དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 21 April 2012
དཔལ་ཡུལ་དར་ཐང་གི་གདན་རབས་རིམ་བྱོན། །

༼གདན་རབས་དང་པོ། ༽


གདན་རབས་དང་པོ་དགོན་འདི་ཐོག་མར་ཕྱག་འདེབས་པ་པོ་རྗེ་ཀརྨ་འགྱུར་མེད་ངེས་དོན་བསྟན་འཛིན་ནི། བདུད་འདུལ་རྡོ་རྗེའི་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་ལས།
ཤྲཱི་སེང་ཧའི་རྣམ་འཕྲུལ་འབྲེལ་ཚད་དོན་ལྡན་པ༔
ཡུལ་ནི་ཏིང་ངམ་ཤོད་ཅེས་བྱ་བ་རུ༔
སྤང་ལྗོངས་ཤིང་ཚལ་རི་ཞོལ་དུ༔
ཀརྨ་འགྱུར་མེད་ཅེས་པའི་སྐྱེས་བུ་འབྱུང༔
མཆན་གཡས་མདུན་རྒྱབ་རྣམས་སུ་སྨེ་བས་བརྒྱན༔
སྐྱེས་མཆོག་འགྲོ་འདུལ་དེ་ལ་གཏད་རྒྱ་གྱིས༔
མཐོང་ཐོས་དྲན་རེག་ཚོམ་བུར་བཅས༔
སྐྱེ་བ་ལྔ་འདས་མངོན་དགའི་ཞིང་དུ་གཤེགས༔
ཞེས་རྡོ་རྗེའི་ལུང་གིས་བསྔགས་པ་ལྟར་རྨེ་ཤོད་རྨེ་ཆུ་སྒང་ཁང་ལེབ་ཅེས་པའི་གནས་སུ་ཡབ་དོན་གྲུབ་དང་། ཡུམ་བསོད་ནམས་སྐྱིད་གཉིས་ཀྱི་སྲས་སུ་རབ་འདོད་ཤིང་སྟག སྤྱི་ལོ ༡༧༩༤ ལོར་སྐུ་འཁྲུངས། རྒྱལ་དབང་བདུད་འདུལ་རྡོ་རྗེ་དང་། སི་ཏུ་པདྨ་ཉིན་བྱེད། བདུད་འདུལ་རྒྱལ་སྲས་པདྨ་དབང་རྒྱལ་རྣམས་དང་། ཁྱད་པར་དུ་འཛི་སྒར་རྡོ་རྗེ་དྲག་པོ་ཕྲིན་ལས་རྣམ་རྒྱལ་གྱིས། ཡབ་ཡུམ་དང་མཚན་རྟགས་སོགས་འཁྲུལ་མེད་དུ་ལུང་བསྟན་ཅིང་མཁས་གྲུབ་ཀརྨ་བཀྲ་ཤིས་ཀྱི་ཡང་སྲིད་དུ་ངོས་འཛིན་གནང་དཔལ་སྤུངས་དགོན་དུ་གསེར་ཁྲིར་མངའ་གསོལ་ཞིང་དཔལ་ཡུལ་མ་དགོན་དུ་གདན་དྲངས། དེར་མཁས་གྲུབ་ཆེན་པོ་ཀརྨ་ལྷ་དབང་ལས་དཔལ་ཡུལ་བའི་ཆོས་རྒྱུན་ཡོད་དོ་ཅོག་གསན། སི་ཏུ་པདྨ་ཉིན་བྱེད་ལས་བསྙེན་པར་རྫོགས། རྫ་ཁྲ་མ་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུ་དང་། རྫོགས་ཆེན་མི་འགྱུར་ནམ་མཁའི་རྡོ་རྗེ་ལས་ཀློང་ཆེན་སྙིང་ཐིག་གི་དབང་ལུང་ཁྲིད་ཀྱི་རིམ་པ་མཐའ་དག་གསན་ནས་མ་དགོན་དུ་ཀློང་ཆེན་སྙིང་ཐིག་གི་དབང་ཁྲིད་སོགས་ཀྱི་ཕྱག་བཞེས་བཙུགས། སྐུ་ཚེ་ཕལ་ཆེར་བཅད་རྒྱ་ཁོ་ནར་བཞུགས་ཤིང་ཐུན་མཚམས་རྣམས་སུསྔ་འགྱུར་བཀའ་གཏེར་རྒྱ་མཚོའི་དབང་དང་ཟབ་ཁྲིདགཞུང་བཤད་སྣ་ཚོགས་ཀྱི་སྒོ་ནས་སྐལ་ལྡན་སློབ་ཚོགས་རྣམས་བསྐྱངས། དགུང་གྲངས་ང་བདུན་པ་བོད་རབ་བྱུང་བཅུ་བཞི་པའི་བགྲང་བྱ་ཞེ་བཞི་པཐུན་མོང་ཞེས་པ་ལྕགས་ཁྱིསྤྱི་ལོ ༡༨༥༠ ལ་མདོ་སྨད་རོལ་ཆེན་བཅོ་བརྒྱད་ཀྱི་ནང་ཚནསྨར་རོལ་ཞེས་པའི་ས་ཡི་ལྟེ་བ། སྒང་དྲུག་ལ་འདོད་ཚུལ་མང་ཡང་ཡུལ་འདི་ཕྱོགས་ཀྱི་མཁས་དབང་གྲུབ་ཆེན་བསྟན་པའི་ཉི་མ། ཁང་རྒན་དུག་ཚ་རྡོ་རྗེ་འཆང་ངག་གི་དབང་པོ་སོགས་ཀྱིས་སྨར་ཟླ་ཟལ་མོ་སྒང་ཞེས་འབོད་པ། གནས་བདག་གཉན་ཆེན་དམུ་བདུད་རྩེ་དགུའམ། གཉན་ཆེན་ཐོད་པ་རྩལ་ཞེས་དགེ་བསྙེན་ས་བཅུའི་དབང་ཕྱུག་ཆེན་པོ་འདིའི་གནས་ནི། མདོ་སྨད་གངས་ར་ཉེར་ལྔའི་ནང་ཚན་རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས་ཤིང་། རྒྱལ་དབང་པདྨཱ་ཀ་རས་ལན་བདུན་དུ་ཞབས་ཀྱིས་བཅགས་ཤིང་ཟླ་དྲུག་ཏུ་སྒྲུབ་པ་མཛད་པའི་གནས། གསང་བ་དཔལ་ཆེན་ཚོམ་བུ་དགུའི་དཀྱིལ་འཁོར་དུ་གྲགས་པའི་ནུབ་པདྨ་དབང་གི་དཀྱིལ་འཁོརལྷུན་པོ་ར་གའི་མདངས་ལྡན་གྱི་ཉེ་འདབས། ས་ལ་བཟང་དགུ་འཛོམས། མི་རྒྱུད་ལྷ་ལས་ཆད། ཡུལ་ལ་དགེ་བཅུ་དར། ཆོས་ཀྱི་མཐུན་རྐྱེན་ལེགས། སྤྱིན་བདག་ལ་དད་གུས་ཆེ་བའི་ཡུལདཔལ་ལྡན་དར་གྱི་ཐང་ཆེན་འདི་ལ་རྒྱུད་སྡེ་ནས་བཤད་པའི་སྒྲུབ་གནས་ཀྱི་མཚན་ཉིད་ཚང་བ་སྟེ། ཕུ་ན་འགྱུར་མེད་ཀྱི་གངས་རི་བརྟན་ཆགས། ཆུ་མིག་གི་གཡུ་མཚོ་གཏན་འཁྱིལ། དབང་ཐང་གི་བྲག་རི་རྩེ་རྒྱལ། བསོད་ནམས་ཀྱི་ཆུ་བོ་འབབ་ལྡན་སོགས་ས་ཡི་དཔལ་གཡང་ཆགས་པ། རྒྱབ་རི་གཡུ་འབྲུག་གྱེན་འགྲོ། མདུན་རི་གླང་ཆེན་ཉལ་འདྲ། ས་ཡི་སྲུང་བཞི་ཚང་བ། ཉི་ཟླའི་གདན་ཁྲི་འཛོམས་པའི་ས་དཔྱད་ལེགས་དགུ་ཚང་བ་འདི་ལསྒྲུབ་བརྒྱུད་དཔལ་ཡུལ་བའི་གདན་ས་གཉིས་པསྔ་འགྱུར་བསྟན་པའི་མཛེས་རྒྱནདར་ཐང་མདོ་སྔགས་བཤད་སྒྲུབ་ཆོས་འཁོར་དར་རྒྱས་གླིང་འདི་ཉིད་ཐོག་མར་ཕྱག་བཏབ་ཅིང་དཔལ་ཡུལ་རང་ལུགས་ཀྱི་གར་ཐིག་དབྱངས་རོལ་དང་བཅའ་ཁྲིམས། འདོན་ཆོག ཉམས་ལེན་གྱི་རིམ་པ་སོགས་ཕྱག་བཞེས་རྣམ་དག་གི་རྒྱུན་བཙུགས། གཙུག་ལག་ཁང་དང་རྟེན་གསུམ་བཞེངས་རྒྱུའི་ཞལ་བཀོད་གནང་ཞིང་། རྗེས་དཀར་བླ་མ་མགོན་བསམ་ཁྲི་ཚབ་བསྟན་བདག་ཏུ་བསྐོས་ཏེ་དཔལ་ཡུལ་དུ་ཕེབས་པ་ལས་དགོན་འདིར་གཏན་བཞུགས་དང་རྟེན་བཞེངས་སོགས་དངོས་སུ་བྱ་རྒྱུའི་གོ་སྐབས་མ་བྱུང་། མཐར་དགུང་གྲངས་ང་བརྒྱད་པ་རབ་ཡིད་ལྕགས་ཕག་སྤྱི་ལོ་ ༡༨༥༡ ལོའི་སྣྲོན་ཟླ་བའི་ཚེས་བཅུ་གསུམ་ལ་དགོངས་པ་རེ་ཞིག་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། །
༼གདན་རབས་གཉིས་པ།༽


༈ གདན་རབས་གཉིས་པ་རྒྱ་སྤྲུལ་པདྨ་མདོ་སྔགས་བསྟན་འཛིན་ནི། སྤྲུལ་འི་གཏེར་ཆེན་གསང་སྔགས་གླིང་པའི་ལུང་བསྟན་ལས།
སྐལ་ལྡན་གཉིས་པ་ཀཿཐོག་ནུབ་ཀྱི་ཕྱོགས༔
ཆོས་བློན་མཁར་ཆེན་རྒྱལ་གྱི་སྤྲུལ་པ་ནི༔
མ་ཧཱ་ཙི་ནའི་མིང་ཅན་སྙིང་སྟོབས་ལྡན༔
མདོ་སྔགས་བསྟན་པའི་གསལ་བྱེད་ཆེན་པོ་འབྱུང་༔
ཞེས་འཁྲུལ་མེད་རྡོ་རྗེའི་ལུང་གིས་བསྔགས་པ་ལྟར། ཤར་རྒྱལ་མོ་ཚ་བ་རོང་གི་རྒྱ་ཁ་བྷོ་ཏོ་ཞེས་པའི་སརརྒྱ་ནག་གོང་མའི་བློན་ཆེན་ཞིག་གི་རིགས་སུརབ་ཡིད་ལྕགས་སྟག་སྤྱི་ལོ་ ༡༨༣༠ ལོར་སྐུ་འཁྲུངས།སྐུ་ཆུང་ངུའི་དུས་ནས་ལྷན་སྐྱེས་སུ་གྲུབ་པའི་རྟགས་མཚན་མང་དུ་མངའ། སི་ཏུ་པདྨ་ཉིན་བྱེད་དང་། རྫོགས་ཆེན་མི་འགྱུར་ནམ་མཁའི་རྡོ་རྗེ། ཀླུ་སྡིངས་མཁན་རིན་པོ་ཆེ་རྣམས་དང་། ཁྱད་པར་དུ་རྗེ་ཀརྨ་འགྱུར་མེད་ངེས་དོན་བསྟན་འཛིན་རྒྱལ་རོང་དུ་བྱོན་སྐབས་ཡབ་རྗེ་རིག་འཛིན་ཆེན་པོ་ཀུན་བཟང་ཤེས་རབ་ཀྱི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་གྲངས་བཅུ་གཉིས་པར་དཔལ་ཡུལ་མ་དགོན་དུ་ཕེབས་ཏེ་ལྷ་རི་འོད་གསལ་སྒང་དུ་རིག་འཛིན་ཆེན་པོའི་གསེར་ཁྲིར་མངའ་གསོལ། དེ་ནས་མཁས་གྲུབ་ཀརྨ་ཆགས་མེད་ལས། གནམ་ཆོས་རྫོགས་ཆེན་ཟབ་ཁྲིད་དང་། རྩ་རླུང་། སྒྱུ་འཕྲུལ་གསང་བ་སྙིང་པོ། དེའི་སྤྱི་དོན་ལེགས་བཤད་རོལ་མཚོ་སོགས་ཀྱི་ཟབ་ཁྲིད་དང་དབང་ལུང་མཐའ་ཡས་པ་གསན་བསམ་མཛད། གཞན་ཡང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དབོན་སྤྲུལ་འཇིགས་མེད་རང་གྲོལ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ལྷ་རྩེ་བླ་མ་མཁྱེན་བརྩེ། ཁང་སར་བཀྲ་ཤིས་སོགས་སྐྱེས་ཆེན་མཁས་གྲུབ་དུ་མ་ལསམདོ་སྔགས་རིག་གནས་དང་བཅས་པ་ལ་སྦྱང་བ་རྒྱ་ཆེར་མཛད། དགུང་གྲངས་ཉེར་གཉིས་པར་མཁན་པོ་བྱམས་མགོན་ཏཱ་ཡི་སི་ཏུ་པདྨ་ཉིན་བྱེད་དང་། ལས་སློབ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། གསང་སྟོན་པ་འཆི་མེད་སྤྲུལ་སྐུ་སོགས་དད་པའི་དགེ་འདུན་གྲངས་ཚང་པའི་དབུས་སུ་བསྙེན་པར་རྫོགས། དགུང་གྲངས་ཉེར་གཉིས་པར་དཔལ་ཡུལ་གདན་སའི་ཁུར་བཞེས་ཏེ་རང་ལུགས་ཀྱི་དབང་ཁྲིད། ལུང་སོགས་སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་ཆོས་ཀྱི་གྲུ་ཆར་ཕབ་སྟེ། སྐལ་ལྡན་སློབ་ཚོགས་རྣམས་སྨིན་གྲོལ་ལ་བཀོད། དགུང་གྲངས་ཉེར་བརྒྱད་པར་མདོ་སྟོད་སྨད་ཀྱི་དཔལ་ཡུལ་བའི་དགོན་ལག་རྣམས་སུ་ཕེབས་ཏེདབང་ལུང་ཆོས་བཀའ་ཞལ་བཀོད་སོགས་གནང་ཞིང་ཕྲིན་ལས་རྒྱ་ཆེར་བསྐྱངསམཐར་དར་ཐང་འདིར་ཕེབས་ཏེ་གནམ་ཆོས་སྔོན་འགྲོ། རྩ་རླུང་། རྫོགས་ཆེན་རྣམས་ཀྱི་ཁྲིད་གནང་སྟེལོ་ལྟར་ཆད་མེད་ཀྱི་རྒྱུན་ཚུགས་དགོས་པའི་བཀའ་བསྩལ། གཞན་ཡང་དཔལ་ཡུལ་རང་ལུགས་ཀྱི་དབང་ལུང་སོགས་ཅི་རིགས་གནང་སྟེ་འཆད་ཉན་གྱི་སྲོལ་བཙུགས། དེ་སྐབས་རྣམས་སུ་མ་དགོན་གྱི་བསྟན་པའི་ཁུར་བཞེས་དགོས་པསདགོན་འདིར་གཏན་བཞུགས་གནང་ཐབས་མ་བྱུང་ཡང་། དགོན་འདིར་ལན་གྲངས་དུ་མར་ཕེབས་ཤིང་རང་ལུགས་ཀྱི་དབང་ལུང་ཁྲིད་འཆམ་སོགས་ཕྱག་བཞེས་ཀྱི་རྒྱུན་ཡོད་དོ་ཅོག་ཕལ་ཆེ་བ་ཁོང་གིས་གཞི་བཙུགས་པས་དཔལ་ཡུལ་རྒྱ་རྫི་ལྷ་གསུམ་ཞེས་ཀུན་ལ་གྲགས་པ་འདི་བྱུང་བ་ཡིན་ནོ། །རབ་ཚེས་ལྕགས་སྦྲུལ་ལོར་ལྷ་སྤྲུལ་རིན་པོ་ཆེ་པདྨ་གར་དབང་བསྟན་འཛིན་ལའདུ་ཁང་སོགས་བཞེང་རྒྱུའི་ཞལ་བཀོད་དང་གནང་སྦྱིན་གྱ་ནོམ་པ་བསྩལ་ནས་གཟི་སྤྲུལ་རིན་པོ་ཆེ་འཇམ་དབྱངས་ཤེས་ར་ཆོས་ཀྱི་སྣང་བ་ཕྱག་རོགས་སུ་བསྐོས་ཏེ་ཆེད་མངག་མཛད་པ་ནས་བཟུང་དཔལ་ཡུལ་དར་གྱི་ཐང་ཆེན་འདིར་མིག་སྨན་ཐིག་ལེའི་དགོན་པ་ཙམ་མིན་པརགྲྭ་ཤག་དང་། འདུ་ཁང་མཆོད་རྟེན་སོགས་རྟེན་གསུམ་བྱིན་ཅན་ལྡན་པའི་དགོན་པ་ཞིག་ཏུ་གྱུར་པ་ཡིན་ནོ། །དེ་ལྟར་མཛད་ཕྲིན་མཐར་ཕྱིན་ནས་དགུང་གྲངས་རེ་གསུམ་པ་རབ་ཚེས་ཆུ་འབྲུག་སྤྱི་ལོ་ ༡༨༩༢ ལོའི་སྣྲོན་ཟླ་བའི་ཚེས་ཉེར་གཅིག་གི་མཚན་མོར་གཟུགས་སྐུའི་བཀོད་པ་རེ་ཞིག་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། །
༼གདན་རབས་གསུམ་པ།༽


