དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 26 November 2012

ཁྲབ་ཀྱི་སྐོར་བཤད་པ།

ཚངས་དབང་དགེ་འདུན་བསྟན་པ།



བོད་ཡིག་གི་ལོ་རྒྱུས་དཔེ་རྙིང་ཁག་ཏུ། སྔོན་བོད་བཙན་པོའི་དུས་སུ། བཙན་རྒྱལ་བོད་ཀྱིས་སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་འཁོད་ཡོད་ཅིང་། འཁོད་པ་ལྟར་དེང་སང་མཁས་མི་མཁས་ཀུན་གྱིས་ཁ་ནས་མ་ཎི་འདོན་འདོན་བྱེད་བཞིན་པ་དེ་རེད། གནས་ཚུལ་དེ་ལ་དུས་ཕྱིས་ཀྱི་མཁས་པ་ཚོས། དེ་ནི་སྤྲུལ་པའི་རྒྱལ་པོ་དག་གིས་སྤྲུལ་པའི་དམག་མཛད་དེ། འཇིག་རྟེན་འདིར་ཟློས་གར་ཐེངས་གཅིག་བསྟན་པའི་མཛད་པ་ལྟ་བུའི་གནས་ཚུལ་ཙམ་ལས། དོན་དངོས་དེ་འདྲ་མིན་ཚུལ་གྱི་འགྲེལ་བཤད་ཁུངས་མེད་སྒྲོ་བསྐུར་ཚ་བོ་ཞིག་བཏབ་པ་ནས་བཟུང་སྟེ། བོད་བཙན་པོ་རྒྱལ་རབས་ཀྱི་བདེན་པའི་ལོ་རྒྱུས་ཀྱི་གསེར་ཞལ་ལ་རྫུན་གྱི་སེང་རས་གཡོགས་པའི་མགོ་བརྩམས་པ་དང་། དུས་དེ་ནས་བཟུང་གོང་གི་བཤད་ཡམས་དེས་བོད་ཀྱི་ལོ་རྒྱུས་སྨྲ་བ་པོ་གང་མང་ཞིག་ལ་མགོ་རྨོངས་སུ་བཅུག་སྟེ་དུས་ཡུན་རིང་བོ་ཞིག་ལ་ཐམས་ཅད་ཀྱིས་བདེན་རྫུན་གྱི་དཀར་ནག་འབྱེད་དཀའ་བའི་གནས་སུ་ལྷུང་། མཐར་འདས་པའི་སྔོན་གྱི་བཙན་པོ་རྒྱལ་རབས་ཞེས་ཡ་གླིང་གི་ལོ་རྒྱུས་ཐོག་ཟིལ་ཤུགས་ཀྱིས་གད་རྒྱངས་སྒྲོགས་མྱོང་བ་དེ་ནི། གནའ་སྒྲུང་གི་གཏམ་རྒྱུད་མག་མོག་ཅིག་ལས་ཅི་ཡང་མ་ལྷག་ལ་གང་ཡང་ཤེས་མེད་ཚོར་མེད་ཀྱི་ངང་ནས་དུས་ཡུན་རིང་བོ་ཞིག་འདས་པ་རེད། སྟབས་ལེགས་པ་ཞིག་ལ། བཙན་པོ་རྒྱལ་རབས་སྐབས་ཀྱི་དམག་ཆས་དང་། གོ་ལག་རེས་འགའ་ད་སྐབས་ཀྱང་ལྷག་ཡོད་པར་དེ་རྣམས་ལ་གནའ་དཔྱོད་པ་ཚོས་རྟོག་ཞིབ་དང་ཞིབ་འཇུག་བྱས་རྗེས། བློ་ཡུལ་ལས་འདས་པའི་དོན་དག་གལ་གནད་འགའ་ཞིག་གསར་དུ་ཤེས་རྟོགས་བྱུང་བ་རེད། ཤེས་རྟོགས་བྱུང་བའི་གོ་རིམ་ཁྲོད་བོད་ཀྱི་དམག་ཆས་གོ་ལག་ནི་བཙན་པོ་རྒྱལ་རབས་ཀྱི་སྲོག་ཤིང་ལྟ་བུའི་རིག་གནས་ཡིན་པ་དང་། དེས་དེ་སྔོན་བོད་བཙན་པོ་རྒྱལ་རབས་ཀྱིས་ཡ་གླིང་ལ་ཐད་ཀར་དབང་བསྒྱུར་བྱས་ཐུབ་པའི་བདེན་དཔང་གཙོ་བོར་བགྱིས་པ་རེད། ཁྲབ་རྨོག་གྲི་གསུམ་སོགས་མི་སྤྱོད་པའི་དུས་རབས་འདིར་མཚོན་ན། མང་ཤོས་ཀྱིས་འདི་དག་ལ་ཞིབ་འཇུག་གི་གླེང་རིན་མི་འདུག་བསམ་ན་ཐང་ཡང་། འདས་པའི་སྔོན་གྱི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཁྲབ་རྨོག་གྲི་གསུམ་ནི། རྒྱལ་ཁབ་ཅིག་ལ་མཚོན་ན། ཐད་ཀར་རྒྱལ་ཁབ་དེའི་ཚེ་སྲོག་གི་ལས་དབང་ལ་ཐུག་པ་ལྟ་བུ་རེད། དཔེར་ན། སྤྱི་ལོ་སྔོན་གྱི་མི་ལོ་སུམ་བརྒྱ་ཡས་མས་སུ་གྷི་རིག་དང་པར་སིག་རྒྱལ་ཁབ་གཉིས་ཀྱིས་གཡུལ་འཁྲུགས་ཆེན་པོ་ཞིག་བརྒྱབ་མྱོང་བ་ཚང་མས་ཤེས་གསལ་ནང་བཞིན། ལར་བཤད་ན། རྒྱལ་ཁབ་དེ་གཉིས་གང་ཡིན་ཡང་སྐབས་དེར་འཛམ་གླིང་སྟེང་སྟོབས་ཤུགས་དང་དམག་གྲངས་སོགས་གང་ཐད་ནས་གཅིག་འདྲ་ལྟར་སྣང་ཡང་། མཐར་པར་སིག་རྒྱལ་ཁབ་དེ་ཨེ་ལེགས་ཟན་དར་གྱི་ལག་ནས་དེ་ལྟར་བློ་ཡུལ་ལས་འདས་པའི་ཕམ་ཁ་མྱོང་དགོས་པའི་རྒྱུ་རྐྱེན་ཉག་གཅིག་ནི། པར་སིག་གི་ཁྲབ་ཆས་ནི་གྷི་རིགས་ཀྱི་ཁྲབ་ཆས་ལ་མི་དོ་བས་མཐའ་མཇུག་ཡོངས་སུ་ཉམས་རྒུད་དུ་བྱུང་སོང་བ་ལྟ་བུ་རེད། མཐར་དེད་ན་རྒྱལ་ཁབ་དེའི་ལས་དབང་དེ་ལྟར་གཞན་ཞིག་གི་བྲན་འོག་ཏུ་འགྱུར་བ་ནི་ཁྲབ་ཆས་བཙན་མིན་ལ་ཐུག་པ་རེད་ཅེས་འཛམ་གླིང་གི་ལོ་རྒྱུས་ཐོག་ལ་སྡོམ་ཚིག་འཁོད་ཡོད་པ་དེ་ལས་ང་ཚོས་དོན་དག་མང་པོ་ཞིག་ཞིབ་ཏུ་མ་བཤད་ཀྱང་གསལ་བོར་ཤེས་ནུས་སོ།།

