དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 25 December 2011
ཨེ་མ་ཧོའི་རྟོགས་མགུར་རྒྱལ་ཀུན་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ། །

ན་མོ་གུ་རུ་བུདྡྷ་ཛྙ་ན་ཡེ། །
ཨེ་ཝྃ་བདེ་ཆེན་འབར་བའི་དཀྱིལ་འཁོར་གྱི་དབུས་ནས། །
རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཁྱེད་མཁྱེན་ནོ། །
མ་བཅོས་སེམས་ཀྱི་རང་བཞིན་གཉུག་མ་ཡི་རིག་རྩལ། །
མ་འགགས་སྣ་ཚོགས་སྣང་བའི་སྒྱུ་འཕྲུལ་འདི་ངོ་མཚར། །

དགུང་སྔོན་ནམ་མཁའི་དབྱིངས་ཀྱི་རྒྱུ་སྐར་གྱི་ཕྲེང་བར། །
ཉི་ཟླ་སྐར་གསུམ་བཀྲ་མདངས་གཟི་འོད་དག་ཡོད་ཀྱང་། །
མུན་སྤྲིན་འཐིབ་པའི་གོ་ལའི་འབྱུང་འགྱུར་གྱི་དབང་གིས། །
འོད་གསལ་སྣང་བར་གྲིབ་མས་མིག་ཤེས་དག་སྒྲིབ་འདུག །

དབང་ཆེན་གསེར་གྱི་ས་གཞིའི་རྟེན་འབྲེལ་གྱི་འབྲས་བཟང་། །
རྩི་བཅུད་འབྲུ་རིགས་སྨིན་པའི་སྙིང་ནོར་ཞིག་ཡོད་ཀྱང་། །
    རྒྱུ་རྐྱེན་ཚ་གྲང་མ་མཉམ་པའི་གཞན་དབང་གི་ལོངས་སྤྱོད། །
སྣོད་བཅུད་འཇིག་རྟེན་ཞི་བདེའི་གོ་སྐབས་དེ་ཤོར་འདུག །

དག་དྭངས་འོད་གསལ་འདུས་མ་བྱས་པ་ཡི་ངོ་བོ། །
དཀོན་མཆོག་རྒྱལ་བའི་དཀྱིལ་འཁོར་ལྷུན་གྲུབ་ཀྱི་རང་བཞིན། །
རང་གཞན་སེམས་ཅན་ཀུན་ལ་ཁྱད་མེད་དུ་བཞུགས་ཀྱང་། །
མ་རིག་སྒྲིབ་གཉིས་དབང་གིས་མངོན་མཇལ་དེ་དཀའ་འདུག །

སྒྱུ་ལུས་ཕུང་ཁམས་དྭངས་མའི་རྩ་ཐིག་གི་རླུང་དཀྱིལ། །
བདེ་ཆེན་ཡེ་ཤེས་རང་གཤིས་འགགས་མེད་དུ་བཞུགས་ཀྱང་། །
གཟུང་འཛིན་འཁྲུལ་རྟོག་རགས་པའི་བག་ཆགས་ཀྱི་དབང་གིས། །  
གཉུག་མའི་བདེ་མཆོག་མྱོང་བའི་གོ་སྐབས་དེ་དཀའ་འདུག །

བདེན་བཞི་མི་རྟག་སོ་གཉིས་བདེ་ཆེན་གྱི་རྟག་པ། །
རྟེན་འབྲེལ་བསླུ་མེད་བདེན་པའི་གནས་ལུགས་དག་མཐོང་ཚེ། །
ངེས་དོན་གཞན་སྟོང་དབུ་མའི་མཐར་ཐུག་གི་སེམས་དཔའ། །
བདེ་གཤེགས་སྙིང་པོའི་ངོ་མཚར་མ་བསྒོམ་པར་ཤར་གདའ། །