༈ གདན་རབས་གསུམ་པ་ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ་ནི། སྐུ་གོང་མ་རྗེ་ཀརྨ་འགྱུར་མེད་ངེས་དོན་བསྟན་འཛིན་གཤེགས་ཁར།
ང་ཡི་སྤྲུལ་པ་ཁ་ཡི་སྟེང་དུ་འབྱུང་། །
ཞེས་པའི་ཞལ་བཞེས་ཀྱི་ལུང་བསྟན་ཤོག་དྲིལ་གནང་བ་ལྟར། སྡེ་དགེའི་ཨ་ལོ་ཁ་སྟེང་དུ་ཡབ་སྡེ་དགེའི་བློན་ཆེན་བཀྲ་ཤིས་དབང་རྒྱལ་དང་། ཡུམ་ལྡན་བཟའ་ཚེ་རིང་མཚོ་གཉིས་ཀྱི་སྲས་སུ་རབ་ཡིད་ཤིང་སྟག་སྤྱི་ལོ་ ༡༨༥༤ ལ་སྐུ་བལྟམས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། ཀརྨ་བཅུ་བཞི་པ་ཐེག་མཆོག་རྡོ་རྗེ། རྒྱ་སྤྲུལ་རིན་པོ་ཆེ་པདྨ་མདོ་སྔགས་བསྟན་འཛིན་རྣམས་ཀྱིས་དགོངས་པ་གཅིག་མཐུན་གྱིས་རྗེ་ཀརྨ་འགྱུར་མེད་ངེས་དོན་བསྟན་འཛིན་གྱི་ཡང་སྲིད་དུ་ངོས་འཛིན་གནང་ནས་དཔལ་ཡུལ་དུ་གསེར་ཁྲིར་མངའ་གསོལ་མཛད། རྒྱ་སྤྲུལ་རིན་པོ་ཆེ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་ཕྱག་རྫོགས་ཟུང་འཇུག་གི་ཁྲིད་དང་། གནམ་ཆོས་སངས་རྒྱས་ལག་འཆང་གི་ཟབ་ཁྲིད། གནམ་ཆོས་དང་། རཏ་གླིང་། བདུད་འདུལ། སྙིང་ཐིག བཀའ་མ། སྒྱུ་འཕྲུལ་སོགས་ཀྱི་ལུང་དང་ཁྲིད་སོགས་གསན་ཏེ་ཐུགས་སྦྱང་གནང། གཞན་ཡང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་མགོན་ཀོང་སྤྲུལ། ལྷ་སྤྲུལ་པདྨ་གར་དབང་བསྟན་འཛིན། ཝ་ཤུལ་བླ་མ་བསོད་ནམས་རྣམ་རྒྱལ་སོགས་བཤེས་གཉེན་བཅུ་ཕྲག་དུ་མ་ལས་མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་སྦྱང་དང་། སྒོམ་སྒྲུབ་མཐར་ཕྱིན་གནང་བསཕྱོགས་ཀུན་ཏུ་མཁས་གྲུབ་ཀྱི་མཚན་སྙན་རབ་ཏུ་འབར། དགུང་གྲངས་ཉེར་གསུམ་པ་རབ་ཚེས་མེ་བྱི་སྤྱི་ལོ་ ༡༨༧༦ ལོར་རྒྱ་སྤྲུལ་པདྨ་མདོ་སྔགས་བསྟན་འཛིན་གྱི་བཀའ་ལྟར། དར་ཐང་དགོན་འདིར་བྱོན་ཏེ་ལོ་གཉིས་ཙམ་ལ་བསྟན་བདག་གི་ཁུར་བཞེས་ནས་དབང་ལུང་ཁྲིད་དུ་མ་གནང་བར་མ་ཟད། ད་ལྟའི་སྒོ་ཆེན་ནང་སོ་ཡོད་པའི་ས་དེར་ལྷ་ཁང་ཆུང་ངུ་ཞིག་བཞེངས་ཀྱང་ཁང་རྒན་དཔོན་ངག་དབང་བསྟན་འཛིན་འདས་པའི་རྐྱེན་གྱིསཆོས་སྒརསྒང་ཤིས་ཐང་དང་། ཡག་གི་ཆོས་ཁྲི། ལྷ་ཡོན་ཡར་ཆ། འཛིའི་ཤོག་ཐང་རྣམས་སུ་སྤོ་སྡོད་མཛད་པ་ལས་དགོན་གཞི་འདི་ཉིད་གཏན་ཆགས་སུ་མ་བྱུང་། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་གི་གདན་སའི་ཁུར་བཞེས་ཏེ་བཤད་སྒྲུབ་འཁོར་ལོ་གསུམ་གྱིས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་མཛད། མཐར་དགུང་གྲངས་ང་གསུམ་བཞེས་པ་རབ་ཚེས་མེ་རྟ་སྤྱི་ལོ་ ༡༩༠༦ ལོའི་ཧོར་ཟླ་གསུམ་པའི་ཚེས་ཉེར་གཉིས་ལ་སྐུ་མྱ་ངན་ལས་འདས་སོ།།
༼གདན་རབས་བཞི་པ།༽


༈ གདན་རབས་བཞི་པ་ལྷ་སྤྲུལ་རིན་པོ་ཆེ་པདྨ་གར་དབང་བསྟན་འཛིན་ནི། གྲུབ་དབང་ཀུན་བཟང་གཞན་ཕན་གྱི་ལུང་བསྟན་ལས།
ཕྱག་རྡོར་སྤྲུལ་པ་གར་གྱི་མིང་ཅན་འབྱུང༔
རེ་ཞིག་བར་དུ་མཐའ་ཡི་དམག་སྣ་བཟློག༔
ཅེས་དང་། གཏེར་སྟོན་གསང་སྔགས་གླིང་བས།
ལྷ་སྲས་སྤྲུལ་པ་དཔལ་གྱི་ཡུལ་དུ་འབྱུང༔
པདྨའི་མིང་ཅན་འགྲོ་དོན་ཐབས་ལ་མཁས༔
ཞེས་དང་། ཁྲག་འཐུང་བདུད་འཇོམས་གླིང་བའི་གཏེར་ལུང་ལས།
གནས་དེ་ནས་མི་རིང་ཉེ་བའི་སར༔
དཔལ་ཕྱག་ན་རྡོ་རྗེའི་རྣམ་རོལ་གར༔
ཁོང་རྣལ་འབྱོར་ལྷ་ཡི་མིང་ཅན་དེ༔
རྣ་ལྟག་ཏུ་སྨེ་ཤ་ནག་པོ་ཡོད༔
དཔལ་དེ་ལ་རྣམ་སྲས་སྒྲུབ་སྐོར་སྤྲོད༔
ཅེས་ལུང་བསྟན་པ་ལྟར། རབ་བྱུང་བཅུ་གཉིས་པའི་ཡོང་འཛིན་ཅེས་པ་ཆུ་ཕོ་བྱི་བ་སྤྱི་ལོ་ ༡༨༥༢ ལོར་ལྷ་འབྲང་དཔལ་ལྡན་ཆོས་རྒྱལ་གྱི་དབོན་རིགས་སུ་སྐུ་བལྟམས། རྫོགས་ཆེན་རིན་པོ་ཆེ་མི་འགྱུར་ནམ་མཁའི་རྡོ་རྗེས་རྗེ་ཀརྨ་འགྱུར་མེད་ངེས་དོན་བསྟན་འཛིན་གྱི་ཡང་སྲིད་དུ་ངོས་བཟུང་། ཁོང་གི་སྐུ་སྐྱེའི་ཕྲེང་བ་ནི། ཤུད་པུ་དཔལ་གྱི་སེངྒེ། རིག་འཛིན་མི་འགྱུར་རྡོ་རྗེ། སྨིན་གླིང་གཏེར་ཆེན་སོགས་ཡིན་པར་ལུང་བསྟན། རྒྱ་སྤྲུལ་རིན་པོ་ཆེས་བསླུ་བདག་མཛད་དེ་རང་དགོན་གྱི་ཆོས་ཐུན་སྦྱང་བ་མཐར་ཕྱིན། འཇམ་མགོན་ཞབས་དྲུང་རིན་པོ་ཆེ་དང་། ཀོང་སྤྲུལ་རྣམ་གཉིས་དྲུང་ནས་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་མནོས། གཞན་ཡང་རྒྱ་སྤྲུལ་དང་དབོན་སྤྲུལ་རྣམས་ལས་ཆོས་བཀའ་དང་གདན་རབས་འདིའི་ཆོས་རྒྱུན་ཡོད་དོ་ཅོག་ལན་གྲངས་མང་དུ་གསན་པས་གསན་བསམ་རྒྱ་ཆེ། རབ་ཏུ་བྱུང་བ་ཚུན་སྐུ་ཚུགས་ཤིན་ཏུ་བཙུན་ཞིང་འདུལ་ཁྲིམས་ལ་གཅེས་སྤྲས་མཛད། བསྙེན་སྒྲུབ་དུ་མ་ཚད་དུ་འཁྱོལ་བས་ཡི་དམ་མང་པོས་ཞལ་གཟིགས། རིམ་གཉིས་ཀྱི་དྲོད་ཚད་ཐེབས་པས་གྲུབ་པའི་རྟགས་མཚན་ཀྱང་རྡོ་ལ་ཞབས་རྗེས་བཞག་པ་དང་གྲུབ་ཆུ་བཏོན་པ་སོགས་ད་ལྟ་ཡང་མཇལ་དུ་ཡོད། དགོན་མ་བུ་གཉིས་ལ་རྟེན་བཞེངས་ཀྱི་མཛད་པ་རྒྱ་ཆེ།
ཁྱད་པར་དུ་རང་ཉིད་ཀྱི་སྐུ་གོང་མཀརྨ་འགྱུར་མེད་ངེས་དོན་བསྟན་འཛིན་དང་། དེ་བཞིན་རྒྱ་སྤྲུལ་པདྨ་མདོ་སྔགས་བསྟན་འཛིན། ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ་རྣམ་པ་གསུམ་གྱི་སྐབས་སུ་དར་ཐང་འདིར་གཙུག་ལག་ཁང་སོགས་སྦྱངས་ཏེ་དགོན་གཞི་བརྟན་ཆགས་སུ་མ་བྱུང་བར་ལུས་པ་ཉིད། རྗེ་འདི་ཉིད་ཀྱིས་ལེགས་པར་བཞེངས་པའི་ཚུལ་ཡང་། གཟི་སྤྲུལ་འཇམ་དབྱངས་ཤེས་རབ་ཆོས་ཀྱི་སྣང་བའི་རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བའི་བུ་ཡིག་ཀུན་གསལ་ནོར་བུའི་སྒྲོན་མེ་ལས།
རབ་བྱུང་བཅོ་ལྔའི་ཐོག་མ་ཤར། །
དེ་ལ་ཚེས་སྦྱངས་ཆུ་རྟ་ལོར། །
མདོ་སྨད་མཐའ་འཁོབ་མུན་གླིང་དུ། །
ཀུན་མཁྱེན་བླ་མའི་འཕྲིན་ལས་ཀྱིས། །
དམ་ཆོས་སྣང་བ་གསལ་མཛད་དེ། །
གཡུ་མཚོ་འབབ་ལྡན་འཁྱིལ་བའི་འགྲམ། །
ས་དཔྱད་རྟེན་འབྲེལ་ཕུན་ཚོགས་སར། །
དར་ཐང་མདོ་སྔགས་བཤད་སྒྲུབ་གླིང་། །
ཐོག་མར་བཏབ་པའི་ལོ་ཡིན་ལ། །
ཞེས་གསུངས་པ་ལྟར་བོད་རབ་བྱུང་བཅོ་ལྔ་པའི་སྣ་ཚོགས་ཞེས་པ་ཆུ་ཕོ་རྟ་སྤྱི་ལོ་ ༡༨༨༢ ལ་དགོན་འདིར་གཙུག་ལག་ཁང་ཆེན་མོ་ཚོན་རིས་དང་བཅས་པ་ཟླ་བ་གསུམ་་གྲུབ་པར་བྱས་པས་རྫུ་འཕྲུལ་ལྷ་ཁང་དུ་གྲགས་པ་དང་། སྒྲུབ་གྲྭ་གསང་ཆེན་ངེས་དོན་གླིང་། མཚམས་གྲྭ་ཀ་དག་འོད་གསལ་གླིང་། གླིང་སྨད་རྣམ་རྒྱལ་མཆོད་རྟེན་ཆེན་མོ་སོགས་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཞེངས།
དེ་བཞིན་དཔལ་ཡུལ་མ་དགོན་དང་། དྷི་མདའ་བདེ་ཆེན་ཆོས་གླིང་སོགས་སུ་རྟེན་བཞེངས་དང་། མགོ་ལོག་རྒྱལ་རོང་སོགས་ཕྱོགས་ཀྱི་དད་ལྡན་རྣམས་ལདབང་ལུང་ཁྲིད་སོགས་ཆོས་བཀའ་དུ་མ་གནང་ཞིང་སྨིན་གྲོལ་ལ་བཀོད། མཐར་དགུང་གྲངས་གྱ་བཞི་བ་རབ་རྒྱལ་ཤིང་ཕག་སྤྱི་ལོ་ ༡༩༣༥ ལོའི་རྒྱལ་ཟླ་བའི་ཚེས་བཅུ་གསུམ་ལངོ་མཚར་བའི་རྟགས་དང་བཅས་དགོངས་པ་རེ་ཞིག་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་པའོ། །དེའི་ཡང་སྤྲུལ་ལྷུན་གྲུབ་རྒྱ་མཚོ་ས་ཡོས་སྤྱི་ལོ་ ༡༩༣༩ ལོར་སྐུ་བལྟམས། ཡི་གེ་ཀློག་སྦྱང་མཐར་ཕྱིན་ནས་སྐུ་ཚེ་ཆེར་མ་བཞུགས་པར་དགུང་གྲངས་དགུ་པ་སྤྱི་ལོ་ ༡༩༤༧ ལོར་སྐུ་མྱ་ངན་ལས་འདས།། །།
༼གདན་རབས་ལྔ་པ།༽