བོད་ལ་དམག་ཆས་གྲི་རྨོག་ཁྲབ་གསུམ་སོགས་དུས་ནམ་ཞིག་ལ་དར་ཡོད་མེད་ཐད། ༼རྒྱ་བོད་ཡིག་ཚང་ཆེན་མོ༽་སོགས་ཡིག་ཚང་མང་ཤས་ཤིག་ཏུ་གྲི་གུམ་བཙན་པོའི་སྐབས་སུ་དར་ཚུལ་བཤད་འདུག་པས། དེའི་བཤད་རྒྱུན་བོད་དུ་འབྱམས་ཀླས་སུ་ཁྱབ་ཡོད་ཕྱིན། ད་དེའི་ལྡོག་ཕྱོགས་སུ་གླེང་མཁན་ཞིག་འབྱུང་ཚེ། རྡོག་བརྫིས་མི་གཏོང་རུང་འགྲམ་ལྕག་ཚ་ལམ་མེར་མ་བཏང་རང་དགར་མི་འཇོག་པ་ལྟ་བུ་ཞིག་བཤད་འོང་ཡང་། ད་ནི་རིག་པའི་བུ་ལ་སྙིང་རྗེའི་ཡུལ་དུ་དགོངས་ཏེ་འཇིགས་སྐུལ་མི་གནང་བར་ཞུ། ངས་བལྟས་ན། གོང་གི་བཤད་ཚུལ་དེ་ནི་གྲི་གུམ་བཙན་པོ་ལ་ཆེ་བསྟོད་ཅིག་དང་། ཡང་ན་ལོ་རྒྱུས་ཐོག་གི་ནང་དོན་རེ་གཉིས་ལ་བརྟགས་ནས་འོལ་སྤྱི་བྱས་པ་ཙམ་ལས་གནས་ཚུལ་དངོས་ག་ལ་ཡིན། རྒྱུ་མཚན་ནི། ལྕགས་ཆས་རིགས་ལས་སྤྱོད་སྔ་བ་ནི་ཟངས་གྲི་ཡིན་ལ། ཟངས་གྲི་ནི་ལྕགས་རིགས་ཀྱི་ནང་ནས་མིའི་རིགས་ཀྱིས་ཐོག་མར་བཀོལ་སྤྱོད་ཤེས་པ་ཡིན་ལ། དེ་ལ་མ་མཐའ་ཡང་མི་ལོ་ལྔ་སྟོང་གི་ལོ་རྒྱུས་ཡོད་པ་དང་། དེའི་སྔོན་དུ་མིའི་རིགས་ཀྱིས་ད་དུང་རྡོ་གྲི་དང་ཤིང་གྲི་སོགས་བེད་སྤྱོད་བཏང་བའི་དུས་ཚོད་ནི་ཤིན་ཏུ་རིང་བ་ཡིན་པ་སོགས་ལས་ཀྱང་དཔོག་ནུས་སོ།། བོད་ལ་མཚོན་ན། ལྕགས་ཆས་སྤྱོད་པའི་ལོ་རྒྱུས་ནི་འཛམ་གླིང་གི་རྒྱལ་ཁབ་གང་ལས་ཀྱང་སྔ་བ་གསལ་བོར་རེད། ལྷ་སའི་སེ་ར་དགོན་པའི་རྒྱབ་ལོག་གི་ཆུ་གོང་བྱ་བ་དེ་ནས་རྙེད་པའི་ས་འོག་གི་རྫ་ཆས་དང་ནང་སྒོས་སུ་ལི་ཡི་མེ་ལོང་དེའི་ཡུ་བ་ལྕགས་ཡིན་པ་དེ་ནི། ཉེ་ཆར་འཛམ་གླིང་གི་ལོ་རྒྱུས་ཐོག་ལྕགས་དངོས་སུ་བཞུས་པའི་ལག་རྩལ་བཟོ་ལས་ལ་མི་ལོ་སུམ་སྟོང་བརྒྱད་བརྒྱའི་ལོ་རྒྱུས་ཡོད་པ་བདེན་དཔང་བྱས་པ་རེད། དེང་གི་བོད་ནི་ལག་རྩལ་བཟོ་ལས་སོགས་ཡོངས་སུ་ཉམས་རྒུད་དུ་སོང་བའི་མི་རིགས་ཤིག་ཡིན་པས། ད་འདི་ལྟར་བཤད་ན་ཡིད་མི་ཆེས་པའི་ཚད་དུ་བསླེབས་ཡོད་པས་བཤད་ཀྱང་ཕན་པ་ཡོད་མེད་ཅི་ཆ། ཁ་སང་གི་སྐོམ་ཆུ་དེ་རིང་གི་སྐོམ་པ་མི་སེལ་ལྟ་བུ་ཡིན་ཡང་། ངེད་ཀྱིས་ནི་ཁ་སང་གི་ལོ་རྒྱུས་ཀྱི་ཉམས་མྱོང་ལས་དེ་རིང་གི་དཀའ་སྡུག་སེལ་དགོས་པ་ནི་ལོ་རྒྱུས་ཀྱིས་བཞག་པའི་བསླབ་བྱ་གསེར་ཐིག་རང་རེད་འདོད་ཀྱིན་ཡོད། ༼ཏུན་ཧོང་གཏེར་ཡིག༽་ལས། གྲི་གུམ་བཙན་པོ་ལ། ལོ་ངམ་གྱྀས་གསོལ་པ། དེ་ལྟར་མྱྀ་གནང་ན། ལྷའི་དཀོར་མདུང་རང་འདེབས་དང་། རལ་གྱྀ་རང་གཅོད་དང་། ཁྲབ་རང་གྱོན་དང་། ཕུབ་རང་བཟུར་ལ་སྩོགས་པ། འཕྲུལ་གྱི་དཀོར་ཆེད་པོ་མངའ་བའི་རྣམས་བདག་ལ་སྩལ་ན་ཕོད་ཅེས་གསོལ་ཏོ།། ༼༡༽ ཞེས་གསལ་བ་དེ་ནི་དེང་སང་གྲི་དང་ཁྲབ། ཕུབ། མདུང་སོགས་གྲི་གུམ་བཙན་པོའི་སྐབས་སུ་བྱུང་ཞེས་པའི་ལོ་རྒྱུས་སྔ་ཤོས་ཀྱི་ཁུངས་འདི་འདྲ་ཞིག་ལ་ཐུག་པ་མ་ཡིན་ནམ་སྙམ། རྒྱ་ནག་གི་ཡིག་ཚང་༼ཐང་ཡིག་གསར་རྙིང༽་ལས། ཁྲབ་རྨོག་བཙན་ཞིང་མིག་གཉིས་མ་གཏོགས་ལུས་རིལ་བོར་ཁེབས། མདའ་གྲི་རྣོན་པོས་ཀྱང་ཆོད་པར་དཀའ། དམག་ཁྲིམས་ཤིན་ཏུ་ཞིབ། ༼༢༽ ཅེས་གསལ་བ་དེ་ལས་བཙན་པོ་རྒྱལ་རབས་ཀྱི་སྐབས་སུ་བོད་ཀྱི་ཁྲབ་ཆས་གོ་ལག་སོགས་ནི་ཡ་གླིང་གི་ཡང་རྩེ་ཡིན་ཞེས་པ་ལ་རྒྱུ་མཚན་ངེས་ཅན་ཡོད་པ་ལས་སྙན་ངག་གི་བསྟོད་པ་ཙམ་མིན། དོན་དུ་པར་སིག་དང་ཐང་རྒྱལ་རབས་གཉིས་ནི་སྐབས་དེར་རིག་གནས་དང་དམག་དོན་སོགས་གང་ཐད་ནས་འཛམ་གླིང་གི་རྩེ་མོ་ཡིན་ཞེས་གྲགས་པ་ལ། བཙན་པོ་རྒྱལ་རབས་ཀྱིས་དུས་ཐོག་དེར་སྟོབས་ཤུགས་རྒྱལ་ཁབ་དེ་གཉིས་ལ་མཉམ་དུ་ཕྱོགས་གཉིས་སུ་དམག་རྒྱག་པའི་སྟོབས་ཤུགས་ལ་དཔགས་ནས་དེང་སང་མི་རིགས་གཞན་གྱི་ལོ་རྒྱུས་སྨྲ་བ་པོ་ཁ་ཅིག་གིས་༼ཐུ་བྷོད་བཙན་རྒྱལ་༽ཞེས་པ་ནི་མིང་དོན་མཚུངས་པ་ཞིག་རེད་སྙམ། སྐབས་དེར་མཚོན་ན། བོད་ཀྱི་དམག་ཆས་དེ་ཧ་ཅང་བཙན་པས་དེས་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་བརྗིད་ཉམས་མཚོན་པ་ཡིན་ཕྱིན། དེ་དུས་བོད་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་རྟག་ཏུ་ལེགས་སྐྱེས་སུའང་ཁྲབ་ཆས་བསྐུར་བཞིན་པ་མངོན་ཏེ། ༼ཐང་ཡིག་གསར་རྙིང་༽ལས། སྲོང་བཙན་ཁྲོས་ཏེ་ཞང་ཞུང་གི་དཔུང་དང་བཅས་ཏེ་འ་ཞར་དམག་དྲངས། འ་ཞས་མ་ཚུགས་པར་མཚོ་སྔོན་ཕྱོགས་སུ་བྲོས། རྒྱུ་ནོར་ཐམས་ཅད་བྷོད་ལ་ཤོར། ཏང་ཞང་དང་པེ་ལན་འཇང་ཡང་ཕམ། དེ་ནས་དམག་ཁྲི་ཉི་ཤུ་དྲངས་ཏེ་སུང་ཀྲིག་བཅོམ། ཕོ་ཉ་མངགས་ཏེ་གསེར་ཁྲབ་ཅིག་སྐྱེས་སུ་ཕུལ་ནས་ཀོང་ཇོ་སློང་། ༼༣༽ ཞེས་འཁོད་པ་དེ་ལས་ཀྱང་རྟོགས་ནུས་སོ།།
སྤྱིར་འཛམ་གླིང་གི་ལོ་རྒྱུས་ཐོག་ཁྲབ་ཆས་སྔ་ཤས་བཟོ་ཤེས་པའི་མི་རྒྱུད་ནི། ཨརྱཎ་གྱི་མི་རྒྱུད་ཡིན་པར་ངོས་འཛིན་བྱེད་ཀིན་འདུག དེ་ཡང་གཙོ་བོ་ཨརྱཎ་མི་རྒྱུད་འདི་དག་དམག་ཐབས་ལ་མཁས་ཤིང་རྟ་ལ་ཧ་ཅང་དགའ་བོ་བྱེད་ཀྱིན་ཡོད་ཕྱིན། རྟ་དམག་ལ་ཁྲབ་ཆས་ཅིས་ཀྱང་འཛོམས་དགོས་པ་ཞིག་བཤད་ཡོད། གོ་རིམ་དེ་ཇི་འདྲ་ཡིན་མིན་ད་དུང་ངས་གསལ་བོར་ཤེས་མ་བྱུང་ཡང་། མཁས་དབང་ཐུབ་བསྟན་མཆོག་སྒྲུབ་ཀྱི་༼རྒྱ་གར་གྱི་ལོ་རྒྱུས་༽སུའང་། དེ་དང་འདྲ་བའི་ནང་དོན་ཞིག་འཁོད་ཡོད་དེ། སིདྷུའི་མི་ཚོས་ལྕགས་ལ་བེད་སྤྱོད་མ་ཤེས་ལ། བྱས་ཙང་དེ་ཚོར་ཁྲབ་སོགས་ཡོད་པ་མ་རེད། འོན་ཀྱང་ཨཱརྱན་ཚོས་ལྕགས་ལ་བེད་སྤྱོད་ཤེས་ཤིང་དེ་ཚོར་ཁྲབ་རྨོག་སོགས་ཡོད་འདུག རིག་བྱེད་ཀྱི་ཨཱརྱའི་མི་རྣམས་ནི་དམག་འཐབ་བྱེད་མཁན་ཡིན་ཞིང་། ཁོང་ཚོའི་མི་ཚེ་ལ་རྟ་གལ་ཆེན་པོ་ཡོད་པ་རེད། ༼༤༽ ཅེས་གསལ་ཞིང་། དེར་བརྟགས་ནའང་རྒྱ་གར་དུ་ཁྲབ་ཆས་ཐོག་མ་ནི་ཨརྱཎ་གྱི་མི་རྒྱུད་ཚོས་དར་དུ་འཇུག་པ་འདྲ་ཞིག་བཤད་ཡོད་དོ།། ཁྲབ་ཆས་ནི་ལུས་སྲུང་གི་གོ་ཆ་ཡིན་ཞིང་། མིའི་རིགས་ཀྱིས་གོ་ཁྲབ་འདི་བེད་སྤྱོད་གཏོང་ཤེས་པ་ནས་བཟུང་སྟེ་གཡུལ་འཁྲུག་ཆེན་པོ་འབྱུང་བའི་གནས་ཚུལ་ཡང་ཇེ་མང་དུ་བྱུང་བར་བཤད། མདོར་དྲིལ་ནས་བཤད་ན། དུས་སྐབས་དེར་མཚོན་ན་ཁྲབ་ནི་དེང་གི་ཆེས་སྔོན་ཐོན་གྱི་ལག་ཆ་སྔོན་འགོག་འཕུར་མདའི་ཚབ་ལྟ་བུ་རེད་དོ།།

བོད་ཀྱི་ཁྲབ་ལ་དམིགས་བསལ་གྱི་རྟགས་ཤིག་ཡོད་པ་ནི། ཁྲབ་ཀྱི་བྱང་བུའི་སྟེང་ལ་རང་རེའི་ཨང་ཀི་ཕབ་ཡོད་ཅིང་། ད་དུང་བོད་ཡིག་དང་སྔགས་ཡིག་བརྒྱབ་ཡོད་པའང་མཆིས། དེ་དག་ལས་མ་མཐའ་ཡང་བོད་ཀྱི་ཁྲབ་ཆས་ཡིན་པ་ཤེས་ཐུབ་ལ། བོད་ལས་གཞན་ཕྱི་གླིང་གི་ཁྲབ་ཆས་གང་ཡིན་ཡང་ཨ་ལཱ་པེའི་ཨང་ཡིག་བརྒྱབ་ཡོད་པ་ལས་བོད་ཀྱི་ཨང་ཀི་ཕབ་ཡོད་པ་ཧ་ལམ་མཐོང་དཀོན་ནོ།། གོང་གི་རྒྱུ་མཚན་དེའི་ཕྱིར། གནའ་དཔྱོད་པ་ཚོས། ཞིན་ཅང་དང་པཱ་ཀི་སི་ཐན་སོགས་ཀྱི་ས་གནས་ནས་བྱུང་བའི་ཁྲབ་ཆས་སྟེང་བོད་ཀྱི་ཨང་ཀི་ཕབ་ཡོད་པ་མཆིས་ཚེ། བོད་ཀྱི་དམག་ཆས་ཀྱི་ཁོངས་གཏོགས་སུ་ངོས་འཛིན་གནང་གིན་འདུག སྔགས་ཡིག་ཕབ་པའི་ཁྲབ་ནི་བོད་ཀྱི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན་པར་ངོས་འཛིན་གནང་གིན་འདུག