དྲ་ངོས་བཀླགས་གྲངས
193956
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Monday, 29 October 2012
རྗེ་རིན་པོ་ཆེའི་བསྟོད་པ།

༄༅།།འཇུ་མི་ཕམ་པའི་རྗེའི་བསྟོད་པའི་འགྲེལ་བ་དགེ་ལྡན་
བསྟན་པའི་མཛེས་རྒྱན་ཞེས་བྱ་བ བཞུགས་སོ། །
ཐུབ་པའི་བསྟན་ལ་ཐུབ་པའི་དབང་བོ་བཞིན།།
བསྟན་སྲིད་སྐྱོང་བའི་བསྟན་འཛིན་རྒྱུ་སྐར་ཁྲོད།།
ཉ་རྒྱས་ཟླ་ལྟར་ལྷམ་མེར་ལྷང་ངེར་བ།།
འཇམ་མགོན་རྒྱལ་བའི་དབང་བོར་མགོས་ཕྱག་འཚལ།།
སངས་རྒྱས་འཇིག་རྟེན་བྱོན་པའི་དགོས་པ་གཅིག།
རྟེན་འབྱུང་གཏམ་གྱིས་འགྲོ་འདྲེན་མཛད་པ་སྟེ།།
མཁྱེན་དང་སྟོན་པ་བླ་མེད་གྱུར་བ་ཡང་།།
རྟེན་འབྱུང་གཟིགས་ཤིང་འདོམས་པའི་ཆ་ནས་འཇོག།
དོན་དེ་ཇི་བཞིན་སྟོན་པའི་སྲོལ་ཕྱེ་བ།།
འཕགས་པའི་ཡུལ་དུ་ཀླུ་སྒྲུབ་ཟླ་བ་གྲགས།།
ལྗོངས་འདིར་རྨོངས་བའི་གཉིད་སློང་རྟེན་འབྱུང་སྒྲ།།
འབྲུག་ལྟར་ཆེར་སྒྲོགས་དམ་པ་ཁྱོད་མིན་སུ།།
སྟོན་པས་ཆོས་ཚུལ་ཇི་སྙེད་གསུང་བ་ཀུན།།
ཆོས་ཀུན་རང་བཞིན་མེད་པའི་དོན་ལ་གཞོལ།།
རང་བཞིན་མེད་ཀྱང་མེད་པ་མ་ཡིན་པའི།།
གཉིས་མེད་དབུས་ལམ་ལྗོངས་འདིར་ཁྱོད་ཀྱིས་ཕྱེས།།
ཚེ་གཅིག་ཟུང་འཇུག་གོ་འཕང་འགྲུབ་པ་ལ།།
མེད་དུ་མི་རུང་ཀུན་རྫོབ་སྒྱུ་མའི་ལུས།།
སྒྲུབ་ཚུལ་ཆེས་དགུས་མ་ཁྲོལ་རྡོ་རྗེ་མདུད།།
ཁྱོད་ཀྱིས་རྣམ་དཔྱོད་རྩལ་གྱིས་ལྷུག་པར་བཀྲལ།།
མདོ་སྔགས་བསྟན་པ་ཡོངས་རྫོགས་ལྟ་སྒོམ་སྤྱོད།།
མི་གཙང་དྲི་མའི་རྡུལ་གྱིས་གཡོགས་པ་ཀུན།།
ལུང་རིགས་རྡོ་རྗེ་གཟེགས་མའི་ཆར་འཇོ་བས།།
དྭངས་གཙང་ཤེལ་དཀར་ཕུང་བོར་ཁྱོད་ཀྱིས་བསྒྲུབས།།
དེ་སླད་མགོན་ཁྱོད་དགེ་ལྡན་རིང་ལུགས་ཀྱི།།
རང་ཁྱིམ་གསལ་བའི་སྒྲོན་མེ་ཙམ་མིན་པར།།
ཐུབ་བསྟན་གླིང་བཞི་གསལ་བའི་ཉི་མ་ཆེར།།
རྣམ་དཔྱོད་མིག་ལྡན་ཀུན་ལ་མཐུན་སྣང་གྲུབ།།
དེ་ཕྱིར་ལུང་རིགས་རྡོ་རྗེ་རྡུལ་ཕྲན་ལས།།
དག་པར་གྲུབ་པའི་ཁྱོད་ཀྱིས་ལེགས་བཤད་ཀུན།།
ཟབ་རྒྱས་རྒྱལ་བསྟན་རིན་ཆེན་གླིང་བགྲོད་པའི།།
ཡིད་རྟོན་རུང་བའི་ལམ་ཡིག་གཅིག་བུར་གྱུར།།
ཚན་རིག་ས་ཁྱབ་དར་བའི་དེང་གི་དུས།།
རྒྱུ་མཚན་འཐད་ལྡན་སྒྲུབ་བྱེད་མ་མཐོང་ན།།