ནམ་མཁའ་དྲི་མེད་རླུང་གི་རྟེན་འབྱུང་གི་སྟོབས་ལས། །
ཡ་ཀི་དགུང་སྔོན་དབྱིངས་ཀྱི་ཆུ་འཛིན་དག་དྭངས་ཚེ། །
འོད་གསལ་རང་ཆས་ཉི་ཟླ་སྐར་ཚོགས་ཀྱི་སྣང་བ། །
བཀྲག་མདངས་གཟི་དཔལ་མངོན་སུམ་ཆོས་ཉིད་དུ་ཤར་འདུག །

འཛམ་གླིང་རྟེན་འབྲེལ་གོ་ལའི་ནོར་འཛིན་གྱི་གཞི་ལ། །
ཚ་གྲང་མཉམ་པའི་དུས་བཟང་འབྱུང་བཞི་དག་འཛོམས་ཚེ། །
སྣ་ཚོགས་སྨན་མཆོག་རྩི་བཅུད་འབྲས་བུ་རིགས་སྨིན་པ། །
རོ་མཆོག་གང་འདོད་འབྱུང་བ་བདེན་དཔུང་གིས་མྱོང་ཡོང་། །

འགྲོ་ཁམས་ལས་ཉོན་བག་ཆགས་སྒྲིབ་གཉིས་ཀྱི་སྐྱོན་དག །
དད་གུས་དག་སྣང་ལྡན་པའི་ཚོགས་བསགས་ལ་འབད་ཚེ། །
དག་མཉམ་བདེན་པའི་མཆོག་ཐུན་དངོས་གྲུབ་ཀྱི་ནུས་པ། །
བསླུ་མེད་ཞིང་མཆོག་དག་རྫོགས་སྨིན་གྲོལ་ཏུ་ཐོབ་ངེས། །

འཁོར་འདས་བདེ་སྡུག་ཤེས་པའི་མཁྱེན་རབ་ཀྱི་སྣང་བས། །
མ་ནོར་བླང་དོར་བརྩོན་པའི་ཐབས་ཤེས་ལ་འབད་ཚེ། །
ཐེག་དགུའི་དམ་ཆོས་ལམ་བཟང་རང་རྒྱུད་ལ་འབྱོར་ནས། །
འདི་བདེ་ཕྱི་སྐྱིད་ཐར་པའི་གོ་འཕང་ལ་ཕྱིན་ནོ། །

ངེས་འབྱུང་ཚུལ་ཁྲིམས་དག་པའི་དགེ་བསྙེན་དང་གནས་བརྟན། །
བྱང་སེམས་ཏིང་འཛིན་མངའ་བའི་རྒྱལ་སྲས་ཀྱི་རྟུལ་ཞུགས། །
སྣང་སྲིད་དག་མཉམ་ལྡན་པའི་བསྐྱེད་རྫོགས་ཀྱི་རྣལ་འབྱོར། །
བཤད་སྒྲུབ་བསྟན་པ་རྒྱས་པའི་སྨོན་ལམ་དུ་མཆོད་དོ། །
ཞེས་པ་འང་གསེར་མདོག་ལྕང་ལོ་ཅན་གྱི་སྔགས་པ་དུ་མས་བསྐུལ་ངོར་གང་དྲན་དུ་སྙིགས་དུས་ཀྱི་ཆོས་སྨྲ་བ་ཤྰཀྱའི་དགེ་སྦྱོང་མཁན་ཆེན་བླ་མའམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་རབ་རྒྱན་ལྕགས་ཡོས་མགོ་ཟླའི་ཚེས་གཅིག་གམ་སྤྱི་ལོ་༢༠༡༡ ༡༢ ༢༥ ཡེ་ཤུའི་དུས་ཆེན་གྱི་སྐབས་སུ་ཝ་ཡེལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཀྱི་ཀུན་བཟང་དགྱེས་པའི་དགའ་ཚལ་ནས་གླུ་རུ་བླངས་པ་དགེའོ། དགེའོ། དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