དེ་ལྟར་ཁྲབ་ལ་སྔགས་ཡིག་བཀོད་པ་དེས་ཅི་ཞིག་མཚོན་པའི་ནང་དོན་སོགས་ནི། བོད་ཡིག་དཔེ་རྙིང་གི་༼སྲུང་ཆོག༽་འགའ་ཞིག་ཏུ་གསལ་ཞིང་། འདིར་ཡང་དཔེ་སྟོན་ཙམ་དུ་༼དཔལ་ལྡན་མགོན་པོའི་བསྲུང་བཀོད་༽བྱ་བ་ལས། བསྲུངས་གཅིག་བཀོད་པ་ཁྲབ་ལ་བཀོད། །ཁྲབ་མོ་རང་གྱོན་དགྲ་བླ་ནི། །གློག་འོད་འདྲ་བའི་དགྲ་བླ་ནི། །མེ་ལྕེ་འདྲ་བའི་རྟ་ལ་ཞོན། །མེ་སྟག་འདྲ་བའི་མཚོན་ཆ་ཐོགས། །ཁྲབ་མོ་རང་གྱོན་འདི་ལ་བཀོད། །ནམ་མཁའ་འོད་ཀྱི་དགྲ་བླ་ནི། །མེ་ལྕེ་འདྲ་བའི་རྟ་ལ་ཞོན། །སྐར་མ་འདྲ་བའི་མཚོན་ཆ་ཐོགས། །ཁྲབ་མོ་རང་གྱོན་འདི་ལ་བཀོད། །༼༥༽ཅེས་འཁོད་འདུག་པ་དེར་བརྟགས་ན། གོ་ཁྲབ་ཀྱི་སྟེང་ལ་སྲུང་ཡིག་འབེབས་སྟངས་ཀྱི་གནས་ཚུལ་དེ་ནི་ཁུངས་དེ་འདྲ་ཞིག་ལ་ཐུག་ཡོད་དམ་སྙམ། དེ་བཞིན་དུ་ཆོས་སྐྱོང་རྡོ་རྗེ་གོ་ཁྲབ་དང་། དེའི་སྔགས་ཀྱི་ཆོ་ག་ཁག་དང་། སྲུང་མ་བསེ་ཁྲབ་སོགས་ལའང་མིང་དེ་ལྟར་ཐོགས་པའི་རྒྱུ་མཚན་དང་ཁུངས་ལུང་སོགས་རྩད་གཅོད་བྱེད་དགོས་པ་ཞིག་རེད་འདོད། མཐར་ཐུག་ན་ཆོ་ག་དེ་ནི་སྔགས་ཀྱི་ནུས་པ་ལ་བརྟེན་ནས་མཚོན་སྲུང་བྱེད་ཐབས་ཀྱི་ཆོ་ག་ཞིག་ཡིན་པ་མངོན་གསལ་རེད་དོ།། གནས་ཚུལ་དེ་དག་དང་འབྲེལ་བའི་ལུས་སྲུང་དང་གདོན་སྲུང་གི་བྱེད་སྒོ་གང་མང་ཞིག་ཏུ་ཁྲབ་ཆས་འདིའི་རི་མོ་འཁོད་ཡོད་པ་མང་སྟེ། དཔེར་ན། གཟིའི་རིགས་ལས་གཟི་ཁྲབ་དང་། རྒྱལ་སྒོའི་རིགས་ལས་ཁྲབ་སྒོ་ཞེས་གྲགས་པ་སོགས་ལྟ་བུའོ།། སྟག་ཚང་དཔལ་འབྱོར་བཟང་པོའི་༼རྒྱ་བོད་ཡིག་ཚང་ཆེན་མོ༽་ལས། ཉང་རོ་རྩིས་གནས་གསར་དུ། ལྷ་ཁང་ཁྲབ་སྒོ་ཅན་རྣམས་བཞེངས། ༼༦༽ ཞེས་གསལ་བའི་ཁྲབ་སྒོ་དེ་ཡང་གོང་དུ་བཤད་པའི་ཁྲབ་སྒོའི་ཆོ་ག་དང་འབྲེལ་བ་ཡོད་པ་ཞིག་རེད་སྙམ། ལར་འདི་འདྲའི་རིགས་ཤིན་ཏུ་མང་ཡང་རྒྱས་པར་མ་སྤྲོས་སོ།།
དེ་སྔོན་བཙན་པོ་རྒྱལ་རབས་ཀྱི་སྐབས་སུ་ཁྲབ་ལ་རིགས་མི་འདྲ་བ་མང་པོ་ཞིག་ཡོད་པར་གསལ་ཡང་། དེང་སང་དེ་དག་ཀུན་ཤེས་པའི་མི་ནི་མེད་ཀྱང་། འོན་ཏེ། སྟབས་ལེགས་པ་ཞིག་ལ། གཏེར་སྟོན་ཁྱུང་བོ་བློ་ལྡན་སྙིང་བོའི་༼མདོ་དྲི་མེད་གཟི་བརྗིད༽་དང་། ཁམས་སྟོན་གྱིས་མཛད་པའི་༼རྒྱ་བོད་ཀྱི་ནོར་རྫས་ཀྱི་རིགས་བརྟགས་ཤིང་དཔྱད་པའི་དཔྱད་དོན་ཡིད་ཀྱི་འདོད་འཇོ་ཞེས་བྱ་བ་༽དང་། བཀྲ་ཤིས་རྒྱ་མཚོས་མཛད་པའི་༼འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ལས་དཔྱད་དོན་གསལ་བའི་སྒྲོན་མེ་༽་དང་། དེའུ་དམར་དགེ་བཤེས་ཀྱི་༼རིག་པ་བཟོ་གནས་ལས་ཚོགས༽་བྱ་བ་བཅས་སུ་ཅུང་ཟད་རྒྱས་པར་འཁོད་ཡོད་པས། ང་ཚོས་གཤམ་དུ་དེ་དག་ཏུ་ཇི་ལྟར་འཁོད་ཡོད་པ་དེ་རྣམས་ལ་གུང་བསྒྲིགས་ཏེ་སྤྱི་དོན་ཙམ་ཞིག་དཔྱད་པར་བྱ། ཁྲབ་གསེར་མིག་ཅན། བང་མིན་ཅན། ཁྱུང་གཤོག་ཅན། ཁྲབ་དམར་ཡུལ་ཉ་འདྲ་དང་། ཁྲབ་དམར་ཡུལ་ཉིས་འདྲ། ཁྲབ་བྱེ་ཤོག་མ། ཁྲབ་བྱེ་ཤོག་ཆེ་བ། ཁྲབ་དམར་ཡུ་མཆོག་དཀར། ཁྲབ་དམར་པོ་སྲ་ཆོད། ཁྲབ་དམར་ཡུ་ཤ་རྐང་། ཁྲབ་ཤ་རྐང་ཆུང་བ། ཁྲབ་དམར་ཡུ་ཟུར་རྒྱུན། ཁྲབ་དམར་ཡུ་སེན་རྒྱབ། ཁྲབ་དམར་ཡུ་ལི་ཐིངས། ཁྲབ་དམར་ཡུ་སེན་རིས་མ། ཁྲབ་རྒྱ་མོ་མིག་བཞི། ཁྲབ་རྒྱལ་པོ་མགོ་རྒྱུན། ཁྲབ་དམར་ཡུ་འབའ་ཡེར། ཁྲབ་དམར་འབལ། ཁྲབ་དམར་ཡུ་འབུ་ཡེར། ཁྲབ་གཡང་མོའི་འོད་དཀར། ཁྲབ་ཁྱི་སོ་མ། ཁྲབ་མཚུར་དཀར། ཁྲབ་མཚུར་ནག ཁྲབ་རྨེ་རུ། ཁྲབ་རྒྱ་བྱི། ཁྲབ་རྒྱ་བྱི་ཆུང་བ། ཁྲབ་རྒྱ་བྱི་མིག་བཞི་མ། ཁྲབ་གཡའ་ཆེན། ཁྲབ་གཡའ་མ་བེ་ལོ། ཁྲབ་གཡའ་མ་དིང་ཆེན། ཁྲབ་སེན་རིས། ཁྲབ་གསེར་མིག