རྨོངས་པའི་འཁོར་གཡོག་སྡུད་པའི་ཐབས་ཙམ་གྱིས།།
དད་གསུམ་ལྗོན་ཤིང་སྐྱེ་བའི་གོ་སྐབས་ཕྲ།།
དེ་ཕྱིར་ཕྱོགས་གླང་གྲགས་པའི་རིགས་ལམ་གྱི།།
དར་སྐུད་ཕྲ་མོས་འཐག་པའི་ལྔ་རིག་གོས།།
ཤམ་བུར་གཡོ་བའི་ཕན་བདེའི་གདུགས་དཀར་མཆོག།
ཁྱོད་ཀྱི་ལུགས་འདིར་དཔྱོད་ལྡན་སུ་མི་གུས།།
ཁྱོད་ཀྱི་གཞུང་ལུགས་ཡན་ལག་བརྒྱད་ལྡན་མཚོར།།
ཞུགས་ནས་བདུད་རྩིའི་རོ་མཆོག་ལྕེས་མྱོང་བས།།
གཞན་གཞུང་འདམ་རྫབ་རྙོགས་པའི་ཁྲོན་པའི་ཆུ།།
འཐུང་འདོད་ཞེན་པ་གཏིང་ནས་ལྡོག་པར་གྱུར།།
བླུན་པོ་གྲུབ་མཐའི་ཕྱོགས་རིས་འཛིན་པ་འགས།།
ཐུབ་དབང་གཉིས་པ་འཇམ་མགོན་ཙོང་ཁ་པའི།།
འོད་སྟོང་གཟི་བརྗིད་འཕྲོག་པའི་གཟུགས་བརྙན་འདི།།
དགེ་ལུགས་པ་ཡི་རྟོག་བཟོ་ཡིན་ཞེས་ཟེར།།
འཇིག་རྟེན་འདི་ན་རྟོག་གཟོ་ལ་དགའ་ཞིང་།།
མེ་འཁྱེར་ཉི་མར་བཏགས་པ་མང་ན་ཡང་།།
ཡོན་ཏན་རིན་ཆེན་རྡུལ་བརྩེགས་རི་ཡི་དབང་།།
མངོན་སུམ་ཡུལ་དུ་གྱུར་བ་བསྙོན་མི་ནུས།།
གཟུ་བོར་གནས་པའི་གྲུབ་མཐའ་རིས་མེད་ཀྱི།།
རྣམ་དཔྱོད་གཟི་འོད་འབར་བའི་དྲན་དབང་ཀུན།།
དོན་མཐུན་བསྔགས་བརྗོད་ལྷ་ཡི་མེ་ཏོག་ཆར།།
དགའ་ཞེན་བྱས་བཞིན་ཁྱོད་ཀྱི་ཕྱོགས་སུ་སྤུངས།།
རྒྱ་ཆེན་གཞུང་ལུགས་ཕན་ཚུན་བརྡུར་དཔྱད་ཀྱིས།།
ལེགས་ཉེས་འབྱེད་པའི་རྣམ་དཔྱོད་རྩལ་བྲལ་ལ།།
གཞན་ཕྱོགས་མཁས་པས་དཔྱད་འཇོག་བྱས་པའི་གཏམ།།
བདེན་རྫུན་འབྱེད་པའི་གཏན་ཚིགས་གཅིག་ཏུ་གྱུར།།
དེ་ཕྱིར་གཞུང་ལུགས་རྒྱ་མཚོའི་འཇིང་བརྒལ་ཞིང་།།
གཟུ་བོའི་བློ་ཡི་རིན་ཆེན་རྒྱན་མཛེས་པའི།།
གཞན་ཕྱོགས་མཁས་པའི་ལྗགས་མཚོ་ལས་འཁྲུངས་པའི།།
བསྟོད་ཚིག་མཚར་སྡུག་མེ་ཏོག་གཟིགས་མོར་བཤམས།།
དེ་ཡང་།བློ་མིག་དག་པས་ཤེས་བྱའི་གནས་ཀུན་མཁྱེན།།
དམིགས་མེད་བརྩེ་བས་འགྲོ་ཀུན་བུ་བཞིན་གཟིགས།།
གཞན་ཕན་འཕྲིན་ལས་ནམ་མཁའི་མཐའ་ལ་ཁྱབ།།
མཉམ་མེད་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ།།
ཞེས་སྙན་པའི་བ་དན་སྲིད་པ་གསུམ་གྱི་བླ་ན་གཡོ་བའི་མཉམ་མེད་ཙོང་ཁ་པ་ཆེན་པོ་དེ་ཉིད་ཀྱི་ཐུན་མོང་དང་ཐུན་མིན་གྱི་ཡོན་ཏན་ལས་བརྩམས་པའི་རྣམ་ཐར་བསྟོད་པ།རྗེ་ཉིད་ཀྱི་དངོས་སློབ་དང་ཆོས་བརྒྱུད་འདིའི་དུས་རབས་རིམ་བྱུང་གི་མཁས་པ་རྣམས་ཀྱིས་མཛད་པ་བརྗོད་ཀྱིས་མི་ལང་།དེ་ནང་ན་སྙན་ངག་གི་ཆེ་བརྗོད་ཙམ་མ་ཡིན་པར་དངོས་སྟོབས་རིགས་པའི་ལམ་ནས་བསྒྲུབས་པའི་རྗེ་བླ་མའི་ལོ་རྒྱུས་ཞིབ་འཇུག་གི་ཡིག་ཚང་གི་གོ་ཆོད་པ་དཔེར་ན།རྗེ་རང་གིས་རང་རྣམ་གྱི་ཚུལ་དུ་མཛད་པ་རྟོགས་བརྗོད་འདུན་ལེགས་མ་དང་།མཁས་གྲུབ་རིན་པོ་ཆེས་མཛད་པའི་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་དང་།རྣམ་དག་གངས་རི་མ།དཔལ་ལྡན་ས་གསུམ་མ།འབྲུག་རྒྱལ་དབང་ཆོས་རྗེའི་རྗེ་རྣམ་ཐར་ཆེན་མོ།ཀུན་གཟིགས་ལྔ་བ་ཆེན་པོའི་རྗེ་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།གུང་ཐང་བསྟན་པའི་སྒྲོན་མེའི་རྗེ་བསྟོད་པ་དོན་ལྡན་མ་དང་དེའི་རང་འགྲེལ།རྡོ་སྦིས་དགེ་བཤེས་ཆེན་མོས་དགག་ཕྱོགས་ནས་བརྩམས་པའི་རྗེ་ཙོང་ཁ་བའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ་སོགས་གྲགས་ཆེན་དུ་མ་ཡོད།གྲུབ་མཐའ་གཞན་ཕྱོགས་ཀྱི་མཁས་པས་མཛད་པའི་རྗེ་བསྟོད་པའང་མི་ཉུང་བ་ཞིག་ཡོད་ལ།དེའི་ནང་ནས་ཤིན་ཏུ་གྲགས་ཆེ་བ་སྟག་ཚང་ལོ་ཙཱ་བའི་རྗེ་བླ་མའི་བསྟོད་པ་དང་།གསང་སྔགས་རྙིང་མའི་མཁས་གྲུབ་ཆེན་པོ་འཇུ་མི་ཕམ་པས་མཛད་པའི་རྒྱལ་བ་གཉིས་པ་འཇམ་དཔལ་སྙིང་བོ་ལ་ཁྱད་པར་བཞི་ལྡན་གྱི་ཚུལ་དུ་རབ་བསྔགས་དད་པའི་མེ་ཏོག་ཅེས་པ་གཉིས་ཡིན་ལ།སྟག་ཚང་བའི་རྗེ་བསྟོད་པ་དེ་ནི།ལོ་ཆེན་དེ་ཉིད་ཐོག་མར་བོད་སྔ་མའི་ལྟ་བ་བཟུང་ནས་རྗེ་བླ་མའི་ལེགས་བཤད་ལ་སུན་འབྱིན་ལྟར་སྣང་མང་དུ་བྱས་ཤིང་།རྗེས་སུ་རྗེ་བླ་མའི་སྔགས་དང་མཚན་ཉིད་ཀྱི་གཞུང་ཆ་ཚང་བར་ཞིབ་གཟིགས་གནང་ནས་རིགས་པའི་རྗེས་འབྲང་གི་དད་པ་སྐྱེས་ཏེ།ཁྱོད་བློ་ཉི་མ་གཞོན་ནུའི་དུས་ཀྱི་ཚེ།།མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས།།བདག་བློ་ཁེངས་པའི་ཀུ་མུད་རྣམ་པར་ཟུམས།།ཞེས་སོགས་རང་གི་འགྱོད་བཤགས་ཀྱི་ཚུལ་དུ་བརྩམས་པ་ཡིན་འདུག་པས་རྒྱུ་མཚན་ཆེ་ཞིང་།འཇུ་མི་ཕམ་རིན་པོ་ཆེའི་རྗེ་བསྟོད་པ་ནི་གཞུང་འདིའི་བཤད་བྱ་གཙོ་བོ་ཡིན་པས་གཤམ་དུ་རིམ་བཞིན་བཤད་པར་བྱ།
Subscribe to:
Post Comments (Atom)
0 comments:
Post a Comment