གདན་རབས་ལྔ་པ་ཀུན་གཟིགས་རིག་པའི་པཎྜིཏ་གཟི་སྤྲུལ་འཇམ་དབྱངས་ཤེས་རབ་ཆོས་ཀྱི་སྣང་བ་ནི། གསང་སྔགས་གླིང་བའི་ཆོས་བདག་ལུང་བྱང་ལས།
གཟི་རྒྱལ་ཕྱོགས་སུ་ནམ་སྙིང་སྤྲུལ་་འབྱུང༔
ཞེས་ལུང་བསྟན་པ་ལྟར། ཤར་རྒྱལ་མོ་རོང་གི་མཆོག་རྩེའི་རྒྱལ་ཁབ་ཀྱི་བཀའ་བློན་ཨ་དྲུང་ཚང་ལརབ་བྱུང་བཅུ་བཞི་པའི་ཤིང་སྟག་སྤྱི་ལོ་ ༡༨༥༤ ལ་སྐུ་འཁྲུངས། གཟི་རྒྱལ་ཚང་ལ་མཚོ་རྒྱལ་སྤྲུལ་འི་སྐྱེས་ཆེན་ཞིག་དགུང་ལོ་ཆེར་མ་བཞུགས་པ་ཞིག་ཡོད་པས་དེའི་རྣམ་འཕྲུལ་ཡིན་ཞེས་སྐུ་བདག་མཛད། ལྷ་ལྡན་ཕྱོགས་ནས་སེ་ར་རྗེ་བཙུན་པ་དང་། ཤར་རྩེ་གྲགས་པ་བསྟན་དར་བའི་སྐྱེ་སྲིད་དུ་མཚན་གསོལ། རྒྱ་སྤྲུལ་པདྨ་མདོ་སྔགས་བསྟན་འཛིན་གྱིས་དཔལ་ཡུལ་ཀརྨ་ལྷ་དབང་གི་ཡང་སྤྲུལ་དུ་ངོས་འཛིན་གནང་ནསདཔལ་ཡུལ་དགོན་དུ་གདན་དྲངས། སེ་རར་གྲྭ་སར་བྱོན། རྣམ་དཔྱོད་ཀྱི་ཤེས་རབ་ཤིན་ཏུ་ཆེ་བས་གསར་ཕྱོགས་ཀྱི་གཞུང་མང་ལ་སྦྱང་བ་ཕལ་ཆེར་རྫོགས་ནས་མཁས་གྲགས་འབར། བྲག་གཅོད་དགེ་བཤེས་མདུན་ནས་རྩིས་དཀར་ནག་གསན། གཞན་ཡང་སྒྲ་སྙནསྨན་སྦྱོར་སྡེབ་སོགས་ལ་སྦྱང་བ་མཐར་ཕྱིན་ནས་མཁས་པའི་ལྡིང་ཁྲི་མཐོན་པོར་གཤེགསདགོན་འདིར་གཏན་བཞུགས་ཀྱི་ཐུགས་ཁུར་མཛད་དེལྷ་སྤྲུལ་སང་དང་ནང་ཆེན་ཡང་གཅིག་ཏུ་བྱས།
ཆུ་རྟ་ལ་གཙུག་ལག་ཁང་བཞེངས་ནས་ས་བྱི་ལ་དར་དགོན་འདི་ནས་རྩིས་གཞུང་ཉིན་བྱེད་སྣང་བའི་འདས་ལོ་གསར་སྤོ་མཛད་དེརྩིས་ཀྱི་མན་ངག་ཉིན་བྱེད་སྣང་བའི་བུ་ཡིག་ཀུན་གསལ་ནོར་བུའི་སྒྲོན་མེ་ཞེས་པ་བརྩམས། སློབ་མ་ཝི་ར་ཐུབ་དབང་ལ་སྨན་དཔྱད་ཡན་ལག་བརྒྱད་པ་དང་། རྩིས། སྙན་ངག་སོགས་ཁྲིད་སྐབས་སྙན་ངག་དཔེ་བརྗོད་དབྱངས་ཅན་དགྱེས་པའི་རོལ་མཚོ་ཞེས་པ་བརྩམས། དེ་གཉིས་ཀྱི་དཔེ་ད་ལྟར་བཞུགས། གཞན་ཡང་གསུང་རྩོམ་ལ་ཚུལ་ཤིང་བསྟོད་པ། རྒྱ་སྤྲུལ་སྐུ་བསྟོད་ཀུན་བཟང་འཁོར་ལོ། དེའི་རྣམ་ཐར་གྱི་མཇུག་མཐར་ཕུད་པ། མངོན་པ་མཛོད་ཀྱི་འགྲེལ་པ་བཅས་ཡོད་ཀྱང་ད་སྐབས་མི་བཞུགས་པ་ནི་ཤིན་ཏུ་ཕངས་པའི་གནས་སོ། །དེ་ལྟར་བཤད་སྒྲུབ་འཁོར་ལོ་གསུམ་གྱིས་བསྟན་པ་བསྐྱངས་མཐར་དགུང་གྲངས་བཞི་བཅུ་པ་རབ་ཚེས་ཆུ་སྦྲུལ་སྤྱི་ལོ་ ༡༨༩༣ ལ་ཁམས་རྫོང་ཤོད་བདེ་ཤེགས་འདུས་པར་གཟུགས་སྐུ་མྱ་ངན་ལས་འདས་སོ། །
༼གདན་རབས་དྲུག་པ།༽


གདན་རབས་དྲུག་པ་སྦ་རོད་སྐུ་ཆེན་པདྨ་བསམ་འགྲུབ་རྡོ་རྗེ་ནི། ཨ་སྐྱོང་ཁང་སར་སྡེ་གླིང་དུ་ལྷ་རྟ་མཆོག་རོལ་པ་ཡི་དམ་དུ་བརྟེན་པའི་སྦ་རོད་རྟག་བརྟན་དཀོན་མཆོག་ཟེར་བའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་མོ་ཕག་སྤྱི་ལོ ༡༨༨༧ ལོར་སྐུ་འཁྲུངས། གཟི་སྤྲུལ་འཇམ་དབྱངས་ཤེས་རབ་ཆོས་ཀྱི་སྣང་བས་གྲུབ་ཆེན་ཀརྨ་བཀྲ་ཤིས་ཀྱི་བླ་མཆན་དཔལ་འབྱོར་ཞེས་པའི་ཡང་སྤྲུལ་དུ་མཚན་གསོལ། དགུང་གྲངས་བཅུ་གསུམ་པར་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་དུ་ཁྲི་འདོནམཛདརི་ཆོས་གསུམ་སོགས་རང་ལུགས་ཀྱི་ཆོས་བཀའ་རྣམས་གསན་སྦྱང་མཐར་ཕྱིན། རྗེ་ཆོས་ཀྱི་ཉི་མ་དང་ལྷ་སྤྲུལ་རིན་པོ་ཆེ་སོགས་ལས་དབང་ལུང་ཁྲིད་སོགས་མན་ངག་མཐའ་ཡས་པ་གསན་སྦྱང་གནང་བས་མཁས་གྲུབ་གཉིས་ལྡན་དུ་གྱུར། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་ལས་བསྙེན་པར་རྫོགས། དགུང་གྲངས་ཉེར་ལྔ་པར་ལྷ་སྤྲུལ་རིན་པོ་ཆེས་བཀའ་ལྟར་དགོན་འདིའི་བསྟན་པའི་བདག་པོ་མཛད། བདེ་གཤེགས་ལྷ་ཁང་དང་། ཡིག་བརྒྱའི་དུང་འཁོར་བཞེངས་བ་སོགས་བསྟན་པའི་ཞབས་འདེགས་རྒྱ་མི་ཆུང་བར་མཛད།དགུང་གྲངས་སོ་བརྒྱད་ནས་དྷི་མདའ་བདེ་ཆེན་ཆོས་གླིང་གི་བསྟན་པའི་བདག་པོ་བགྲང་བྱ་བཅུ་ལྷག་མཛད་པ་སོགས་བསྟན་དགོན་ལ་སྨན་པའི་མཛད་རྗེས་ཤིན་ཏུ་ཆེ། མཐར་རབ་རྒྱལ་མེ་གླིང་སྤྱི་ལོ་ ༡༩༣༧ ལོར་སྐུ་མྱ་ངན་ལས་འདས་སོ། །
༼གདན་རབས་བདུན་པ།༽





གདན་རབས་བདུན་པ་འཇམ་དབྱངས་མི་ཡི་རོལ་གར་ཡོངས་རྫོགས་བསྟན་པའི་མངའ་བདག དགེ་སློང་རྡོ་རྗེ་འཛིན་པའི་རྣམ་པར་བྱོན་པ་མཚན་བརྗོད་པར་དཀའ་ནའང་དོན་གྱི་སླད་དུ་མཚན་ནས་ཞུ་ན། འཇམ་དཔལ་དགྱེས་པའི་རྡོ་རྗེ་དབྱངས་ཅན་བཞད་པའི་རོལ་མོཞེས་མཚན་སྙན་ཆོས་དུང་གཡས་སུ་འཁྱིལ་བའི་སྒྲ་དབྱངས་སྲིད་པ་གསུམ་གྱི་ཁོངས་ན་མངོན་པར་གྲགས་པ་དེ་ནི། རྫོགས་ཆེན་མི་འགྱུར་ནམ་མཁའི་རྡོ་རྗེས།