ཁྲབ་དཀར་ཐ། ཁྲབ་ཕུ་ཐུང་མ། ཁྲབ་བུ་ཐུང་མ། ཁྲབ་རྨོག་ཐུང་མ། ཁྲབ་མདུང་སོ་མ། ཁྲབ་ཀ་ཙ་སྐེ་ཉག་སོགས་དུ་མ་ཞིག་མཆིས་ཤིང་། དེ་དག་གི་ཁྱད་ཆོས་དང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས་མདོར་བསྡུས་རེ་གོང་དུ་བཤད་པའི་གཏེར་སྟོན་ཁྱུང་བོ་བློ་ལྡན་སྙིང་བོའི་༼མདོ་དྲི་མེད་གཟི་བརྗིད༽་དང་། ཁམས་སྟོན་གྱི་༼དཔྱད་དོན་ཡིད་ཀྱི་འདོད་འཇོ༽་དང་། བཀྲ་ཤིས་རྣམ་རྒྱལ་གྱི་༼དཔྱད་དོན་གསལ་བའི་སྒྲོན་མེ་༽སོགས་སུ་གསལ་བས་གཤམ་དུ་རྩོམ་ཡིག་དེ་དག་དཔྱད་གཞིའི་ཆེད་དུ་འདིར་ཆ་ཚང་ཞིག་འགོད་པར་བྱ་སྟེ།
གཏེར་སྟོན་ཁྱུང་བོ་བློ་ལྡན་སྙིང་བོའི་༼མདོ་དྲི་མེད་གཟི་བརྗིད༽་བྱ་བ་ལས། འབུབ་དབྱེའི་ཁྲབ་ལ་རྣམ་པ་བརྒྱད། །རྒྱལ་པོའི་གོ་དང་བློན་པོའི་གོ། བཙུན་མོའི་གོ་དང་དེད་དཔོན་གོ། བཙུན་པོའི་གོ་དང་འཕྱོར་བའི་གོ། དཔའ་བོའི་གོ་དང་དར་མའི་གོ །རྒྱལ་པོའི་གོ་ལ་ལྔ་རུ་འདོད། །ཡེ་རྗེ་ལྷ་ལ་བསྐོས་པའི་གོ། ལྷ་དབང་བརྒྱ་བྱིན་མནབ་པའི་གོ། གསེར་གྱི་ནང་ནས་ཚེམ་ཚེམ་ལ། །གསེར་མིག་གཡུ་ཡི་འཁྱིལ་བ་ཡོད། །ན་ན་ཐེབ་ཙེ་བརྩེགས་པ་འདྲ། །རྒྱལ་པོ་མིན་པས་མི་ཁྱགས་སོ། །ཡང་ཡེ་རྗེ་རྒྱལ་ས་བསྐོས་པའི། །དུང་གི་སོ་བ་བང་མིག་རིས། །བང་མིག་རིས་ལ་གཡུ་སྦྲ་དགོས། །ཡོད་པ་དྲི་ཟའི་ཡུལ་ན་ཡོད། །དབང་བ་ཡུལ་འཁོར་སྲུང་གིས་དབང་། །རྒྱལ་པོ་མིན་པས་མི་ཁྱགས་སོ། །ལྕགས་ཀྱི་ནེ་ཙོ་ཁྱུང་གཤོག་སྤུངས། །ཁྱུང་གཤོག་སྤུངས་བརྗིད་འགྱིང་བ་དགོས། །ཡོད་པ་གཤིན་རྗེའི་ཡུལ་ན་ཡོད། །དབང་བ་བོན་གྱི་འཕགས་ཀྱིས་དབང་། །རྒྱལ་པོ་མིན་པས་མི་ཁྱགས་སོ། །ཟངས་ཀྱི་ཤོལ་མོ་རྨ་བྱ་མདོག །རྨ་བྱ་མདོག་ལ་པདྨ་དགོས། །ཟེ་འབྲུའི་སྟེང་ནས་གཡུ་སྦྲ་དགོས། །ཡོད་པ་སྨུ་དབང་ཡུལ་ན་ཡོད། །དབང་བ་སྤྱན་མི་བཟང་གིས་དབང་། །རྒྱལ་པོ་མིན་པས་མི་ཁྱགས་སོ། །གསེར་གྱི་ཁྲ་མོ་འོད་ཀྱིས་མཛེས། །འོད་ལ་ཉི་མའི་དཀྱིལ་འཁོར་མཛེས། །གོན་ན་འཇིག་རྟེན་འོད་ཀྱིས་འགེང་། །ཡོད་པ་གནོད་སྦྱིན་ཡུལ་ན་ཡོད། །དབང་བ་རྣམ་ཐོས་སྲས་ཀྱི་དབང་། །རྒྱལ་པོ་མིན་པས་མི་ཁྱགས་སོ། །དེ་ཆེ་བ་རྒྱལ་གྱི་གོ་ལྔ་ཡིན། །བློན་པོའི་གོ་ལ་རྣམ་པ་གསུམ། །སྲིད་ཀྱི་དཀར་མ་ཁྱུང་གཤོག་དང་། །བསྐོས་ཀྱི་ཁ་ལ་གཡུ་གཤོག་དང་། །ཕྱིའི་ཐེབ་ཙེ་རྒོད་གཤོག་དང་། །ཁྱུང་གཤོག་གཡས་གཡོན་བརྐྱང་བ་འདྲ། །དེ་ལ་བརྗིད་དང་ཟིལ་གྱིས་དགོས། །གཡུལ་སོ་སྲུང་བ་མ་གཏོགས་པ། །གཡུལ་ངོས་འགྲིམ་ན་བཙན་མི་ཐུབ། །དེ་ཡང་བློན་ལ་དགོས་པ་ཡོད། །གཡུལ་གཤོག་གཡུལ་ལྗང་བཤིབས་པ་འདྲ། །བྱང་རྒྱུད་གཉེན་ལ་བྱང་རྐང་རིང་། །བྱང་སྔུན་ཐམས་ཅད་གཡས་སུ་གྱུ། །དེ་ལ་གསེར་གྱི་གཞུང་རྒྱུད་དགོས། །བློན་ཆེན་ཆས་ཛ་དམག་དཔུང་བཀྲག །དེ་ཡང་བློན་ལ་དགོས་པ་ཡིན། །རྒོད་གཤོག་རྒོད་ཀྱི་དང་མཆན་འདྲ། །བྱང་ཁྱིམ་ཅིག་ན་བྱང་བཞི་བསྣོལ། །བྱང་གཞུང་དྲང་ལ་བྱང་འདབ་གཉེན། །གཡུལ་ངོ་འདྲེན་ཡང་གནོད་པ་མེད། །ལྷག་པར་ནག་ཕྲན་མདའ་ལ་བཙན། །དེ་ཡང་བློན་ལ་དགོས་པ་ཡིན། །བློན་པོ་མིན་པས་དེ་མི་ཁྱགས། །བཙུན་མོ་གོ་ལ་གཉིས་ཡིན་ཏེ། །གསེར་གྱི་ཐེབ་ཙེ་སྒོར་མོ་དང་། །གཡུ་ཡི་ལ་ཆུང་སྒོར་མོ་གཉིས།།སྔོན་དང་ལྷ་མིན་བུ་མོ་གཉིས། །གདུགས་བརྩུབ་ཚལ་གྱི་དུར་ཁྲོད་ནས། །ལྷ་དང་ལྷ་མིན་འཁྲུག་པའི་བར། །ལྟད་མོ་ལྟ་རུ་སོང་བ་ལས། །ལྟད་མོ་བ་ལ་སྤུ་མདའ་བྱུང་། །དེ་ལ་བསྐྲག་པའི་གོ་གཉིས་བརྩམ། །ཐེབ་ཙེ་ཕ་བོང་གཤོག་པ་འདྲ། །ལ་ཆུང་ནེ་ཙོའི་གཤོག་པ་འདྲ། །དེ་གཉིས་ཡང་ལ་བཙན་པ་ཡིན། །བསྡད་ན་བཙན་ལས་བྲོས་ན་ཡང་། །ལྟད་མོ་བ་ལ་དགོས་པ་མིན། །བཙུན་མོ་མིན་པས་དེ་མི་ཁྱགས། །དེད་དཔོན་གོ་ལ་རྣམ་པ་གཉིས། །ཐང་བཟང་སྦྲུལ་པའི་སླག་ཆེན་དང་། །གྷ་དྷ་གསེར་གྱི་སླག་ཆེན་གཉིས། །སླག་ཆེན་བྱ་སྤུ་གཤིབ་པ་འདྲ། །བྱང་ངོ་གཅིག་ལ་ཡུང་དུག་ཕོག །སྤུངས་མཚམས་སེན་འཐེབ་བཤིག་པ་འདྲ། །རྐེད་སྐབས་ཡན་ཆད་སྟོད་ན་སྤུངས། །རྐེད་སྐབས་རི་རབ་ཐེམ་པ་སྒེག །དེ་ལ་གསེར་གྱི་རག་འབུར་དགོས། །མཁའ་ལྡིང་ནག་མོའི་སྤྱན་མིག་འདྲ། །བསིག་ན་ཁམས་གསུམ་ཟིལ་གྱིས་གནོན། །སྤྲུག་པས་ལྷ་མིན་དམག་ཚོགས་འདུལ། །དེད་དཔོན་མིན་པས་དེས་མི་ཁྱགས། །ལྕགས་ཀྱི་སླག་ཆེན་གཡུལ་ལས་རྒྱལ། །གསེར་གྱི་སླག་ཆེན་ཚངས་ལས་རྒྱལ། །བཙུན་མོའི་གོ་ལོ་རྣམ་པ་བཞི། །དམུ་ཡི་བསེ་ཁྲབ་ཤོལ་མོ་དང་། །བདུད་ཀྱི་ཞུན་དཀར་ཚ་ཚ་དང་། །བཙན་གྱི་མེ་ལྕེ་སློག་ཤམ་དང་། །འཚམས་ཀྱི་མདར་ར་མདུང་བརྡུག་བཞི། །བསེ་ཁྲབ་ཤོལ་མོ་བྱད་ཀྱི་བཙུན། །དངུལ་དཀར་མེ་ལོང་ཕྱིས་པ་འདྲ། །ཞུན་དཀར་ཚ་ཚ་འོད་ཀྱི་བཙུན། །གངས་ལ་ཉི་མ་ཤར་འདྲ་བ། །མེ་ལྕེ་གློག་ཤམ་ཟེར་གྱི་བཙུན། །ཟངས་ལྕགས་ཡོལ་ནམ་མེ་འོད་འབར། །མདའ་ར་མདུང་བརྡུང་ངམ་གྱི་ཡུལ། །ཁྲོ་ཆུ་འདྲེས་ནས་མུན་པའི་རྫོངས། །འཕྱོར་གྱི་གོ་ལ་རྣམ་པ་བཞི། །ཀླུ་ཡི་གཡུ་ཡི་སྦྲུལ་སླག་དང་། གཉེན་གྱི་གསེར་སྦལ་སླག་པ་དང་། །ས་བདག་རུ་སྦལ་སླག་པ་དང་། །སྨན་གྱི་རྨ་བྱ་འཇོལ་ཆེན་དང་བཞི། །གཡུ་སྦྲུལ་སླག་པ་མདངས་ཀྱིས་མཛེས། །གསེར་སྦལ་སླག་ལ་འོད་ཀྱིས་མཛེས། །རུ་སྦལ་སླག་པ་བརྗིད་ཀྱིས་མཛེས། །རྨ་བྱ་འཇོལ་ཆེན་མདངས་ཀྱིས་མཛེས། །དེ་ལ་རིན་ཆེན་སྣ་ལྔ་དགོས། །ལྷག་པར་ཁྲོམ་པ་ཚོགས་ན་བཟང་། །འཇིག་རྟེན་འོད་ཀྱིས་སྟོང་ཁམས་འགེང་། །དཔའ་བོའི་གོ་ལ་རྣམ་པ་བཅུ། །སྔོན་ཡེ་དང་ངམ་གཉིས་འཁྲུགས་པའི་དུས། །ཡེ་རྗེ་སྨོན་པས་བརྡུང་བ་ཡི། །གར་གཤོག་ཁྱུང་གཤོག་སྤུང་ལིང་གསུམ། །དེ་གསུམ་འཚོལ་བའི་བྱང་ཚིག་བཞི། །གར་གཤོག་རྐང་རིང་སྟོད་ན་སྤུང་། །རིན་ཆེན་བུམ་པ་དྲིལ་པ་འདྲ། །སྐེ་མགུལ་རིང་ཞིང་སྟོད་ཆ་སྤུངས། །སྨད་ཆ་འཕར་གསུམ་ལྷུབ་ལ་བརྗིད།། གངས་ལ་ཉི་མ་ཤར་བ་འདྲ། །དཔའ་པོ་རང་ཚོད་ཟིན་ལ་ལུས་ལ་མཛེས། །ཁྱུང་གཤོག་རྒོད་ཀྱི་དང་རུ་འདྲ། །བྱང་གཞུང་དྲང་ལ་བྱང་རྐང་འབྲིང་། །བྱང་རྒྱུད་གྲིམ་ལ་བྱང་དབྱིབས་སྦུབས། །མཚོ་ལ་གྲིབ་སོ་བཀུག་པ་འདྲ། །དཔའ་གཉིས་ཐང་འཛིང་བྱེད་ན་དགོས། །ལྷག་པར་ཆུ་གྲི་ངར་མ་བསྡུག །སྤུངས་ལིང་འཐིབ་ཕྲན་གཤིབ་པ་འདྲ། །བྱང་རྐང་ཞུམ་ལ་བྱང་སྤུངས་ཆེ། །རྡོ་རྗེ་བཞིན་དུ་རྐེད་ནས་སྒེག །གཡུལ་ཆེན་མདའ་སྣ་འདྲེས་ན་དགོས། །ལྷག་པར་ནག་ཕྲན་མདའ་ལ་བཙན། །བྱང་ཚག་རྒྱ་མཚོའི་ཉེར་མ་འདྲ། །དེ་གསུམ་འདྲེས་འཆོལ་ཉི་འོད་མཚོ། །མཚོ་ལ་ཉི་མ་ཤར་བ་འདྲ། །དེ་ལ་གང་གིས་མིང་མ་ཐོགས། །ཡེ་རྗེ་སྨོན་པའི་སྨོན་ལམ་འཁྲུངས། །གཡུལ་ཆེན་ཕྱི་སོ་སྲུང་ན་དགོས། །དེ་ཡེ་ལ་ཡོད་པའི་གོ་བཞི་ཡིན། །སྔོན་ཡེ་ངམ་འཁྲུག་པའི་བཙན་པའི་དུས། །ངམ་རྗེ་རྩོལ་པོས་བརྡུང་བ་ཡི། །བྱ་ན་བྱི་ལིང་འཕར་མ་གསུམ། །ངམ་གྱི་ལྕགས་ནག་འཆོང་བ་བཞི། །བྱ་ན་ནགས་ལ་ཉི་ཤར་འདྲ། །དེ་ལ་གཡུ་དུད་ཁ་འོད་འཆང་། །མཁའ་ལྡིང་ནག་མོའི་སྒྲོག་རྩ་གཤིབ། །བྱང་རྐང་རིང་ལ་བྱང་སྦུབས་ཆེ། །དཔའ གཉིས་རལ་ཀ་བཀྱེ་ན་དགོས། །ལྷག་པར་ཡ་ཙ་རྣོ་ལ་བཙན། །བྱང་ལིང་གྲིབ་སོ་འདུས་པ་འདྲ། །ཁ་འོད་མེ་དུད་ནག་པོ་ཆད། །བྱང་རྐང་རིང་ལ་བྱང་ཞིང་ཆུང་།།ཕོ་མ་རོག་གུའི་སྒྲོ་རྩེ་འདྲ། །དཔའ་གཉིས་མདུང་མོ་འདྲེས་ན་དགོས། །ལྷག་པར་མདུང་མོའི་གོ་ལ་བཙན། །འཕར་མ་གཅན་གཟན་ཡང་ཤམ་ཅན། །དངུལ་དཀར་བུམ་པ་ཕྱིས་པ་འདྲ། །འབུམ་ཚོ་གཅིག་གིས་ཁ་འོད་འཕྲོག།ངམ་གྱི་སོལ་རི་ནག་ལ་བཙུན། །ངམ་མུན་ནག་ནང་གི་གསལ་སྒྲོན་ཡིན། །གཡུལ་ཆེན་འཁྲུག་རྩོད་བཟུང་ན་དགོས།།ལྕགས་ནག་འཚེར་བ་ཐེབ་མོ་བརྩེགས། །སྣོལ་མཚམས་ཁྲབ་མོ་སེན་ཐེབ་རིས། །དེ་ལ་གསེར་སྐུད་རི་མོ་ཡོད། །དཔའ་གཉིས་གོ་རྩེད་རྩེ་ན་དགོས། །དེ་ངམ་ལ་ཡོད་པའི་གོ་བཞི་ཡོད། །དེ་བཞི་གྱད་ཀྱི་ཁ་གནོན་དུ། །ཝེར་མའི་ཁྲོ་ཆུ་དམུ་རྫོངས་དང་། །སྲིན་གྱི་དུག་རི་ནག་པོ་གཉིས། །ཁྲོ་ཆུ་དམུ་རྫོང་ཡུང་ལ་བརྗིད། །དུག་རི་ནག་པོའི་སྒེག་ལ་བརྗིད། །དཔའ་གཉིས་འགྱིང་ནས་བརྗིད་གཉིས་བཙུན། །དེ་གཉིས་ཀུན་གྱི་ཁ་གནོན་ཡིན།།སྡར་མའི་གོ་ལ་གཉིས་ཡིན་ཏེ། །སྟོར་ལག་ཅན་དང་འཕར་ཤམས་ཅན། །ན་ན་ཚིམ་ཚིམ་ལུ་གུ་རྒྱུད། །སྟོད་ལག་བདེ་ནས་འབྲོས་ལ་བཙན། །ཕྱི་བཤམ་རིང་ན་མདའ་ལ་བཙན། །ན་ན་ཚིམ་ཚིམ་མིག་གཉིས་གོ། །གཡུལ་ངོ་མི་ཐུབ་རྒྱང་ན་མཛེས། །དེ་གསུམ་ཕལ་དང་རྨང་ལ་དགོས། །ལྕགས་ཀྱི་འཕྲུལ་ལྷམ་ཡང་ལ་བདེ། །གར་གཤོག་གཡས་གཡོན་སྲ་ལ་གཉེན། །སྤྱི་ཡང་གོ་ཡི་རིགས་པ་ལ། །ལེགས་པར་འདོད་ན་ཕྱི་དར་གཅེས། །བཙན་པར་འདོད་ན་ཞུན་འཐར་གཅེས། །ལྕགས་ལ་རིམ་པ་ལྔ་རུ་དབྱེ། །དྭང་མའི་དྭང་མ་གོ་ལ་བཟང་། །དང་མཆན་སྲ་གཉེན་རྨོག་ལ་བཟང་། །དེ་འོག་ངར་ཆེན་མཚོན་ལ་བཟང་། །དེ་འོག་ཞོན་ཆེན་མགར་ལ་བཟང་། །ཐ་མ་རྨང་གཞི་འདོགས་པའི། །ག་གདན་རླུང་རི་བརྡུང་ན་བཟང་། །༼༧༽ཞེས་གསལ། གོང་འཁོད་ཀྱི་ཁྲབ་དང་འབྲེལ་བའི་ནང་དོན་དག་ནི། བསྐལ་བ་ཡ་ཐོག་གི་བོད་ཀྱི་གོ་ཁྲབ་བཅས་ལ་ཞིབ་འཇུག་བྱེད་པར་རིན་ཐང་བླ་ན་མེད་པའི་ཡིག་ཚང་ཡིན་ཞིང་། ཚང་མས་མཁྱེན་གསལ་བཞིན་ཡོངས་གྲགས་ཀྱི་བཤད་ཚུལ་ལྟར་ན་༼མདོ་དྲི་མེད་གཟི་བརྗིད༽་ནི། བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེའི་རྣམ་ཐར་རྒྱས་པ་ཡིན་ཞིང་། བསྡོམས་པས་དུམ་པ་བཅུ་གཉིས་བཞུགས། འདིར་བཤད་པའི་ཁྲབ་ཀྱི་སྐོར་ནི་དུམ་པ་གཉིས་པ་ནང་དུ་གསལ་ཞིང་། ཉེ་ཆར་ངེད་ཀྱིས་བོད་རང་གི་གནའ་རྫས་ཞིབ་འཇུག་བྱེད་པའི་ཡིག་ཚང་ཁྲོད་༼བཀའ་ཐང་སྡེ་ལྔ་༽་དང་། ༼མདོ་དྲི་མེད་གཟི་བརྗིད།༽ རཏྣ་གླིང་བའི་༼གཏོ་ཆོག༽་བཅས་ནི་ཆེས་གལ་གནད་ཅན་གྱི་ཡིག་ཚང་དཔེ་མེད་ཁག་ཡིན་པ་ངོས་འཛིན་བྱས་པ་ཡིན། ད་དུང་བདག་གིས་མ་ཤེས་པའི་གནས་ཚུལ་མང་དུ་ཡོད་ངེས་ཀྱང་། བདག་ལ་མཚོན་ན། གོང་གི་ཡིག་ཚང་དེ་དག་ནི་ད་ཕན་ངེད་ཀྱིས་མཐོང་བའི་བོད་ཡིག་གི་ཡིག་ཆ་ཁག་ལས་ཆེས་ཕུལ་དུ་བྱུང་བའི་ཡིག་ཚང་ཡིན་པར་འདོད་དོ།། གོང་དུ་བཤད་པའི་ནང་དོན་མང་ཤས་གོ་སླ་བས་ཞིབ་ཏུ་བརྗོད་མི་དགོས་ནའང་། བརྗོད་བྱ་གནད་འགག་འགའ་ཞིག་ངོ་སྤྲོད་ཀྱི་ཚུལ་དུ་མདོ་ཙམ་སྨྲ་བར་བྱ། གོང་དུ་བཤད་པའི་དྲི་ཟའི་ཡུལ་ནི། དེང་སང་པཱ་ཀི་སི་ཐན་གྱི་ས་གནས་པིས་ཧར་ཟེར་བ་དེ་ཡིན་ལ། གནའ་བོའི་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ཏུ་ཐོ་གར་ཡུལ་ཟེར་ཞིང་། ཐོ་གར་ནི་དྲི་ཟའི་ཡུལ་གྱི་རྒྱལ་ས་རྙིང་མ་དང་། བྲུ་ཤ་ནི་རྒྱལ་ས་གསར་བའི་གྲོང་ཁྱེར་གྱི་མིང་ལ་གོ རྒྱལ་ཁབ་དེའི་སྤྱི་མིང་ལ་དྲི་ཟའི་ཡུལ་ལམ་ལེགས་སྦྱར་སྐད་དུ་གན་དྷ་ར་ཟེར་ཞིང་། རྒྱ་སྐད་དུ་犍陀罗བྱ་བ་དེ་རེད། གཤིན་རྗེའི་ཡུལ་ནི་བཤད་དཀའ་བ་ཞིག་རེད། བཤད་དཀའ་བའི་རྒྱུ་མཚན་ནི་ཡུལ་འདི་རྩ་བ་ཉིད་ནས་མེད་པ་དེ་འདྲ་ཞིག་མ་ཡིན་མོད། ཡུལ་འདི་ཐོག་མའི་དུས་སུ་ས་གནས་ཧ་ཅང་ཆུང་བ་ཞིག་ཡིན་པས། མཛུབ་མོར་བཙུགས་ནས་བསྟན་ཟིན་རྗེས་ཡིད་མི་ཆེས་པ་མ་ཟད། དོན་མེད་དུ་ངཙལའང་མི་དགའ་མཁན་ཇེ་མང་དུ་གྱུར་བ་དེ་ལ་སྐྲག་པ་ཡིན། དེ་ལྟར་ཡིན་ཡང་དེ་རིང་ཕྱོགས་ཙམ་མི་སྟོན་ཀ་མེད་བྱུང་། གཤིན་རྗེའི་ཡུལ་ནི། ལང་ཀའི་མཚོའི་ཉེ་འཁོར་ཞིག་ཏུ་ཡོད་པར་གསལ་ཡང་། ད་རེབ་འདི་ཙམ་གྱིས་ཆོག་པར་བྱ། གནོད་སྦྱིན་ཡུལ་ནི། དེང་སང་མངའ་རིས་པུ་རང་ངམ་སྤུ་ཧྲང་རྫོང་དང་བལ་བོའི་དོལ་བུ་བཅས་ལ་གོ་ཞིང་། བསྐལ་ཡ་ཐོག་གི་སྐབས་སུ་ལང་ཀའི་ཡུལ་ཡང་ཟེར། དེ་ཡང་དེ་ཙམ་ལས་ཞིབ་ཏུ་མི་གླེང་བར་བྱ། མདོར་ན་གོང་འཁོད་ཀྱི་ཁྲབ་ཆས་ཀྱི་ནང་དོན་དེ་ནི། གདོད་མའི་དུས་སུ་ཞང་ཞུང་གི་ཡུལ་ཁམས་དང་དེའི་ཉེ་འཁོར་དུ་གནས་པའི་རྒྱལ་ཕྲན་བཅས་སུ་གོ་ཁྲབ་དར་བའི་གནས་ཚུལ་སྤྱི་དོན་ཞིག་གླེང་བའི་གནས་ཚུལ་ཙམ་རེད་འདོད། བཙན་པོ་དང་བཙན་མོའི་ཁྲབ་མི་འདྲ་བའི་ཁྱད་ཆོས་དང་། ཁྱུང་མགོ་དང་ཁྱུང་གཤོག་སོགས་ནི། ཁྲབ་ཀྱི་དཔུང་མགོ་གཡས་གཡོན་དང་དབུས་སུ་ཁྱུང་མགོ་ཡོད་པ་དེའི་རིགས་ལ་ཟེར་བ་ཤེས་ཐུབ་ལ། ཏ་ཟིག་དང་བོད། རྒྱ་ནག་བཅས་ཀྱི་ཁྲབ་རིགས་དག་ལས་ཁྱུང་མགོ་དང་ཁྱུང་གཤོག་ཡོད་པ་ལྡེབས་རིས་དང་འཇིམ་སྐུ་ཁག་ཏུ་དེང་སང་ཡང་མཐོང་ཐུབ་བོ།
ཁམས་སྟོན་གྱིས་མཛད་པའི་༼རྒྱ་བོད་ཀྱི་ནོར་རྫས་ཀྱི་རིགས་བརྟགས་ཤིང་དཔྱད་པའི་དཔྱད་དོན་ཡིད་ཀྱི་འདོད་འཇོ་ཞེས་བྱ་བ་བཞུགས་སོ༽་ལས། བྱང་ལེབ་ཉ་རྒྱབ་མཐའ་སྲབ་དཀྱིལ་མཐུག་ཅིང་། རྩེ་མོ་སེན་ཁ་རྩ་བ་གཟོང་ཁ་སྟེ། །གོན་ཁྲབ་འདི་ནི་དམར་(སྨར)ཁམས་དེད་(དེ)མོ་ནས། །གྲི་གུམ་བཙན་པོས་འབངས་དང་འཐབ་(པའི)ཕྱིར། །དམ(སྨར)ཁམས་ནས་བྱུང་བཟོ་རིས་ཉ་འདྲ་བ། །གོན་ཁྲབ་འདི་ལ་དམར་(སྨར)ཡུལ་ཉ་འདྲ་ཟེར། །དེང་སང་དམར་ཡུ་ཟེར་བ་སྒྲ་ལོག་གོ །བྱང་རིས་སྲབ་ཅིང་ཕྲ་ལ་ལྕགས་འོད་དཀར། །བཟོ་རིས་ཉ་འདྲ་ཡིན་མོད་དེ་ལས་ཆུང་། །གྲི་གུམ་བཙན་པོའི་བློན་པོ་ལོ་ངམ་གྱིས། །འཁྲུག་དུས་བོར་ཚེ་བཙད་པོའི་གོ་ཆ་དང་། །ལྷན་དུ་བསྒྲུབས་ཀྱང་རྗེ་འབངས་དབྱེ་བ་ཡིས། །ཆེ་ཆུང་སྲབ་མཐུག་ལ་སོགས་ཁྱད་བྱས་པས། །དིང་སང་འདི་ལ་དམར་(སྨར)ཡུལ་ཉིས་འདྲ་ཟེར། །ཤིན་ཏུ་རྙིང་དང་མཚོན་སྲན་ཆུང་བར་གྲགས། །བྱང་རིས་སྲབ་ཅིང་སྨད་ཤ་རྒྱས་པ་ལ། །རྩ་བ་རྩུབ་ཅིང་གཟོང་ཁ་རྣོ་བ་རེ། །བྱང་སྟོད་ཕྲ་ལ་རྩེ་མོ་སེན་ཁ་ཅན། །སྤྲུལ་བའི་སྨུ་(སྤུ)རྒྱལ་བདག་ཁྲི་འགར་གོང་གིས།།མཆིལ་བའི་དང་སྒྲོ་དཔེར་བླངས་གོ་ཆ་འདི། །དམར་(སྨར)ཡུལ་དེ་མོ་ལྕོག་ཏུ་བཟོས་ཞེས་གྲགས། །འདི་ལ་བྱེ་ཤོག་མ་ཟེར་དམར་(སྨར་)ཡུལ་གཏོགས། །བྱང་ཤས་སྲབ་མཐུག་མེད་ཅིང་བྱེ་ཤོག་ལས། །ཅུང་ཟད་ཞེང་ཆེ་ལྕགས་འོད་ནག་པོ་ལས། །རྩེ་མོ་སེན་ཁ་ཟུར་བཞི་ཡོད་པ་སྟེ། །གསར་རྙིང་ཡུལ་དང་ལྕགས་རྒྱུ་མགར་བ་གཅིག །བྱེ་ཤོག་གཡོག་ཏུ་བཟོས་ཤིང་དམར(སྨར)ཡུལ་གཏོགས། །ད་ལྟའི་དུས་ན་བྱེ་ཤོག་ཆེ་བ་ཟེར། །བྱང་རིས་སྲབ་མཐུག་ཆ་སྙོམས་ལུགས་བཞག་དཀར། །རྩེ་མོ་སྦལ་བའི་ཐོད་འདྲ་རྩ་བ་ཟུར། །ཅུང་གