དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

193818

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 27 October 2012

༄༅། །འཛམ་གླིང་གེ་སར་རྒྱལ་པོའི་བསངས་གསོལ་ཀུན་བཟང་མཆོད་སྤྲིན། །

ཨེ་མ་ཧོ། །

ཀ་དག་རིག་པའི་ངོ་བོ་ཀུན་བཟང་ལས། །

ཁ་བའི་སྒྱུ་འཕྲུལ་རང་བཞིན་དཀྱིལ་འཁོར་དུ། །

ག་བུར་མདངས་བཞིན་ཐུགས་རྗེའི་རོལ་གར་ཉིད། །

ང་ཡི་སྐྱབས་གཅིག་སེང་ཆེན་རྒྱལ་པོ་གསལ། །

ཅ་ཅོའི་ཚིག་ཙམ་མིན་པར་བསྙེན་སྔགས་བཟླ། །

ཆ་ལུགས་ཀུན་འཛོམས་ཕྱག་མཆོད་སྤྲིན་ཆེན་པོས། །

ཇ་ཆང་འདོད་དགུར་དངོས་འབྱོར་ཡིད་སྤྲུལ་འབུལ། །

ཉ་རྒྱས་ཟླ་ལྟར་མཆོག་ཐུན་དངོས་གྲུབ་སྩོལ། །

ཏ་ཐྰ་ག་ཏའི་བསྟན་པ་རིན་པོ་ཆེ། །

ཐ་དག་འཛིན་སྐྱོང་སྤེལ་ནུས་གཟི་བྱིན་ཕོབས། །

ད་ལྟའི་སྙིགས་ལྔའི་འགྲོ་བ་མ་ལུས་པའི། །

ན་རཀ་སྡུག་བསྔལ་དོང་ནས་སྤྲུགས་པར་མཛོད། །

པ་ར་མི་ཏའི་བྱང་ཆུབ་སྤྱོད་པ་དང་། །

ཕ་མའི་རྒྱུད་སྡེའི་བསྐྱེད་རྫོགས་སྒོམ་པ་ལ། །

བར་ཆད་མི་འཐུན་འགལ་རྐྱེན་ཀུན་སེལ་ནས། །

མ་ལུས་འགྲོ་ཁམས་འདྲེན་པའི་དཔལ་སྩོལ་ཅིག།

ཙྭ་རི་སྦས་ཡུལ་ཞིང་ཁམས་གང་བཞུགས་ཀྱང་། །

ཚ་གྲང་མནར་བའི་འགྲོ་ལ་མྱུར་དགོངས་ཏེ། །

ཛ་དྲག་དམ་ཅན་རྒྱ་མཚོར་རང་བསྐུལ་བས། །

ཝ་ལེར་རྟགས་དང་མཚན་མ་མངོན་སུམ་སྟོན། །

ཞྭ་དཀར་བསྟན་པའི་བདག་པོ་གེ་སར་རྗེས། །

ཟ་བེར་སྐུ་ཆས་འཁོར་གསུམ་གོ་བགོས་པའི། །

འ་ཅག་ཚེ་གཅིག་སྒྲུབ་པའི་བདེན་བྱིན་མཆོག །

ཡ་མཚན་བསླུ་མེད་བཅོལ་བའི་ཕྲིན་ལས་མཛོད། །

ར་བ་གངས་དཀར་ཞིང་དུ་དཔའ་རྫོང་བཅོས། །

ལ་ལུང་བསྟན་སྲིད་སྐྱོང་བའི་དཔའ་རྟུལ་རིགས། །

ཤ་ཞེན་སྲིད་པའི་གཡང་ཀུན་མྱུར་སྐྱོབ་ནས། །

ས་བཅུ་ལམ་ལྔའི་ཡོན་ཏན་མཐར་ཕྱིན་མཛོད། །

ཧ་ཅང་མི་ཕྱེད་དད་པས་རབ་བསྐུལ་བས། །

ཨ་ཏིའི་ཟབ་དོན་རྒྱ་མཚོའི་སྙིང་ཐིག་གི། །

གཟུངས་སྤོབས་རིག་པའི་གཏེར་ལ་དབང་འབྱོར་བས། །

དོན་གཉིས་ཡིད་བཞིན་འགྲུབ་པའི་དངོས་གྲུབ་སྩོལ། །

ཨོཾ་གུ་རུ་མ་ཎི་ར་ཛ་སིདྡྷི་ཧྰུྃ།

ཞེས་ཅི་ནུས་སུ་སྲོག་སྡོམ་གཟེར་བཞི་ལྡན་པའི་ངང་ནས་བཟླས། དབྱངས་གསལ་རྟེན་སྙིང་ཡིག་བརྒྱས་མཐར།

ཨེ་མ་ཧོ། །

ཀ་དག་རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་། །

ཁ་བའི་བསྟན་སྲུང་འཛམ་གླིང་སེང་ཆེན་རྒྱལ། །

ག་བུར་བཞིན་ལྟར་མཛེས་པའི་དཔའ་བོའི་སྐུ། །

ང་ཡི་རྩ་གསུམ་ཀུན་འདུས་ཁྱེད་ལ་བསྟོད། །

ཀྱེ་ཀྱེ།

རབ་འབྱམས་རྒྱལ་ཀུན་གསང་གསུམ་ཡེ་ཤེས་ཀྱི། །

རིགས་ཀུན་ཁྱབ་བདག་འཛམ་གླིང་སེང་ཆེན་དང་། །

གླིང་དཀར་དཔའ་རྟུལ་དྭངས་སྨན་ཚོགས་རྣམས་ལ། །

གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །

ཨོཾ་ཨྰཿཧྰུྃ་ཧྲྰིཿཧོ།

ཞེས་ཅི་ནུས་བསགས་ཞིག་བསང་གསོལ་གཏོར་མཆོད་སོགས་འབུལ་ནས།

 སྨོན་ལམ་ནི།

ཨེ་མ་ཧོ། །

རིན་ཆེན་བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེས། །

བདེ་ཆེན་ཕྱག་རྒྱ་མཆོག་གི་དངོས་གྲུབ་ཐོབ། །

རྫོགས་ཆེན་རིག་འཛིན་རྣམ་བཞི་མཐར་ཕྱིན་ནས། །

སངས་རྒྱས་ཡེ་ཤེས་འགྲུབ་པར་བྱིན་གྱིས་རློབས། །

 

ཞེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་སྨྲིན་ཟླའི་གཟའ་ཚེས་དགའ་བར་འཛམ་གླིང་གེ་སར་རྒྱལ་པོ་ལ་མི་ཕྱེད་པའི་དད་གུས་ཅན་སྐུ་ཚེ་གང་བོར་འཛམ་གླིང་གེ་སར་རྒྱལ་པོ་ཁོ་ན་སྒྲུབ་པར་མཛད་པའི་སློབ་བུ་བླ་མ་དམིགས་བརྩེས་ཡང་ཡང་བསྐུལ་བའི་རྐྱེན་ལས་དག་སྣང་གསང་བའི་ཆོས་སྡེ་ལས་བིརྱ་དྷྰ་ར་ཤྲྰི་ཨ་ནནྟ་བཛྲས་ཕབས་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