ཇོ་བོའི་སྤྲུལ་བ་ཅང་ཤེས་ལོ་ལ་ནི། །

རྒྱལ་མོ་ཚ་བའི་རོང་དུ་སྐུ་བལྟམས་ཏེ། །

མདོ་ཁམས་ལྕགས་ཡུལ་དཀར་པོའི་ཆོས་ལ་བསྒྱུར། །

འབྲེལ་ཚད་རྔ་ཡབ་གླིང་དུ་འདྲེན་པར་འགྱུར། །

ཞེས་དང་། རྒྱལ་རོང་གཏེར་ཆེན་ནས་ཀྱང་།

མགོན་ཇོ་བོའི་སྤྲུལ་བ་ཅང་ཤེས་ལོར། །

ཡུལ་རྒྱལ་མོ་རོང་དུ་སྐུ་བལྟམས་ནས། །

ཁམས་ལྕགས་ཡུལ་མདོ་སྔགས་ཆོས་ལ་བཀོད། །

དེ་འབྲེལ་ཚད་རྔ་ཡབ་གླིང་དུ་འདྲེན། །

ཞེས་དང་། རྡོ་གྲུབ་ཀུན་བཟང་གཞན་ཕན་གྱིས།

འཇམ་དབྱངས་སྤྲུལ་པ་སྨར་གྱི་སྟོད་ནས་བྱོན། །

གསང་སྔགས་ཆོས་ཀྱི་བསྟན་པའི་སྒྲོན་མེ་སྦར། །

ཞེས་དང་། བདུད་འདུལ་དབང་ཕྱུག་གླིང་པས།

གནས་རྒྱལ་མོ་གཞུང་ཆར་ཀུན་དགའི་དཔལ། །

ཕན་བདེ་བའི་འབྱུང་གནས་རྒྱལ་བསྟན་འཛིན། །

ཟླ་གཞོན་པ་གསར་འཆར་ལྕགས་ཡུལ་དུ། །

ཆོས་སྨིན་གྲོལ་བདུད་རྩིའི་ཆར་བ་བསྙིལ། །

ཞེས་དང་། གཞན་ཡང་བདུད་འཇོམས་གླིང་པ། ལྕགས་སྤྲུལ་རོལ་བའི་རྡོ་རྗེ་སོགས་ཀྱི་གཏེར་ཁ་གསར་རྙིང་མང་པོས་ལུང་གིས་བསྔགས་པ་དང་། སྐྱེ་སྲིད་ཀྱང་། རྗེ་བཙུན་ཟུར་ཕུད་ལྔ་པ། གསང་བདག་རྡོ་རྗེ་ཆོས། འཕགས་པ་ཀུན་དགའ་བོ། རྨ་བན་རིན་ཆེན་མཆོག གྲུབ་ཆེན་ལྕགས་ཟམ་པ་སོགས་དང་། གཞན་ཡང་སློབ་དཔོན་ཨརྱཱ་དེ་བ། གཞོན་ནུ་བདེ་བའི་རོ་ལངས་སོགས་ཉིད་ཀྱི་ཞལ་བཞེས་དང་། གཞན་གྱི་ལུང་ཟིན་སོགས། བསམ་ཡུལ་ལས་འདས་པ་བྱུང་། དེ་ལྟ་བུའི་མཆོག་གི་སྤྲུལ་སྐུ་རིན་པོ་ཆེ་ནི་རྒྱ་སྤྲུལ་འཁྲུངས་ཡུལརྒྱལ་མོ་ཚ་རོང་གི་རྒྱ་ཁ་བྷོ་ཏོ་ཟེར་བའི་ཡུལ། ཡབ་ལོ་ཡེ་ཐེན་ཤིའུ་བྱ་བ་དང་། ཡུམ་སྨན་ཐར་གཉིས་ལ་རབ་བྱུང་བཅོ་ལྔ་བའི་ཤིང་རྟ་སྤྱི་ལོ་ ༡༨༩༤ ལོར་དགེ་མཚན་གྱི་ལྟས་དུ་མ་དང་བཅས་མཚན་དཔེའི་པདྨོ་བཞད། ལྷ་སྤྲུལ་རིན་པོ་ཆེ་པདྨ་གར་དབང་བསྟན་འཛིན་ཆེད་ཕེབ་གནང་ནས་གཟི་སྤྲུལ་འཇམ་དབྱངས་ཤེས་རབ་ཆོས་ཀྱི་སྣང་བའི་ཡང་སྤྲུལ་དུ་ངོས་འཛིན་གནང་སྟེ་རང་དགོན་དུ་གདན་དྲངས་ནས་གོང་མའི་གསེར་ཁྲིར་མངའ་གསོལ།རྒྱ་སྤྲུལ་སློབ་ཆེན་གཙང་གྲུབ་ཆེན་བྱམས་པ་ཆོས་འཛིན་གྱིས་ཁོ་བོའི་རྩ་བའི་བླ་མ་རྒྱ་སྤྲུལ་རིན་པོ་ཆེ་པདྨ་མདོ་སྔགས་བསྟན་འཛིན་ངེས་གསང་ཆོས་ཀྱི་སྣང་བའི་ཡང་སྤྲུལ་ཡིན་ཞེས་གཙིགས་ཆེན་མཛད། འདི་བཞིན་ལྷོ་ཕྱོགས་དཔལ་དགོན་གྱི་ཚད་མའི་སྐྱེས་ཆེན་རྣམས་ཀྱིས་ཀྱང་རྒྱ་སྤྲུལ་ཡིན་པར་མགྲིན་གཅིག་ཏུ་བསྔགས། དེ་ཡང་སྐུ་ཆུང་ངུའི་དུས་ནས་མཐོང་ན་མི་མཐུན་པ་མེད་པ་དམ་པ་མཆོག་གི་ངང་ཚུལ་མངའ་བས་སློབ་འབངས་དང་ཡུལ་མི་ཀུན་གྱིས་མཆོག་སྤྲུལ་ཞེས་བསྔགས་མིང་ཐོབ།ལྷ་སྤྲུལ་རིན་པོ་ཆེ་ལས་དཔལ་ཡུལ་རང་ལུགས་ཀྱི་སྨིན་ཁྲིད་དང་དབང་ལུང་རྒྱབ་རྟེན་བཅས་གསན། རྗེ་ཆོས་ཀྱི་ཉི་མ་ལས་དབང་དང་ལུང་ཁྲིད་ཅི་རིགས་གསན། ཐུབ་དབང་། རྒྱལ་འཇིགས། རྫི་འགགས་དྲི་མེད་སོགས་ལས། སུམ་རྟགས་དག་གསུམ། སྨན་རྩིས་སྙན་ངག་སོགས་སྦྱངས། གཞན་ཡང་མཁན་པོ་བསོད་ནམས་དཔལ་ལྡན། ཀླུ་ཤུལ་མཁན་པོ་སོགས་ལས། དུམ་གཉིས་དབང་ལུང་དང་། སྤྱོད་འཇུག སྡོམ་གསུམ་རྣམ་ངེས། ཡོན་མཛོད། དྲངས་ངེས་ལེགས་བཤད། ལེགས་བཤད་གསེར་ཕྲེང་། གསང་འགྲེལ་མཛོད་སྡེ་སོགས་མདོ་སྔགས་ཀྱི་ཆོས་མང་དུ་གསན། གཞན་ཡང་དགེ་བའི་བཤེས་གཉེན་དུ་མ་ལས་གྲུབ་མཐའ་རེས་མེད་ཀྱི་ཆོས་གཞུང་། དབང་བཀའ། ལུང་། གདམས་ཁྲིད། བསྡུས་གྲྭ་བཅས་གསན་པས་སྦྱངས་སྟོབས་ཀྱི་ཡོན་ཏན་རྒྱ་ཆེ་བས་མཁྱེན་པའི་ཕུལ་དུ་ཕྱིན། དམ་པ་གོང་མ་རྣམས་ཀྱི་མཁས་པའི་ཡོན་ཏན་གྱི་བག་ཆགས་སད།ཀཿཐོག་སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོ་ལས་མཁན་ཆེན་ཞི་བ་འཚོའི་སྡོམ་རྒྱུན་ལས་བསྙེན་པར་རྫོགས། ཚན་ཐུབ་བསྟན་འཇིགས་མེད་ཆོས་ཀྱི་ཟླ་བ་བཤད་སྒྲུབ་ཕྲིན་ལས་རབ་བརྟན་དཔལ་བཟང་པོ་ཞེས་གསོལ། རྒྱ་ཆེན་སྤྱོད་སྲོལ་གྱི་བྱང་སྡོམ་མནོས་པ་དང་། བླ་མ་དགོངས་འདུས་ཀྱི་དབང་བཀའ་ཡོངས་རྫོགས་གསན་ནས་རྡོ་རྗེ་སློབ་དཔོན་མཆོག་ཏུ་མངའ་གསོལ། གྲུབ་དབང་དཔལ་ཆེན་འདུས་པ་དང་མཁན་ཆེན་ངག་གི་དབང་པོ། རྫོང་གསར་མཁྱེན་བརྩེ།མཁན་ཆེན་ནུས་ལྡན་སོགས་ལསགསང་ཆེན་སྔ་འགྱུར་གྱི་ཟབ་ཆོས་མདོ་སྒྱུ་སེམས་གསུམ་གྱི་བཀའ་སྲོལ་ཐུན་མིནཁམས་ལུགས་ལྟར་གྱི་དབང་བཀའ། རྒྱབ་རྟེན་ལུང་། ཁྲིད་བཅས་དང་། གཞན་ཡང་རྒྱུད་སྡེ་བཀའ་མའི་སྐོར་དང་། རིན་ཆེན་གཏེར་མཛོད། སྙིང་ཐིག་ཡ་བཞི། མཛོད་བདུན། དགོངས་པ་ཟང་ཐལ་བཅས་ཀྱི་ཁྲིད་ལུང་དབང་བཀའ་བཅས་ཡོངས་རྫོགས་གསན། ཆོ་གའི་སྒྲུབ་ཕྲན་ཡོད་པའི་བཀའ་གཏེར་གང་ཡིན་ཀྱང་སོ་སོའི་བསྙེན་སྒྲུབ་ལས་གསུམ་ལ་བརྩོན་པས་རྟགས་ཐོན་དང་ལྡན་པ་གྲངས་ཀྱིས་མི་ཆོད་པར་མཛད།ཡི་དམ་ལྷ་སོ་སོའི་ཞལ་གཟིགས་ལུང་བསྟན་མངོན་ཤེས་དག་སྣང་གི་ཞིང་མཐོང་སོགས་བསམ་གྱིས་མི་ཁྱབ་པར་མངའ་ཡང་བསྟན་རྩ་སོ་ཐར་གྱི་བཅས་ཁྲིམས་དང་བསྟུན་ནས་ཀུན་ལ་ཟུར་ཙམ་མི་སྒྲོག རང་དགོན་གྱི་གཙོས་དགོན་སྡེ་སྟོད་སྨད་རྣམས་ལ་གཏེར་མཛོད་གཙོ་བོར་གྱུར་བའི། རཏྣ། དགོངས་འདུས། གནམ་ཆོས། གསང་སྙིང་། འདུས་པ་མདོ་དབང་། བཀའ་བརྒྱད་རྣམ་གསུམ། སྙིང་ཐིག་ཡ་བཞི་སོགས་བཀའ་གཏེར་གྱི་དབང་ལུང་ཕལ་ཆེར་ལན་གྲངས་དུ་མ་བསྩལ། ཕྱོགས་ཀྱི་དགོན་སྡེ་སོ་སོའི་གྲྭ་འབུལ་ཡང་སྟོང་ཕྲག་བརྒྱད་ལྷག་ལ་བརྒལ་ཚུལ་རང་རྣམ་ན་གསལ། མདོ་ཁམས་དབུས་གཙང་སོགས་སྟོད་སྨད་ཀྱི་དགོན་སྡེ་ཀུན་ལ་རྟེན་བཞེངས་དང་མཆོད་ཐེབས་དངུལ་འབུལ་ཕྱག་འགྱེད་སོགས་གྲངས་ཀྱི་མི་ཆོད་པ་མཛད། དུས་རྒྱུན་དུ་བཅད་རྒྱ་དང་བསྙེན་སྒྲུབ་ཁོ་ན་ལ་བརྩོན་ཏེ་བྱོན་བཞུགས་ཀུན་ལ་ཡང་རྒྱུན་ཐུན་མི་བཅད་པ་དང་། གུང་ཚིགས་ཡོལ་བ་སོགས་བག་ཡངས་ཉིན་གཅིག་ཀྱང་མི་མཛད།
དེ་ལྟ་བུའི་ཚད་མའི་སྐྱེས་ཆེན་རྡོ་རྗེ་སློབ་དཔོན་མཆོག་གི་མཚན་ཉིད་མངའ་བ་དེ་ནིགང་ཟག་སུས་མཇལ་ཡང་ལུས་སེམས་དད་གུས་ཀྱི་བ་སྤུ་གཟིང་སྟེ་མཐོང་ན་མི་མཐུན་པ་མེད་པ། གཟིམས་ཤག་གི་བསྟི་གནས་དང་། སྐུའི་ཉེར་སྤྱད་ཡན་ཆད་ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་བ། མདུན་དྲུང་དུ་སླེབས་ཚེ་ཐུགས་རྒྱུད་ཏིང་ངེ་འཛིན་ལས་མི་གཡོ་བའི་གཏུམ་མོ་ཡེ་ཤེས་ཀྱི་མེས་བདེ་དྲོད་དང་ལྡན་པ། སྐུ་བརྗིད་ཅིང་ལྷུན་ཆགས་པས་དྲེག་ཅན་སུས་མཇལ་ཡང་ཞུམ་སྟེ་གཟི་བརྗིད་ཀྱི་ཟིལ་གྱིས་གནོན་པ། རྟག་ཏུ་ཟབ་མོའི་དེ་ཉིད་ལ་མཉམ་པར་འཇོག་བཞིན་བཞུགས་ཡོད་པ་སུས་ཀྱང་མཐོང་བས་རྟོགས་ནུས་པ། མདོར་ན་ཕྱི་སོ་ཐར། ནང་བྱང་སེམས། གསང་བ་རིག་འཛིན་སྔགས་ཀྱི་བསླབ་སྡོམ་ལས་ནམ་ཡང་མི་ཉམས་ཤིང་རྒྱུན་དུ་བྱོན་བཞུགས་ཀུན་ལ་སྒོ་གསུམ་སྣང་གྲག་ཀྱི་རིག་པ། ལྷ་སྔགས་ཏིང་ངེ་འཛིན་གྱི་ཁྱེར་སོ་ལས་རྡོ་རྗེའི་བཟླས་པ་བགྲང་བཞིན་དོན་མེད་ཀྱི་ངག་འཁྱལ་མི་སྨྲ་བ་སྟེ་དགེ་སློང་རྡོ་རྗེ་འཛིན་པའི་མཚན་ཉིད་ཡོངས་སུ་ཚང་བ་ཉིད་དགོན་འདིའི་བསྟན་པའི་བདག་པོ་དང་། སྐྱེ་དགུ་ཡོངས་ཀྱི་འདྲེན་སྟོན་དུ་བྱོན་པ་ཉིད་མཐར་དགུང་གྲངས་རེ་ལྔ་པ་རབ་རྒྱལ་ས་ཁྱི་སྤྱི་ལོ་ ༡༩༥༨ ལོའི་ཧོར་ཟླ་དགུ་བའི་ཚེས་ཉེར་ལྔ་ལ་གསའི་དྲུག་ཆེན་སུམ་མདོར་ཞི་བར་གཤེགས་པའོ། །

༼གདན་རབས་བརྒྱད་པ།༽




གདན་རབས་བརྒྱད་པ་མགར་ཀློང་པདྨ་བདེ་ཆེན་མཁའ་ཀློང་ཡངས་པ་ནི། ཁང་རྒན་བར་ཞིའི་ས་ཡི་ཆར་ཡབ་ཁྲ་ཀུན་བཟང་བདེ་ལེགས་དང་ཡུམ་གླིང་བཟའ་ལྷ་མཚོ་གཉིས་ཀྱིས་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་མོ་ཡོས་སྤྱི་ལོ་ ༡༩༡༥ ལོར་སྐུ་འཁྲུངས། སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེས་མགར་བ་གཏེར་ཆེན་གྱི་ཡང་སྲིད་དུ་ངོས་བཟུང་། དགུང་ལོ་བཅུ་གཉིས་པ་ནས་མཆོག་སྤྲུལ་རིན་པོ་ཆེ་ལས་གནམ་ཆོས་དང་རཏ་གླིང་སོགས་སྔ་འགྱུར་བཀའ་གཏེར་གྱི་སྨིན་བྱེད་ཟབ་ཁྲིད་མཐའ་ཡས་པ་གསན། གཞན་ཡང་གཞི་ཆེན་མ་འདས་སྤྲུལ་སྐུ། རྩང་གྲུབ་ཆེན་བྱམས་པ་ཆོས་འཛིན། ཨ་སྐྱེས་གཏེར་ཆེན་ཨོ་རྒྱན་མཁའ་སྤྱོད་གླིང་པ། ཨ་པང་གཏེར་སྟོན་དཔའ་བོ་ཆོས་དབྱིངས་རྡོ་རྗེ་སོགས་རིས་མེད་ཀྱི་མཁས་གྲུབ་རྣམས་ལས་ཐུན་མོང་དང་ཐུན་མོང་མིན་པའི་ཟབ་ཆོས་རྣམས་གསན་བསམ་དང་སྒོམ་སྒྲུབ་མཛད།

དགུང་གྲངས་ཞེ་བཞི་པ་རབ་རྒྱལ་ས་ཁྱི་སྤྱི་ལོ་ ༡༩༥༨ ལོ་ནས་གདུག་པའི་ཁྲི་མུན་དུ་བགྲང་བྱ་ཉི་ཤུ་ཙམ་བཞུགས་དགོས་བྱུང་། དེ་སྐབས་རྣམས་སུ་གྲུབ་པའི་རྟགས་མཚན་ཤིན་ཏུ་མང་པོ་ཡོད་ཀྱང་འདིར་མ་སྤྲོས། ཁྲི་མུན་ལས་སླར་ཕེབས་ནས་བཟུང་དད་ལྡན་སྐྱེ་འགྲོ་ཀུན་ལདབང་ལུང་མན་ངག་དུ་མ་གནང་བ་དང་། དར་ཐང་དགོན་འདིའི་བསྟན་པའི་བདག་པོ་མཛད་དེ་ཐུགས་ཁུར་ཆེ་བཞེས་ཐོག་འདུ་ཁང་གོང་མའི་ནང་རྟེན་སངས་རྒྱས་སྟོང་སྐུ་སོགས་སྐུ་གསུང་ཐུགས་རྟེན་མཐའ་ཡས་པ་གསར་བཞེངས་བྱས་ཏེ་བསྟན་དགོན་གྱི་མེ་རོ་རྨང་ནས་གསོས། མཐར་དགུང་གྲངས་བརྒྱད་ཅུ་བཞེས་པ་རབ་རྒྱན་ཤིང་ཁྱི་ཧོར་ཟླ་གཉིས་པའི་ཚེས་བཅུ་བདུན་ལ་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་དུ་གཤེགས་སོ། །
དེ་ནས་ད་ལྟའི་བར་བསྟན་པའི་ལས་འགན་གྱི་ཁུར་འཛིན་པ་སྤྲུལ་མིང་བའི་ཟོལ་འཆང་བ་ཐུབ་བསྟན་གར་དབང་ཉིན་བྱེད་རང་དང་བཅས་པའོ། །དེ་དག་ལས་གཞན་དགོན་འདིར་སྔོན་བྱོན་པ་དང་ད་ལྟ་ཞལ་བཞུགས་པ་སོགས་དུས་སྐབས་གསར་རྙིང་གཉིས་སུ་བྱོན་པའི་སྐྱེས་ཆེན་ཤིན་ཏུ་མང་པོ་ཡོད་པ་རྣམསརེ་རེའི་རྣམ་ཐར་ཡི་གེས་འཇིགས་ནས་མ་བྲིས་སོ། །
༼གདན་རབས་དགུ་བ།༽




