །རང་བྱུང་གཉིས་མེད་ཡེ་ཤེས་ལ། །གཉིས་འཛིན་འཁྲུལ་བའི་བག་ཆགས་དང་། ། སྒྲིབ་གཉིས་རྨོངས་པ་ཅི་མཆིས་པ། །ཤེས་རབ་རིག་པས་བསལ་དུ་གསོལ། །ཡང་དག་གནས་ལུགས་དོན་མཐོང་ཡང་། །རྟེན་འབྲེལ་རྒྱུ་འབྲས་མ་ཤེས་པས། །ཇི་སྙེད་ཤེས་བྱར་མ་འཇལ་ན། །ཀུན་མཁྱེན་བླ་མས་བསྐྱབ་ཏུ་གསོལ། །སྤྲོས་བྲལ་དབུ་མའི་དོན་མཐོང་ཞིང་། །བདེ་ཆེན་ཕྱག་རྒྱའི་རྟུལ་ཞུགས་གོམས། །རྫོགས་ཆེན་དགོངས་པའི་གནད་རྟོགས་ནས། །ཐམས་ཅད་མངོན་པར་སངས་རྒྱས་ཤོག །
ཅེས་པ་རབ་རྒྱན་ལྕགས་ཡོས་མགོ་ཟླའི་ཚེས་བཅུ་ཉིན་ཨེ་ཝྃ་ཆོས་སྨན་གླིང་ནས་མཁན་པོ་འོད་གསལ་མཐའ་ཡས་ཀྱིས་བསྐུལ་མ་དང་རྨི་ལམ་བཟང་པོས་རྐྱེན་ལས་བོད་བརྒྱད་རྣལ་འབྱོར་ཆོས་ཚོགས་ཀྱི་ཐུགས་རྗེ་ཆེན་པོའི་སྒྲུབ་ཆེན་སྐབས་སུ་འཕགས་པ་སྤྱན་རིས་གཟིགས་ལ་སྙིང་ནས་གསོལ་བ་འདེབས་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