དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Thursday, 2 August 2012
༄༅། །ཨ་བུ་བདེ་ཆེན་དབང་མོ་དྲན་གླུ་གཡང་འགུགས་པདྨ་གེ་སར་ཞེས་བྱ་བ། །
ཀ་དག་གདོད་མའི་རང་བཞིན་རྣམ་དག་གི་དབྱིངས་ནས། །
ཁ་སྦྱོར་ཡན་ལག་བདུན་ལྡན་ལོངས་སྤྱོད་ཀྱི་རྫོགས་སྐུར། །
ག་བུར་དབང་པོའི་ཟློས་གར་སྤྲུལ་སྒྱུར་ཏུ་སྣང་བ། །
ང་ཡི་རིག་མཆོག་ཀུན་བཟང་བདེ་གཡང་ལ་འདུད་དོ། །
ཅ་ལག་འཁོར་བའི་རྒྱུ་རྫས་ཞེན་མེད་ཀྱི་ཆོག་ཤེས། །
ཆ་ལུགས་ཆོས་བཞིན་སྤྱོད་པའི་མཛེས་མཛངས་ཀྱི་རྗེ་བཙུན། །
ཇ་ཡུན་ཙམ་ཡང་གཡེང་མེད་སློབ་སྦྱོང་ལ་བརྩོན་པས། །
ཉ་གང་ཟླ་ལྟར་སྤོངས་རྟོགས་ཡོངས་རྫོགས་ཁྱེད་མཁྱེན་ནོ། །
ཏ་ཐཱ་ག་ཏའི་དགོངས་དོན་ལྷ་ལམ་གྱི་དབྱིངས་སུ། །
ཐ་དད་དབྱེ་བསལ་མེད་པའི་རྒྱལ་ས་ཉིད་ཟིན་ཀྱང་། །
ད་དུང་མ་ཤེས་རྨོངས་པའི་སེམས་ཅན་ཀུན་འདྲེན་པའི། །
ན་ཆུང་བདེ་ཆེན་དབང་མོའི་ཕྲིན་ལས་ལ་བསྟོད་དོ། །
པ་སངས་ལྟར་དཀར་ལྷག་བསམ་དམ་ཆོས་ཀྱི་བདུད་རྩི། །
ཕ་རོལ་ཕན་བདེའི་ཆུ་རྒྱུན་ཆོས་སྦྱིན་དུ་བསྩལ་བས། །
བ་དན་དགུང་ལ་འཕྱར་ལྟར་མཚན་སྙན་གྱི་ཆོས་དུང་། །
མ་བཅོས་རང་བྱུང་གྲགས་པའི་མཁའ་འགྲོ་ལ་བསྔགས་སོ། །
ཙ་རི་སྦས་ཡུལ་ལ་སོགས་གནས་གསུམ་གྱི་གཙོ་མོ། །
ཚ་གྲང་སྡུག་བསྔལ་སྒྲོལ་བའི་ཞི་བདེ་ཡི་དེད་དཔོན། །
ཛ་དྲག་འཆི་བར་སྐྱོབ་པའི་ཚེ་འཛིན་གྱི་ལྷ་མོ། །
ཝ་ལེར་སྙིང་གི་འོད་དཀར་བདེ་གཡང་གི་ཕྱག་རྒྱ། །
ཞལ་དཀར་ལྕང་ལོ་རབ་མཛེས་ན་བཟའ་ཡིས་རྒྱན་ནས། །
ཟ་ཉལ་འཁོར་ངན་སྒྲུབ་པའི་རྣམ་གཡེང་ནི་དོར་ཏེ།'
འ་ཅག་གངས་ཅན་སྐྱོབ་པའི་ཡུམ་ཆེན་གྱི་སྒྲོལ་མ། །
ཡ་མཚན་ཀུན་ལྡན་རིགས་བཟང་བདེ་གཡང་ལ་དུང་ངོ་། །
ར་བ་གངས་ཅན་བོད་པའི་ཆོས་སྲིད་ཀྱི་བདག་མོ། །
ལ་རྒྱའི་གསེར་གཤིས་བཟང་པོ་འགྱུར་མེད་ཀྱི་དམ་ཚིག །
ཤ་ཁྲག་རུས་རྒྱུན་གཙང་མ་མཐོ་སྒང་ལ་འཁྲུངས་པའི། །
ས་སྟེང་འཕགས་མའི་གཙུག་རྒྱན་ཕྱག་འཚལ་གྱིས་མཆོད་དོ། །
ཧ་ཅང་ཟབ་རྒྱས་མཚུངས་མེད་ངོ་མཚར་གྱི་རྣམ་ཐར། །
ཨ་བུ་བདེ་གཡང་མཆོག་གི་ཕྲིན་ལས་ཀྱི་སྒྱུ་འཕྲུལ། །
ཨ་ཧོ་དད་གུས་མོས་པའི་བསོད་ནམས་ཀྱི་ཞིང་མཆོག །
ཨ་ལགས་རེ་བར་མཉམ་འཛོམས་གསོལ་འདེབས་ལ་སྨོན་ནོ། །
ལས་དབང་བསླུ་མེད་རྟེན་འབྲེལ་ཟབ་རྒྱས་ཀྱིས་འབྲེལ་བས། །
ལྷད་མེད་བརྩེ་དུང་ཐུགས་རྗེའི་ལྕགས་ཀྱུ་ལ་གཟིགས་ནས། །
བཅོས་མིན་དད་བརྩོན་ཤེས་རབ་ཨ་ལུང་གི་འདྲེན་ཐག །
ཐབས་ཤེས་ཟུང་དུ་འཇུག་པའི་བདེ་གཡང་ཞིག་སྩོལ་ཅིག །
ཅེས་པ་རབ་རྒྱན་ཆུ་འབྲུག་ཆུ་སྟོད་ཟླ་བའི་ཉ་ལ་ཨ་བུ་བདེ་གཡང་འགུགས་པའི་གཡང་འབོད་དུ་བརྩེ་ལྡན་སྙིང་གི་བུ་མོ་ལ་ཤྲྰིས་སྙིང་ནས་སྨོན་པ་དགེའོ། ། །
Subscribe to:
Post Comments (Atom)
0 comments:
Post a Comment