དཔལ་ཡུལ་ལྷ་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ། ༧སྐྱབས་རྗེ་ཨོ་རྒྱན་གར་དབང་ཉི་མའམ་མཚན་གཞན ༧ཐུབ་བསྟན་གར་དབང་ཉིན་བྱེད་བཤད་སྒྲུབ་ཕྲིན་ལས་དཔལ་བཟང་པོ་གང་གི་རྣམ་པར་ཐར་བ་ནི།

དེ་ཡང་མདོ་ལས།།།།མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་དང་ལྡན་པ།།།།ཡོན་ཏན་དང་ལྡན་པ། ཤེས་རབ་དང་ལྡན་པ་དག་བྱུང་སྟེ། ཞེས་ཚུལ་ཁྲིམས་གྱི་ཕུང་པོ་ཡོངས་སུ་དག་པའི་དམ་པ་དུ་མ་ཞིག་དང་ཆབ་ཅིག་སྤྱིར་ལུང་གིས་བསྟན་པ་དང་།།།།བྱེ་བྲག་ཏུ་ཡང་རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས།

ཤུད་པུ་དཔལ་སེང་སྐྱེ་བ་ནི༔

ཀ་ཐོག་ཕྱོགས་ནས་དབང་གི་མིང་ཅན་འབྱུང༔

ས་བཅུའི་དབང་ཕྱུག་རྣམ་འབྱོར་ཨེ་མ་ཧོ༔

མཐོང་ཐོས་ཐམས་ཅད་རིག་འཛིན་ས་ལ་སྦྱོར༔

ཞེས་དང་།།།།ཆོས་རྒྱལ་རཏྣ་གླིང་པའི་གཏེར་ལུང་ལས།

ཕྱག་རྡོར་སྤྲུལ་པ་འགྲོ་བ་ཐབས་ཀྱིས་འདུལ༔

དབང་གི་མིང་ཅན་ཁམས་ཀྱི་ཕྱོགས་སུ་འབྱུང༔

ཞེས་ཀ་ཐོག་དང་ཁམས་ཀྱི་ཕྱོགས་ཞེས་པའི་སྐུའི་འཁྲུངས་ཡུལ་མདོ་ཁམས་ཨ་སྐྱོང་གོང་མ་ཚང་གི་སའི་ཆར། གད་ཐོག་གམ་ཁ་སྐད་དུ་ཀ་ཐོག་ཅེས་འབོད་པ་དེ་དང་། ཕྱག་རྡོར་སྤྲུལ་པ་ཞེས་པས་སྤྲུལ་གཞི། དབང་ཞེས་པས་མཚན་གྱི་ཆ་ཤས་གསལ་བར་བསྟན། རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་ལུང་ལས།

ངུར་སྨྲིག་འཛིན་པ་གར་གྱི་མིང་ཅན་ལ༔

དེ་ཚེ་བར་ཆད་མ་ངེས་སྣ་ཚོགས་འབྱུང༔

གདམས་པ་འདི་ལ་འབད་ན་བར་ཆད་ཞི༔

དངོས་གྲུབ་གསོ་འགྱུར་སྐུ་ཚེ་མཐར་ཕྱིན་འགྱུར༔

ཞེས་རྐང་པ་དང་པོའི་ཕྱེད་སྔ་མས་རྟེན་རབ་བྱུང་ཡིན་པ་དང་། ཕྱེད་ཕྱི་མས་མཚན་གྱི་ཆ་ཤས། རྐང་པ་གཉིས་པས་ནི་དུས་འགྱུར་གྱི་སྐབས་སུ་ཡ་ང་བའི་བར་ཆད་སྣ་ཚོགས་འབྱུང་ཚུལ། རྐང་པ་ཐ་མ་གཉིས་ཀྱིས་གདམས་པ་འདི་དང་ཕྲད་ནས་བར་ཆད་ཞི་ཞིང་སྐུ་ཚེ་མཐར་ཕྱིན་ཚུལ་བཅས་གསལ་བར་བསྟན། ལུང་བསྟན་ཉི་ཟླ་ཁ་སྦྱོར་ལས།

གསང་བདག་རྣམ་སྤྲུལ་བསོད་ནམས་ཅན༔

ཐུགས་ཀར་ཡི་གེ་ཧཱུྃ་གིས་མཚན༔

ང་རྒྱལ་ཐོ་རྒྱུད་གར་གྱི་མིང༔

ཀ་ཐོག་ཤར་དུ་ངེས་པར་ཡོང༔།།།ཞེས་དང་།།།།རིག་འཛིན་མི་འགྱུར་རྡོ་རྗེའི་གཏེར་ལུང་ལས།

འདི་ནས་བྱང་གི་ཕྱོགས་ཉིད་དུ༔

བསྟན་པ་འདེགས་སོ་ཙམ་ཞིག་འབྱུང་༔

ཆགས་མེད་དང་ནི་ཨོ་རྒྱན་མིང༔

མཁུར་ནང་ལ་ནི་སྨེ་བས་བརྒྱན༔ ཞེས་འཁྲུངས་ཡུལ་དང་།།། མཚན་རྟགས་ཁྱད་པར་ཅན། རིགས་རྒྱུད།།།།མཚན་བཅས་གསལ་བར་བསྟན། ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་རོལ་ལྕགས་སྤྲུལ་རོལ་བའི་རྡོ་རྗེའི་གཏེར་ལུང་ལས།

ཨོ་རྒྱན་སངས་རྒྱས་གཉིས་པ་གར་གྱིས་བསྒྱུར༔

འབྲེལ་ཚད་དཔལ་ལྡན་བདེ་ཆེན་བཀོད་པ་རུ༔

དབུགས་འབྱིན་བྱེད་པ་བྱང་ཆུབ་ཆོས་ཀྱི་ཉི༔

དེ་ཡི་འཕྲིན་ལས་རྣམ་པར་དཀར་པོའི་སྟོབས༔

སྐྱེ་དགུའི་དཔལ་དུ་སྤྱོད་ཚེ་ཨེ་མ་ཧོ༔

ཞེས་སྐུ་ཆུང་དུས་ཀྱི་མཚན་གསལ་བོར་བསྟན་པ་དང་།།།།གདུང་སྲས་པདྨ་ཚེ་དབང་གི་ལུང་བསྟན་ལས།

བྱང་ནས་གྷྲྀ་ཝའི་མིང་ཅན་འབྱུང༔

དམར་སེར་བསྟན་པ་དགུང་ལ་རེག༔

ཅེས་སྐུའི་འཁྲུངས་ཡུལ་དར་ཐང་གི་བྱང་ཕྱོགས་དང་།།།།མཚན་གྱི་ཆ་ཤས། དམར་སེར་ངུར་སྨྲིག་གི་བསྟན་པ་ཕྱོགས་མཐར་སྤེལ་བའི་འཕྲིན་ལས་དང་བཅས་པའི་སྒོ་ནས་བསླུ་མེད་རྡོ་རྗེའི་ལུང་གིས་གསལ་བོར་བསྔགས་པ་ལྟར། མཚན་དཔེའི་པངྨོ་བསྟན་འགྲོའི་མགོན་དུ་འཁྲུངས་ཚུལ་ནི། ས་བཅུའི་དབང་ཕྱུག་རྗེ་བཙུན་བྱམས་པ་མགོན་པོའི་ཞལ་ནས།

མངལ་དུ་འཇུག་པ་མཆོག་དང་ནི།།།།

རིགས་དང་རུས་དང་ཆོ་འབྲང་དང་།།།།

འཁོར་དང་སྐྱེ་བ་དག་དང་ནི།།།།

ངེས་འབྱུང་བྱང་ཆུབ་ཤིང་རྣམས་དང་།།།།

ཡོན་ཏན་ཕུན་སུམ་ཚོགས་པ་ཡིན།།།།

ཞེས་ས་བཅུའི་སེམས་དཔའ་རྣམས་ནི་རིགས་རུས་ཕུན་སུམ་ཚོགས་པར་སྐྱེ་བ་འཛིན་པར་གསུངས་པ་ལྟར། དམ་པ་འདི་ཉིད་ཀྱི་རིགས་ནི། དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཉན་པོ།།།།གསེར་གྱི་འབྲོང་རི་སྨུག་པོའི་རིགས་རྒྱུད་གནས་མཆོག་ལྕགས་རི་འོད་འབར་གྱི་གནས་སྲུང་གི་བླ་བུ་གད་ཐོག་ལྷ་བསོ་ནས་བཟུང་འོད་གསལ་ལྷ་ཡི་རིགས་རྒྱུད་མ་ཉམས་པར་བྱོན་པ་ལས། ཨ་སྐྱོང་གོང་མ་དཔོན་གྱི་བཀའ་བློན་ཆེན་པོ་གད་ཐོག་ཨ་པོ་ཞེས་པ་དང་།།།།རུས་ནི་སྨུག་པོ་གདུང་གི་རུས་རྒྱུད་ཡིན་ཞིང་། ཆོ་འབྲང་ནི་མགོ་ལོག་གྱང་ཁང་བཟའ་བསོད་ནམས་སྐྱིད་ཡིན་ལ། དེ་ལྟར་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པར་རབ་བྱུང་བཅུ་དྲུག་པའི་རྣམ་འགྱུར་ཞེས་པ་རབ་རྒྱལ་ལྕགས་སྟག་སྤྱི་ལོ་།།༡༩༥༠། ལོའི་ཁྲུམས་ཟླ་བར་རྨ་ཀླུང་གསེར་ལྡན་ཕྱུག་མོའི་ཉེ་འགྲམ་གྱི་ལུང་སྐྱའི་སྨིན་ལུང་རི་རྒྱལ་ཕྱུག་མོའི་རི་ཞོལ་དུ། མཐོང་ན་མི་མཐུན་པ་མེད་པར་ངོ་མཚར་བའི་རྟགས་དུ་མ་དང་བཅས་གཟུགས་སྐུའི་མེ་ཏོག་གསར་དུ་བཞད།

དེ་ཚེ་མཚན་ལ་ཨོ་རྒྱན་ཉི་མ་ཞེས་གསོལ།།དགུང་ལོ་བཞི་བ་སྤྱི་ལོ་།།༡༩༥༣ ལོར་འཇམ་དཔལ་དབྱངས་དངོས་མཆོག་སྤྲུལ་ཆོས་ཀྱི་ཟླ་བས་༧སྐྱབས་རྗེ་ལྷ་སྤྲུལ་རིན་པོ་ཆེའི་ཡང་སྲིད་དེ་མ་ཐག་པ་སྤྲུལ་སྐུ་ལྷུན་གྲུབ་རྒྱ་མཚོའི་ཡང་སྲིད་འཁྲུལ་བྲལ་དུ་གཟིགས་ཏེ་སྐུ་བདག་མཛད།

དགུང་ལོ་ལྔ་བ་སྤྱི་ལོ་ ༡༩༥༤།།།ལོར་དར་ཐང་དགོན་དུ་ཞབས་སོར་ཐོག་མར་འཁོད་ཚེ། སྐུ་གོང་མ་པདྨ་དཀར་དབང་བསྟན་འཛིན་གྱིས་བཞེངས་པའི་གླིང་སྨད་རྣམ་རྒྱལ་མཆོད་རྟེན་ཆེན་མོ་གཟིགས་མ་ཐག་ངས་མ་གི་མཆོད་རྟེན་ཆེན་པོ་དེ་མ་གྲུབ་ནས་ངལ་བ་ཆེན་པོ་བྱུང་ཞེས་སོགས་སྔོན་གནས་རྗེས་སུ་དྲན་པའི་ཞལ་གསུང་མང་དུ་གནང་། དེར་མཆོག་སྤྲུལ་རིན་པོ་ཆེ་ནས་ཆོས་ཀྱི་ཁྲི་འཕང་མཐོན་པོར་མངའ་གསོལ་རྒྱ་ཆེར་མཛད་ཅིང་གཟིས་རི་དབོན་པོ་ཀུན་བཟང་ཡོངས་འཛིན་ཏུ་བསྐོས། འདི་༧སྐྱབས་རྗེ་ལྷ་སྤྲུལ་རིན་པོ་ཆེའི་ཡང་སྤྲུལ་འཁྲུལ་མེད་ཡིན་པས་ཡི་གེ་དང་ཀློག་ལོབ་ངེས་ཀྱིས་མནོལ་གྲིབ་སོགས་འཛེམས་པ་ལ་རེམ་ཞེས་བཀའ་བསྩལ་པ་བཞིན།

དགུང་གྲངས་བརྒྱད་པ་སྤྱི་ལོ་།།༡༩༥༧།།།ལོར་འབྲི་ཀློག་ལེགས་པར་མཐར་ཕྱིན། དེ་ནས་མཆོག་སྤྲུལ་རིན་པོ་ཆེ་ལས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ལེགས་པར་མནོས་ཚེ། སྐུ་ཆུང་དུས་ཀྱི་མཚན་ལ་ལྷ་སྤྲུལ་རིན་པོ་ཆེའི་མཚན་གྱི་ཆ་ཤས་ཀྱིས་ཟུར་བརྒྱན་ཏེ་ཨོ་རྒྱན་གར་དབང་ཉི་མ་ཞེས་གསོལ།། གནམ་ཆོས།།།།རཏྣ།།།།འཇའ་ཚོན།།ཀར་གླིང་ཞི་ཁྲོ།།བཀའ་བརྒྱད་རྣམ་གསུམ། མ་ཏིའི་སེང་ཧ་སོགས་ཀྱི་སྨིན་བྱེད་ཡོངས་རྫོགས་གསན།

དགུང་གྲངས་དགུ་བ་རབ་རྒྱལ་ས་ཁྱི་སྤྱི་ལོ་ ༡༩༥༨།ལོར་སྐུ་གོང་མའི་སྐུ་གེགས་ཐོག་དུ་ཁེལ་བ་སེལ་ཆེད་དུ་༧སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེའི་བཀའ་དགོངས་ལྟར། རྡོ་གྲུབ་ཆེན་དགོན་དུ་ཕེབས། རྡོ་གྲུབ་སྤྲུལ་སྐུ་རིག་འཛིན་བསྟན་པའི་རྒྱལ་མཚན་ལས། སྙིང་ཐིག་ཡ་བཞི་དང་དུམ་གཉིས་གྱི་སྨིན་གྲོལ་མཐའ་དག་གསན། སྐུ་ཡི་ན་ཚོད་མ་སྨིན་པ་འདི་དུས་ནས་ཀྱང་ཚེ་རབས་དུ་མར་ཚུལ་ཁྲིམས་ཀྱི་ཕུང་པོར་ཡོངས་སུ་གནས་པའི་བག་ཆགས་ཀྱི་དབང་གིས། སྐུ་ཚུགས་བཙུན་ཞིང་། ཐུགས་རིག་ཤིན་ཏུ་བཀྲ་བས་མཆོག་དམན་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་གནས་སུ་གྱུར།

དུས་འདི་སྐོར་ནས་སྐྱེ་འགྲོ་སྤྱི་མཐུན་གྱི་ལས་རླུང་རབ་ཏུ་གཡོས་པའི་རྐྱེན་གྱིས། བསམ་ཡུལ་ལས་འདས་པའི་དུས་འགྱུར་མེ་དཔུང་ཆེན་པོ་ཆོལ་གསུམ་ཆོས་ལྡན་ཞིང་ཁམས་ཀུན་དུ་ཁྱབ་ཅིང་། གངས་ལྗོངས་ཆོས་སྲིད་ཀྱི་ཚང་ཚིང་མ་ལུས་པ་རྨང་མེད་དུ་སྲེག་པའི་སྐལ་ངན་ཐོག་ཏུ་བབ། དེའི་ཚེ་སྐུ་ཉིད་ཡོངས་འཛིན་སོགས་གྲྭ་འཁོར་དུ་མ་དང་མཉམ་དུ། སྟོད་ཕྱོགས་སུ་བྲོས་བྱོལ་དུ་ཕེབས་ཚེ། ཡོངས་འཛིན་སོགས་འཁོར་རྣམས་དམག་དཔུང་གི་ཁྲོད་དུ་ཚུད་དེ་གཅིག་ཀྱང་མ་ལུས་པར་ལྔ་ལམ་དུ་བཏང་། སྐུ་ཉིད་ནི་བླ་མ་དང་ཡི་དམ་ལ་གསོལ་བ་བཏབ་པས་དམག་ཚོགས་ཀྱིས་མ་མཐོང་བར་འབྲོག་དགོན་ཞིག་ཏུ་ཞགས་བདུན་ཕྲག་གཉིས་ཀྱི་རིང་ལ་ཁམས་ཟས་རགས་པ་ཏིལ་འབྲུ་ཙམ་ཡང་གསོལ་དུ་མེད་པར་ལུས་ཀྱང་།།།།ཇི་སྐད་དུ།།།།རྒྱུད་བླ་མ་ལས།

ཇི་ལྟར་པདྨ་ཆུ་ནང་དུ།།།།

སྐྱེས་པ་ཆུ་ཡིས་གོས་པ་མེད།།།།

དེ་བཞིན་དུ་ནི་འཇིག་རྟེན་དུ།།།།

སྐྱེས་ཀྱང་འཇིག་རྟེན་ཆོས་མི་གོས།།།།ཞེས་དང་།།།།མདོ་སྡེ་རྒྱན་ལས།

འབྱོར་བའི་དུས་དང་རྒུད་པའི་དུས་ནའང་འདི།།།།

ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད།།།།

ཅེས་གསུངས་པ་བཞིན་ཕྲལ་རྐྱེན་གྱི་གནོད་པས་རྡུལ་ཙམ་ཡང་མ་གོས།།དེ་ཚེ་འོད་གསལ་གྱི་ཉམས་ལ་༧སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་དངོས་སུ་བྱོན་ནས་ཤིང་ཏོག་ལྟ་བུའི་རིལ་བུ་ཞིག་གནང་ནས་འདིས་ཟས་ཀྱི་གོ་ཆོད་ཅེས་གསུངས་ཤིང་ཕྱག་སྡིགས་མཛུབ་མཛད་དེ་ཕྱོགས་ཀུན་ཏུ་བསྐོར་བས་ཁོ་ར་ཁོར་ཡུག་ཐམས་ཅད་མེ་དཔུང་འབར་བས་འོད་ཀྱི་ལེར་སོང་བའི་ཐུགས་སྣང་ཤར།

རིམ་བཞིན་བླ་མ་དང་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་དངོས་སུ་སྡོང་གྲོགས་མཛད་དེ་རྨ་སྟོད་འབོས་ལམ་འབྲོག་སྡེའི་ཕྱོགས་སུ་བྱོན།།དེར་བགྲང་བྱ་གཉིས་ཙམ་ལ་བྱིས་པ་དཀྱུས་མའི་ཚུལ་དུ་བཞུགས། དེ་ཚེ་གྲུབ་མཆོག་འཁོར་ལོའི་མགོན་པོ་མགར་ཀློང་རིན་པོ་ཆེའི་ཐུགས་མཁྱེན་པའི་ཡེ་ཤེས་ཀྱིས་དམ་པ་འདི་ཉིད་སྐུ་ལ་གནོད་པ་མ་བྱུང་བར་བཞུགས་ཡོད་པར་གཟིགས་ནས་སྐུ་ཡི་གཅེན་པོ་སྤྲུལ་པད་མ་ཆོས་འབྱོར་སོགས་འཚོལ་དུ་བཏང་བ་དངོས་ཞལ་ཕྲད་དེ་མར་ཕ་གཞིས་སུ་གདན་དྲངས།

དེ་སྐབས་དུས་འགྱུར་ཆེས་ཆེར་བདོ་བའི་དུས་སུ་གྱུར་པས་འགོ་དཔོན་དག་གིས་གཞན་གནོད་ཉེས་སྤྱོད་སྡིག་པའི་གཡང་སར་ཁྲིད་པར་ངན་བསྐུལ་དང་། བསླུ་བྲིད་རྡུང་རྡེག་སོགས་ཇི་ལྟར་བྱས་ཀྱང་། ཚེ་རབས་དུ་མར་རྒྱལ་སྲས་ཀྱི་སྤྱོད་པ་ལ་གོམས་པས་སྐུ་སྲོག་ལ་མི་ལྟོས་པར་ཐ་ན་འབུ་སྲིན་ཕྲ་མོ་ཙམ་ལ་ཡང་བསམ་བཞིན་དངོས་སུ་གནོད་པ་བྱེད་མ་མྱོང་བ་ནི།།།།མདོ་ལས།

ནོར་དང་མཛའ་བཤེས་དེ་བཞིན་ཕ་མ་དང་།།།།

སྲོག་གི་སླད་དུའང་སྡིག་པ་མི་བགྱིད་དོ།།།།

ཞེས་དང་།།།།དཔལ་ས་ར་ཧས།།

ཀུན་རྫོབ་སངས་རྒྱས་མི་རེ་གདེངས་ཆེན་ལྡན་གྱུར་ཀྱང་།།།།

བསོད་ནམས་ཚོགས་ཆེན་མི་བཅག་ཅི་ནུས་འབད་པར་བྱ།།།།

འཁོར་བ་དག་ལ་དོགས་པའི་འཇིགས་བཅས་སེམས་བྲལ་ཡང་།།།།

སྡིག་པའི་ལས་རྣམས་ཕྲ་མོ་དག་ལ་འཛེམས་པར་བྱ།།།།

ཞེས་གདམས་པའི་དོན་ཚུལ་བཞིན་ཉམས་སུ་བླངས་པས་འཕགས་ཆེན་དམ་པའི་རང་གཤིས་བླ་ན་མེད་པ་གསལ་བར་བསྟན་པ་ལགས་སོ། །

སྐབས་དེར་བསྟན་པ་འཛིན་པའི་སྐྱེས་ཆེན་ཕལ་ཆེ་བ་ནི་དགོངས་པ་གཞན་དུ་གཤེགས།།ཅོལ་ཆུང་བྱིས་པའི་རྟེན་ཅན་གྱི་དགེ་འདུན་པ་ཕལ་ཆེ་བས་ནི་བསླབ་སྡོམ་རྩྭ་བཞིན་དོར། བསླབ་སྡོམ་སྲོག་ལྟར་སྲུང་བ་རེ་ཟུང་མཆིས་པ་རྣམས་ནི་གདུག་པའི་ཁྲི་མུན་དུ་བཙུད་དེ་བསྟན་པ་འཛིན་པའི་སྐྱེས་བུ་ནི་ཉིན་མོའི་སྐར་མ་ཙམ་དང་འདུལ་བ་སོ་ཐར་གྱི་བསྟན་པ་ནི་མེ་ཤི་བའི་དུད་པ་ཙམ་དུ་གྱུར། དེའི་ཚེ་ཆོ་འཕྲུལ་ཆེན་པོའི་མདོ་ལས།

སྨད་པར་བྱ་བའི་ཁྱིམ་ལ་བརྟེན་པ་དེས།།།

བླ་མེད་བྱང་ཆུབ་དམ་པ་གཞར་མི་ཐོབ། །

ཁྱིམ་གྱིས་སྐྲག་སྟེ་ཁྱིམ་ནས་མངོན་བྱུང་བ།།།།

དེ་དག་བྱང་ཆུབ་མཆོག་འདི་རྙེད་མི་དཀའ།།།།

ཞེས་དང་།།།།སྐྱེས་རབས་ལས།

གལ་ཏེ་ཆོས་སྤྱོད་ཁྱིམ་པའི་སོ་ནམ་འཆོར། །

ཁྱིམ་ལ་ཕྱོགས་ན་ཆོས་ཀྱང་ག་ལ་འགྲུབ། །

དེ་བས་ཆོས་དང་འགལ་བའི་སྐྱོན་ཡོད་ཕྱིར། །

བདག་ལ་ཕན་འདོད་སུ་ཞིག་ཁྱིམ་ན་གནས། །

ཞེས་གསུངས་པ་བཞིན།།།དམ་པ་འདིས་ཀྱང་ཁྱིམ་ནས་ཁྱིམ་མེད་པར་ངེས་པར་འབྱུང་མུས་ཀྱི་རྣམ་པ་ཐུགས་ཉམས་སུ་བཞེས་ཐོག དཀའ་ངལ་དུ་མ་ཁྱད་དུ་བསད་དེ་ལྔ་རིག་མཁས་པའི་དབང་པོ་ཨར་སྐུང་མཁན་ཆེན་ཐུབ་བསྟན་འགྱུར་མེད་ཕྲིན་ལས་ཀྱི་ཞབས་ལ་ཆེད་དུ་བཅར་ནས།

དགུང་ལོ་ཉེར་བཞི་བཞེས་པ་ཆུ་མོ་གླང་སྤྱི་ལོ་ ༡༩༧༣ ལོའི་ཐ་སྐར་ཟླ་བའི་ཚེས་ཉེར་གཉིས་རྒྱལ་བ་ལྷ་ལས་བབ་པའི་དུས་བཟང་ལ་ཚིགས་སྔ་མ་དགེ་ཚུལ་དང་ཕྱི་མ་བསྙེན་རྫོགས་ཀྱི་དངོས་པོ་ཡང་དག་པར་བཞེས།།དེ་ཚེ་༧་ཐུབ་བསྟན་གར་དབང་ཉིན་བྱེད་བཤད་སྒྲུབ་ཕྲིན་ལས་དཔལ་བཟང་པོ་ཞེས་པའི་མཚན་གྱི་ཅོད་པན་ཕུལ། དེ་ནས་བཟུང་དམ་ཆོས་འདུལ་བ་རིན་པོ་ཆེའི་དགག་སྒྲུབ་ཀྱི་བསླབ་བྱ་མཐའ་དག་མིག་འབྲས་བཞིན་དུ་བསྲུངས་ཏེ་ཐ་ན་ཕྱི་དྲོའི་ཁ་ཟས་དང་། རྩྭ་སྔོན་གཅོད་པ་སོགས་ཉེས་ལྟུང་ཕྲ་མོ་ཙམ་ཡང་ཁྱད་དུ་མི་གསོད་པར་སྲུང་བ་ནི།།།དབུ་མ་ལ་འཇུག་པ་ལས།

དེ་ཚུལ་ཕུན་ཚོགས་ཡོན་ཏན་དག་ལྡན་ཕྱིར། །

རྨི་ལམ་དུ་ཡང་འཆལ་ཁྲིམས་དྲི་མ་སྤངས། །

ལུས་ངག་ཡིད་ཀྱི་རྒྱུ་བ་དག་གྱུར་པས།།།།

དམ་པའི་ལས་ལམ་བཅུ་ཆར་གསོག་པར་བྱེད།།།།

ཅེས་གསུངས་པ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་འབྲས་རྟགས་སུ་གྱུར་པའི་མཛད་པ་བཟང་པོ་མཐུན་སྣང་དུ་གསལ་བར་བསྟན་པ་ཡིན་པ་གོར་མ་ཆག་གོ།།།སློབ་དཔོན་དབྱིག་གཉེན་གྱིས།

ཚུལ་གནས་ཐོས་དང་བསམ་ལྡན་པས།།།།

སྒོམ་པ་ལ་ནི་རབ་ཏུ་སྦྱོར།།།།

ཞེས་གསུངས་པ་ལྟར། ཚུལ་ཁྲིམས་ཡང་དག་པར་བླང་བའི་རྗེས་སུ་དུས་འགྱུར་གྱི་འཚུབ་མ་རེ་ཞིག་ཞི་བ་ནས་བཟུང་། མདོ་སྔགས་སྨྲ་བའི་ཉི་མ་ཨར་སྐུང་མཁན་ཆེན་མཆོག་ལས། དམ་ཆོས་འདུལ་བ་གཞི་གསུམ་གྱི་ལག་ལེན་མཐའ་དག་དང་། སྙིང་ཐིག་སྔོན་འགྲོ། གནམ་ཆོས་སྔོན་འགྲོ། སྡོམ་གསུམ་རྣམ་ངེས།།ཚིག་གསུམ་གནད་རྡེག་སོགས་ཀྱི་ཟབ་ཁྲིད་དང་། གཏེར་ཁ་གསར་རྙིང་གི་གཏེར་ཆོས་དུ་མའི་སྨིན་བྱེད་ཀྱི་རིམ་པ་ལེགས་པར་མནོས། གཞན་ཡང་སྔ་ཕྱི་ཅི་རིགས་སུ་དགེ་རྩེ་མཁན་ཆེན་བློ་བཟང་ཤེས་རབ།།ཨ་ཉ་མཁན་པོ་བློ་བཟང་ཚུལ་ཁྲིམས།།།།ཞི་ལི་མཁན་པོ་བསྟན་འཛིན་བཟང་པོ།།།།མགར་བ་མཁན་པོ་བློ་བཟང་ཚུལ་ཁྲིམས་སོགས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ཏེ་སུམ་རྟགས།།།སྡོམ་གསུམ། དཔལ་སྤྲུལ་སྔོན་འགྲོ། བཤེས་སྤྲིངས།།།།སྤྱོད་འཇུག།།།ཀློང་ཆེན་མཛོད་བདུན།།།ཀརྨ་མ་ངེས་ལེགས་སྡོམ་ཊིཀ གཏེར་གསར་ཐོལ་རྒལ་ཟླ་དྲུག་མ་སོགས་དང་། འཇམ་མགོན་མི་ཕམ་ཆོས་རྗེའི་གསུང་འབུམ་ཕལ་ཆེ་བ་གསན་བསམ་མཐར་ཕྱིན་པར་མཛད།

གཞན་ཡང་སྔ་འགྱུར་བསྟན་པའི་གསལ་བྱེད་སྨིན་གླིང་གཅོང་རིན་པོ་ཆེ།།།།བ་སོ་ཆོས་རྗེ།།།།ཨ་ལག་བློ་བཟང་དོན་གྲུབ། གྱང་ཁང་སྤྲུལ་སྐུ་ཐུབ་བསྟན་དཔལ་བཟང་།།།།ཨོ་རྒྱན་སྐུ་གསུམ་གླིང་པ། རི་ཤུལ་མཁན་པོ་འོད་ཟེར་དཔལ་ལྡན།།།མགར་ཀློང་སྤྲུལ་སྐུ་པདྨ་བདེ་ཆེན་མཁའ་ཀློང་ཡངས་པ་སོགས་ལས། སྔ་འགྱུར་བཀའ་གཏེར་གྱི་ཟབ་ཆོས་ཤིན་དུ་མང་པོ་སྔ་ཕྱི་ཅི་རིགས་སུ་གསན་བཞེས་གནང་ཚུལ་རྣམས་ནི་འདིར་བྲིས་མེད་པས།།ཤེས་པར་འདོད་པ་རྣམས་ཀྱིས་རྗེ་ཉིད་ཀྱི་གསན་ཡིག་དང་དར་ཐང་གདན་རབས་རྒྱས་པ་སོགས་ལས་རྟོགས་པར་བྱའོ།།།།

དགུང་གྲངས་སོ་གཉིས་བཞེས་པ་ལྕགས་མོ་བྱ་སྤྱི་ལོ་ ༡༩༨༡ །།ལོར་རྨ་ཉིན་གོང་མའི་ཆོས་སྒར་གྱི་མཁན་རབས་བཅུ་གཅིག་པའི་གསེར་ཁྲི་ལ་མངའ་དབང་བསྒྱུར་ཏེ་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས། ལོ་ཆེན་ངྷརྨ་ཤྲཱིས་གསུང་ལྟར་བཙུགས་ཤིང་། དབྱར་གནས་ཀྱི་མཁན་པོ་མཛད། གྲྭ་གསར་ཤིན་དུ་མང་པོ་ལ་དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་གནང་སྟེ་དམར་སེར་ངུར་སྨྲིག་གི་བསྟན་པའི་རྨང་གཞི་ལེགས་པར་བཙུགས། དགུང་ལོ་སོ་གསུམ་པ་ཆུ་ཕོ་ཁྱི་ལོ་།།།༡༩༨༢།།།ལོར་གྲྭ་འཁོར་བརྒྱ་ཕྲག་དང་བཅས་དར་ཐང་དུ་ཕེབས་ཏེ་མཆོག་སྤྲུལ་ཆོས་ཀྱི་ཟླ་བའི་རྒྱལ་ཚབ་གསེར་གྱི་ཁྲི་འཕངས་མཐོན་པོར་ཞབས་སེན་རྩིབས་སྟོང་འཁོར་ལོའི་རེ་ཁ་རྣམ་པར་བཀོད་དེ། ཁྲོམ་ཚོགས་སྟོང་ཕྲག་མང་པོར་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྨིན་བྱེད་ཟབ་མོའི་དགའ་སྟོན་ལེགས་པར་བསྩལ།

དེ་ནས་བཟུང་རྒྱལ་བསྟན་དང་འགྲོ་བའི་བདེ་སྐྱིད་ཁོ་ནར་དམིགས་ཏེ་སྐྱེ་དགུའི་བསོད་ནམས་གསོག་པའི་ཞིང་དུ་རྟེན་གསུམ་རབ་འབྱམས་བཞེངས་པའི་དབུ་བཟུང་ནས་ད་ལྟའི་བར་དུ་བཞེངས་པ་རྣམས་རག་རིམ་ཙམ་ཞིག་འགོད་ན། དེ་ཡང་གསེར་སྡོང་ལྷ་ཁང་ཆེན་མོ་ཐོག་བརྩེགས་གསུམ་པ་རྟེན་དང་བརྟེན་པར་བཅས་པ་བཟོ་བཀོད་ཕུན་སུམ་ཚོགས་པ།།།།ཚོགས་ཆེན་འདུ་ཁང་ཀ་བ་བརྒྱ་དང་བཞི་བཅུ་རྩ་དྲུག་པ་དྲི་གཙང་ཁང་སུམ་ཐོག་ཅན་ནང་རྟེན་གཙོ་བོ་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་ཤཱཀྱ་ཐུབ་པ་ལོངས་སྐུའི་ཆས་ཅན། དེའི་གཡས་སུ་སངས་རྒྱས་འོད་དཔག་མེད།།།།གཡོན་དུ་གུ་རུ་སྣང་སྲིད་ཟིལ་གནོན་བཅས་ཐོག་ཚད་གསུམ་ཅན་རེ་དང་། མི་འཁྲུག་པ། རྡོར་སེམས། བྱམས་པ། འཇམ་དབྱངས། མཁན་ཆེན་ཞི་བ་འཚོ།།།།ཆོས་རྒྱལ་ཁྲི་སྲོང་སྡེའུ་བཙན་བཅས་ཀྱི་གསེར་སྐུ་ཐོག་ཚད་སོགས་བཟོ་བཀོད་ཕུན་སུམ་ཚོགས་པའི་རྟེན་གསུམ་གྲངས་ལས་འདས་པ།

སྒྲུབ་གྲྭ་གསང་ཆེན་ངེས་དོན་གླིང་།།བཙན་ཁང་ཆེན་མོ།།།།གླིང་སྨད་རྣམ་རྒྱལ་མཆོད་རྟེན་ཆེན་མོ།།།དཔལ་རི་པདྨ་འོད་ཀྱི་ཕོ་བྲང་གི་ཞིང་བཀོད་ཆོས་འཁོར་བཅུ་གསུམ་གསེར་ཟངས་ལས་བྱས་པ་ནང་རྟེན་གཙོ་བོ་སློབ་དཔོན་པདྨ་འབྱུང་གནས་ཐོག་ཚད་དང་འཁོར་རྗེ་འབངས་ཉེར་ལྔ། གུ་རུ་མཚན་བརྒྱད་སོགས་སྐུ་གསུང་ཐུགས་རྟེན་གྲངས་མེད་པ། དགོན་པའི་མཐའ་སྐོར་དུ་འཁོར་ཕྲན་སྟོང་ཕྲག་དུ་མ། བཤད་གྲྭ་ཐོས་བསམ་གླིང་གི་ལྷ་ཁང་དང་གྲྭ་ཤག རི་ཁྲོད་ཕོ་བྲང་སོགས་གསར་དུ་བཞེངས་པའི་ཞལ་བཀོད་དང་ཕྱག་རྫས་རྒྱ་ཆེན་པོ་གནང་བ་སོགས།

མདོར་ན་དུས་འགྱུར་གྱི་དབང་གིས་དགོན་པ་འདིར། ནང་སོ་ཞིག་རལ་གཅིག་དང་གྲྭ་ཤག་གཅིག་ཙམ་ལས་མ་ལྷག་པར་གཞི་མེད་རྩ་གཏོར་དུ་བཏང་བ་རྣམས་སླར་ཡང་གསོས་ཏེ། ད་ལྟ་འཆི་མེད་གྲོང་གི་དཔལ་ལ་འདྲན་པའི་བསྟན་གཞི་ཆེན་པོ་ཞིག་ཏུ་གྲུབ་པ་ནི། དམ་པ་འདི་ཉིད་གཅིག་པུའི་ཐུགས་བསྐྱེད་དང་བཀའ་དྲིན་ཁོ་ན་ལས་བྱུང་བ་ཡིན་ནོ།།།།

གཞན་ཡང་རྡོ་གྲུབ་བཞི་བ་འཇིགས་མེད་ཕྲིན་ལས་དཔལ་འབར།།།།༧མཁན་ཆེན་དམ་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་སོགས་རྩོད་བྲལ་གྱི་མཁས་གྲུབ་དུ་མ་གདན་དྲངས་ཤིང་། སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པའི་སྒོ་འཕར་ཡངས་པོར་ཕྱེས།

ཁྱད་པར་དུ་ཤིང་ཁྱི་སྤྱི་ལོ་།།།༡༩༩༤།།།ལོར་སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་ ༧སྐྱབས་རྗེ་གྲུབ་དབང་བླ་མ། ༧འཇིགས་མེད་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་དཔལ་བཟང་པོ་མཆོག་འཕགས་ཡུལ་ནས་དགོན་འདིར་གདན་དྲངས་ཏེ་རིན་ཆེན་གཏེར་མཛོད་ཆེན་མོ་དང་། བཀའ་མ་མདོ་སྒྱུའི་སྨིན་བྱེད་ཡོངས་རྫོགས་གསན་སྐབས། ཁོང་གི་རྒྱལ་ཚབ་ཏུ་མངའ་གསོལ་ཞིང་མཚན་གྱི་རྣམ་གྲངས་སུ། ཐུབ་བསྟན་ལེགས་བཤད་སྨྲ་བའི་སེངྒེ། །དྲི་མེད་འོད་ཟེར་འབྱུང་གནས། རྒྱལ་སྲས་དཔའ་བོ་དགྱེས་པའི་རྡོ་རྗེ། ཨོ་རྒྱན་འགྱུར་མེད་ཆེ་མཆོག་འདུས་པ་རྩལ་ཞེས་རིམ་པར་གནང་། མཛོག་ཤོད་དུ་པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་བཅུ་བ་མཆོག་གི་ཞབས་ལ་གཏུགས་ཤིང་ཆོས་བཀའ་དུ་མ་གསན། པཎ་ཆེན་མཆོག་ནས་ཕྱིས་སུ་པེ་ཅིང་ནང་བསྟན་སློབ་གླིང་དང་གདན་ས་བཀྲ་ཤིས་ལྷུན་པོར་འབྱོན་དགོས་པའི་བཀའ་གསུང་སྔ་ཕྱིར་ལན་མང་དུ་བསྩལ་ཡང་དར་ཐང་བསྟན་དགོན་གྱི་བྱ་བས་ཁུར་གྱིས་འབྱོན་རྒྱུ་རིམ་བཤོལ་དུ་གྱུར།

བར་སྐབས་སུ་འོད་གསལ་སྙན་རྒྱུད་ཀྱི་བཀའ་བབ་མཁན་ཆེན་དམ་པ་མུན་སེལ་རིན་པོ་ཆེས། དམ་པ་འདི་ཉིད་འོད་གསལ་སྙན་རྒྱུད་ཀྱི་བདག་པོར་གཟིགས་ཏེ་བང་ཆེན་ཆེད་མངགས་ཀྱིས་གདན་ཞུས་ལྟར་བྱོན་པས། ཐོག་མར་མཁན་ཆེན་མཆོག་ནས་ཟབ་མོ་ལྟ་བའི་སྲོལ་གྱི་བྱང་ཆུབ་སེམས་སྡོམ་དང་། ཀློང་གསལ་འཕོ་བའི་དམིགས་ཁྲིད། སྔོན་འགྲོ་ཀུན་བཏུས་དང་ཀློང་གསལ་སྔོན་འགྲོའི་ལྗགས་བཤད།།།ཀཿདམ་པའི་ཞིང་སྒྲུབ་སོགས་ཐུན་མོང་གི་ཆོས་བཀའ་དུ་མ་དང་།།།།ཐུན་མིན་རྡོ་རྗེ་ཐེག་པའི་གནད་གསང་གསལ་བོར་སྟོན་པ་གྲུབ་དབང་སྙན་རྒྱུད་ཆེན་མོ་རྒྱས་བསྡུས་གཉིས། ཁྲིད་ཡིག་ཡེ་ཤེས་བླ་མ། ཀུན་བཟང་ཐུགས་ཐིག ཐུགས་དམ་ནར་མ།།།ཀློང་ཆེན་ཆོས་དབྱིངས་རིན་པོ་ཆེའི་མཛོད།།།།རྡོ་གྲུབ་རྫོགས་གསར་སོགས་ཤིན་ཏུ་ཟབ་པའི་མན་ངག མཁན་ཆེན་ངག་དགའ་རིན་པོ་ཆེ་ལས་བརྒྱུད་པའི་སྙན་བརྒྱུད་ཀྱི་ངོ་སྤྲོད་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གནང་ཞིང་། ཟབ་གསང་སྙན་བརྒྱུད་ཀྱི་བདག་པོར་མངའ་གསོལ་ཏེ། དགུང་གྲངས་ལྔ་བཅུ་ནས་སྙན་བརྒྱུད་ཀྱི་དམིགས་ཁྲིད་སྐལ་ལྡན་གཞན་ལ་སྤེལ་དགོས་པའི་བཀའ་གསུང་སྤྱི་བོར་བསྩལ།

དགུང་ལོ་ཞེ་བཞི་བ་ཆུ་བྱ་ལོར་རྒྱལ་རོང་ཁོ་སྲུང་དགོན་དང་།།།།སོ་མང་དགོན་སོགས་རྒྱལ་རོང་ཚ་བ་ཁག་ལྔའི་དར་ཐང་དགོན་ལག་རྣམས་ཀྱིས་གདན་དྲངས་པ་ལྟར་ཕེབས་ཏེ་དབང་ཆོས་དུ་མ་གནང་ཞིང་རྒྱལ་བ་དཔལ་ཡུལ་བའི་རང་ལུགས་ཀྱི་ཕྱག་བཞེས་གཙང་མ་རྒྱ་ཆེར་སྤེལ།

དགུང་གྲངས་ཞེ་དྲུག་པ་ཤིང་མོ་ཕག་སྤྱི་ལོ་ ༡༩༩༥། ལོར་སྔ་འགྱུར་བསྟན་པའི་གསལ་བྱེད་མཁན་ཆེན་ཐམས་ཅད་མཁྱེན་པ་༧འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱིས་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་རིག་འཛིན་འབུམ་སྒྲུབ་ཆེན་མོའི་དབུ་བཞུགས་སུ་གདན་དྲངས་ཏེ་འདུས་ཚོགས་ཁྲི་ཕྲག་མང་པོའི་དབུས་སུ་འགྲན་ཟླ་དང་བྲལ་བའི་ལྷ་སྤྲུལ་གར་དབང་ཉི་མ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཞིང་སྒྲུབ་པ་ཆེན་པོའི་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ།།།།ཁྱད་པར་དུ་མཁན་ཆེན་ཉིད་ནས་ཉག་གཏེར་གར་དབང་ལྷ་དགུ་དང་། རྟེན་འབྲེལ་ཉེས་སེལ་སོགས་ཀྱི་དབང་གནང་ཞིང་ཁོང་གི་རྒྱལ་ཚབ་དང་སྔ་འགྱུར་བསྟན་པ་ཡོངས་ཀྱི་བདག་པོར་མངའ་གསོལ་མཛད།།།།དེར་དཔལ་ཡུལ་བའི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་ཁག་གི་བླ་ཆེན་རྣམས་ནས་ཀྱང་ཟང་ཟིང་གི་མཆོད་སྤྲིན་དུ་མ་ཕུལ་ཏེ་བསྟན་དགོན་ཡོངས་ལ་གཟིགས་དགོས་པའི་ཞུ་བ་ཕུལ།།།།གཞན་ཡང་ངྷཱི་མདའ་བདེ་ཆེན་ཆོས་གླིང་། ཁང་གསར་སྟག་ལུང་དགོན། སྦྲ་གསར་དགོན། པཎ་ཆེན་དགོན། ཨ་སུག་དཔོན་སྐོར་དགོན།།།།པད་ནག་དགོན།།།།དབུ་ཚ་དགོན།།།།བཀྲ་ཤིས་སྒོ་མང་དགོན།།།།ཨ་སུག་བླ་སྐོར་དགོན།།།།སྨར་རོང་དགོན།།།ཆོས་རོང་དུང་རི་དགོན།།།།སྨེ་བའི་ར་སྐོར་དགོན། ཐུགས་ཆེན་གནས་མཆོག་དགོན། ཡི་ངོག་ཁྱབ་གདལ་དགོན། གཟིས་རི་གཞུ་མདའ་དགོན། །ཆ་ལ་དགོན། །གོ་ཡུལ་རྣམ་རྒྱལ་གླིང་།།།།རྫི་འགག་ནོར་བུ་གླིང་།།།འབྲོང་རྫོང་དགོན། །ཁོ་སྲུང་བསམ་གཏན་གླིང་།།།།རྒྱ་ཁ་ས་འདུ་པངྨ་འོད་གླིང་། དམ་པ་སྟོབས་བཅུ་དགོན་སོགས་མགོ་ལོག་རྒྱལ་རོང་།།།།ལི་གཙང་རྣམས་སུ་དཔལ་ཡུལ་དར་ཐང་གི་དགོན་ལག་བརྒྱ་ཕྲག་ལྷག དུས་འགྱུར་གྱི་དབང་གིས་ཉམས་རྒུད་དུ་ཕྱིན་པ་རྣམས་ལ་དབང་ལུང་གི་བརྒྱུད་པ།།།།བཅའ་ཡིག་དངོས་རྫས་སོགས་བསྩལ་ཅིང་ངེས་པ་དོན་གྱི་བསྟན་པའི་བདག་པོ་གནང་སྟེ་ཆོས་དང་འཇིག་རྟེན་གཉིས་ཀའི་སྒོ་ནས་རྒྱལ་བསྟན་སླར་གསོ་མཛད།

རང་དགོན་དར་ཐང་དུ་གོང་བཤད་ལྟར་རྟེན་གསུམ་རྒྱ་ཆེར་བསྐྲུན་པར་མ་ཟད། སྐུ་གསུམ་ཚོམ་བུ་ཚོགས་སྒྲུབ་ཆེན་མོའི་དབུ་བཞུགས་རྡོ་རྗེ་སློབ་དཔོན་དང་།།།།རི་ཆོས་གསུམ། །སྒྲུབ་གྲྭ། མཚམས་གྲྭ་རྣམས་ལ་རང་ལུགས་ཀྱི་ཟབ་ཆོས་མཐའ་དག་གི་དབང་ལུང་ཁྲིད་རྣམས་ལོ་རེ་བཞིན་ཆད་མེད་དུ་གནང་བ་དང་། བར་སྐབས་རྣམས་སུ་གནམ་ཆོས་དང་རཏྣའི་གཏེར་ཆོས་སྐོར་སོགས་བཀའ་གཏེར་གྱི་སྨིན་གྲོལ་མཐའ་ཡས་པ་དང་།།།།རབ་བྱུང་དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་སྟོང་ཕྲག་དུ་མ་གནང་སྟེ་རབ་བྱུང་ངུར་སྨྲིག་གི་སྡེ་ཆེན་དབྱར་མཚོ་ལྟར་རྒྱས་པར་བྱས་ཤིང་། ཚུལ་འཆལ་ཕྱོགས་ཙམ་ཡང་དགོན་འདིར་ཉེ་མི་ཆོག་པ་དང་།།།།དུས་དབང་གིས་འབྱུང་ཉེ་བའི་ཉེས་སྤྱོད་མཐའ་དག་ལ་དམིགས་ཀྱིས་དགག་པ་སོགས་ཁྱད་ཆོས་ཕུན་སུམ་ཚོགས་པའི་བཅའ་ཡིག་ཆེན་མོ་གསར་དུ་ལྗགས་རྩོམ་གནང་སྟེ།།།།སྔོན༧སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་ཞལ་བཞུགས་པའི་སྐབས་ལས་ཀྱང་ལྷག་པའི་རབ་བྱུང་གི་འདུས་སྡེ་ཕྱི་གཙང་ནང་གཙང་དུ་བསྐྲུན་པར་མཛད་པའི་ཕྲིན་ལས་འདི་གཅིག་པུ་ཡང་བསམ་གྱིས་མི་ཁྱབ་བོ།།།།

དེ་ལྟར་དམ་པ་འདི་ཉིད་ཕྱི་སོ་ཐར་གྱི་ཚུལ་ཁྲིམས་གཙང་ཞིང་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་ལ་ཤིན་ཏུ་མཁས་པར་མ་ཟད།།།།ཚེ་རབས་དུ་མར་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབས་པས་ནང་བྱང་སེམས་ཀྱིས་རྒྱུད་བརླན་ཏེ་སེམས་ཅན་སྤྱི་དང་ཁྱད་པར་ཉམས་ཆུང་གི་རིགས་ལ་ཟས་གོས་ཆོས་གསུམ་གྱིས་ལྷག་པར་བསྐྱང་ཞིང་བརྩེ་བ་དང་། གསང་བ་རྡོ་རྗེ་ཐེག་པའི་བསྙེན་སྒྲུབ་ཀྱི་རིམ་པ་ཚད་དུ་འཁྱོལ་ཞིང་ཡང་གསང་འོད་གསལ་སྙན་བརྒྱུད་ཀྱི་མན་ངག་ལ་ཉམས་ལེན་གནད་དུ་ཕྱིན་པས། ཆོས་སྐྱོང་སྲུང་མ་རྣམས་ཀྱིས་དངོས་སུ་སྡོང་གྲོགས་མཛད་པ་དང་།།།ཚེ་རབས་སྔོན་མའི་མཛད་པ་རྣམས་རྗེས་སུ་དྲན་པ་དང་།།།།རང་གི་ཐུན་མིན་གྱི་བླ་མ་༧སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེས་ཞལ་གཟིགས་པ་སོགས་ཀྱི་ཚུལ་གོང་དུ་ཡང་ཅུང་ཟད་སོང་ལ།

གཞན་ཡང་ཚོགས་ཆེན་ལྷ་ཁང་གསར་བཞེངས་སྐབས་སུ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཞལ་ཐང་གི་ཐོག་མའི་སྐྱ་ཐིག་རང་བབ་ཏུ་དོད།།།།གསེར་ཉུང་ངུ་ཙམ་གྱིས་གསེར་སྐུ་ཐོག་ཚད་གསུམ་པ་ཅན་གསུམ་དང་སྐུ་གཟུགས་ཤིན་ཏུ་མང་པོར་བྱུག་ཀྱང་ཟད་པ་མེད་པར་བྱིན་གྱིས་རླབས། ཉེ་གནས་དང་ཕྱག་མཛོད་སོགས་ལ་ཡང་མཐོང་ཐོས་མེད་པར་དངོས་རྫས་བརྒྱ་ཕྲག་མང་པོ་གློ་བུར་དུ་བྱུང་།།།རྒྱུ་རྫས་ཉུང་ཙམ་ལ་ཅི་ཙམ་སྤྱོད་ཀྱང་ཟད་པ་མེད་པ་སོགས་ཕྱི་ཡོ་བྱད་ལ་དབང་ཐོབ་པ་ཡང་། མདོ་ལས།

གང་ཚེ་མར་མེ་མཛད་ཀྱིས་ང་།།།།

ལུང་བསྟན་གྱུར་པ་དེ་ཡི་ཚེ།།།།

ས་བརྒྱད་པ་ནི་ཐོབ་གྱུར་ཅིང་།།།།

དབང་བཅུ་དག་ཀྱང་ཐོབ་པར་གྱུར།།།།ཅེས་གསུངས་པ་ལྟར།།ས་ཆེན་འཕགས་པའི་འབྲས་རྟགས་ཡིན་པར་མངོན་ནོ།།།།གཞན་ཡང་།།།།ཇི་སྐད་དུ།

བསྟན་སྲུང་རྒྱ་མཚོའི་ཚོགས་ཀྱིས་མངོན་སུམ་དུ། །

སྔོན་ཚེ་རྡོ་རྗེ་འཆང་གི་བཀའ་སྩལ་བཞིན། །

ཁྱེད་ཀྱིས་བསྟན་པ་འཛིན་དང་སྤེལ་བ་ལ།།།།

ལྷག་པར་གུས་པའི་ཡིད་ཀྱིས་ཚུལ་བཞིན་བསྒྲུབ།།།།ཅེས་གསུངས་པ་བཞིན། དཔལ་རིའི་ཞིང་བཀོལ་བཞེངས་པར་དགོངས་ཚེ་འོད་གསལ་གྱི་སྣང་བར། མི་དམར་པོ་རྟ་དམར་ལ་ཞོན་པ་ཞིག་འོང་ནས་གཡང་ཁུག་ཡིན་ཟེར་བ་ཞིག་ཕྱག་ཏུ་གཏད་དེ་ཁྱོད་ཀྱིས་རྒྱུ་རྫས་འདི་ལ་བསྟེན་ནས་ས་འདིར་དཔལ་རིའི་ཞིང་བཀོད་ཅིག་བཞེངས་དང་ཡུལ་དུས་སྤྱི་ལ་ཕན་པ་རྒྱ་ཆེན་པོ་འོང་ཞེས་ཆོས་སྐྱོང་གིས་ལུང་བསྟན་ཅིང་ཡོ་བྱད་སྦྱར།།།།ཞིང་བཀོད་ཀྱི་ས་ཐིག་གདབ་ཚེ་ཀེང་དཀར་དམར་ཟུང་གིས་ཐིག་གདབ་པར་གཟིགས་པ་སོགས་འོད་གསལ་དག་པའི་སྣང་བ་ཕྱོགས་མེད་དུ་གཟིགས།

གཞན་ཡང་སྔ་འགྱུར་མཐོ་སློབ་མདོ་རྒྱུད་ཐོས་བསམ་གླིང་དུ་རྟ་ནག་ལྕགས་རལ་ཅན་གྱི་ཚོགས་སྒྲུབ་མཛད་ཚེ་དཀྱིལ་འཁོར་དུ་སྒྲུབ་རྟེན་གྱི་བདུད་རྩི་ཁོལ་ཞིང་ཕྱིར་ལུད་པ་ལས་སློབ་ཀུན་གྱིས་མཐོང་། གཤིན་པོ་ཞིག་ལ་འཕོ་བ་བཏབ་ཚེ་སྦ་རོད་ཡང་སྤྲུལ་རིན་པོ་ཆེས་གཤིན་པོའི་རྣམ་ཤེས་སྒྲོམ་དུ་བཀུག་པ་དམ་པ་འདི་ཉིད་ཀྱིས་ཕཊ་སྒྲ་གཅིག་གིས་སྒྲོམ་གྱི་ཁ་ཆོད་ནམ་མཁར་ཐག་སྒྲ་དང་བཅས་ཡར་བ། ཉེ་གནས་ཀྱིས་དངོས་སུ་མཐོང་བ་སོགས་ཀྱིས་མཚོན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་མེད་སྒྱུ་མའི་རོལ་བར་མངོན་སུམ་དུ་རྟོགས་པའི་ལག་རྗེས་ལས་བྱུང་བའི་གྲུབ་པའི་རྟགས་མཚན་འབུམ་ཕྲག་དུ་མ་མངའ་བའི་ནང་དང་གསང་བའི་རྣམ་ཐར་ཤིན་ཏུ་མང་པོ་ཡོད་པ་གོར་མ་ཆག་ཀྱང་།།།དེ་དག་ཐམས་ཅད་རེ་རེ་ནས་རྟོགས་པ་ནི་བྱང་ཆུབ་སེམས་དཔའ་རང་དང་རྟོགས་པ་མཉམ་པ་དང་། རང་ལས་ལྷག་པ་དག་གིས་སྤྱོད་ཡུལ་ལས་སོ་སོའི་སྐྱེ་བོ་རང་ཅག་ལྟ་བུས་ཇི་ལྟ་བ་བཞིན་དཔོག་པར་མི་ནུས་ཏེ།།།།དབུ་མ་ལ་འཇུག་པ་ལས།

ནམ་མཁའ་མེད་པས་འདབ་ཆགས་ལྡོག་པར་མི་འགྱུར་གྱི།།།།

འདིར་ནི་རང་མཐུ་ཟད་པས་ལྡོག་པར་འགྱུར་དེ་བཞིན།།།།

སློབ་མ་དང་བཅས་སངས་རྒྱས་སྲས་རྣམས་སངས་རྒྱས་ཀྱི།།།།

ཡོན་ཏན་མཁའ་ལྟར་མཐའ་ཡས་མ་བརྗོད་ལྡོག་པར་འགྱུར།།།།

དེའི་ཕྱིར་བདག་འདྲས་ཁྱོད་ཡོན་འདི་དག་ཅི།།།།

ཤེས་པ་དང་ནི་བརྗོད་པར་ནུས་འགྱུར་རམ།།།།

ཞེས་གསུངས་པ་ལྟར་རོ།།།།དེས་ན་དམ་པ་འདི་ཡི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས། སྐུ་ཚེའི་སྟོད་ཀྱི་མཐུན་སྣང་ཕྱི་ཡི་མཛད་པ་གཙོ་ཆེ་བ་རྣམས་ཅུང་ཟད་བརྗོད་པ་འདི་ཡང་། རྗེ་གང་གི་ཞལ་སློབ་གཞུང་ལུགས་རབ་འབྱམས་སྨྲ་བ་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ་མཁན་རིན་པོ་ཆེ་ཨོ་རྒྱན་བརྩོན་འགྲུས་གྱིས་མཛད་པའི་རྣམ་ཐར་གཞིར་བཞག་ཐོག།།།དག་སྣང་གི་མིག་ཟུང་རབ་ཏུ་ཡངས་པའི་མཆེད་གྲོགས་དུ་མའི་ངག་ལས་ཐོས་པའི་རྣམ་ཐར་ཐོར་བུ་ཉུང་ངུས་ཟུར་བརྒྱན་ཏེ་བཀོད་པ་ལས་རང་བཟོས་ཟོལ་བསྟོད་ཀྱི་དྲི་མ་ཕྱོགས་ཙམ་ཡང་མེད་པས་ཀུན་གྱིས་ཡིད་ཆེས་པར་རིགས་སོ།།།།

སླར་སྨྲས་པ།

རྨད་བྱུང་ཐུགས་བསྐྱེད་ཤིང་རྟས་ལེགས་དྲངས་པའི།།

ངོ་མཚར་མཛད་པའི་རོལ་མོ་རྒྱུ་སྐར་གྲངས། །

དཔག་ཡས་ཞིང་གི་འཆི་མེད་གྲོང་ཀུན་ཏུ། །

ཁྱབ་པར་གདལ་དེར་བདག་ཡིད་སྤྲོ་དགས་ཕྱོགས། །


གང་གི་ཐུགས་བསྐྱེད་ཆུ་གཏེར་ལས་བྱུང་བའི། །

གཞན་ཕན་མཛད་བཟང་ནོར་བུའི་ཕུང་པོ་ཀུན། །

ཟོལ་མེད་ཚིག་གི་སྲད་བུ་ལ་བརྒྱུས་ནས། །

སྐལ་བཟང་སྐྱེ་བོའི་རྣ་བའི་རྒྱན་དུ་སྐྲུན། །


འདིར་འབད་ལས་བྱུང་རྣམ་དཀར་ཆར་བའི་རྒྱུན། །

ལྷག་བསམ་དལ་འབབ་ཀླུང་དང་ཉེར་འགྲོགས་ནས། །

མཐའ་ཡས་འགྲོ་བའི་ཤེས་རྒྱུད་གངྒཱའི་རྡུལ། །

བྱང་ཆེན་རྒྱ་མཚོའི་ཀློང་དུ་འདྲེན་ནུས་ཤོག །


བདག་སོགས་དེང་ནས་སྐྱེ་བའི་ཕྲེང་བ་ཀུན། །

དཔལ་ལྡན་བླ་མའི་གསུང་གི་སྣང་བ་ཡིས། །

ཆོས་རབ་རྣམ་འབྱེད་བློ་གྲོས་མིག་རྙེད་ནས། །

དོན་གཉིས་ལྷུན་གྱིས་འགྲུབ་པའི་མཐུ་ཐོབ་ཤོག །


དེ་ལྟར་རྣམ་དག་སྨོན་པའི་བདེན་མཐུ་ཡིས། །

རྒྱལ་དང་རྒྱལ་སྲས་སེམས་དཔའ་ཆེན་པོའི་ཚོགས། །

དབྱིངས་ནས་ཡེ་ཤེས་སྤྱན་གྱིས་ཉེར་དགོངས་ནས། །

སྨོན་པ་གཡེལ་མེད་འགྲུབ་པའི་མཐུན་འགྱུར་མཛོད། །

དགེའོ། དགེའོ། དགེའོ།། །།

0 comments:

ཟིན་བྲིས་འཚོལ་ཡུལ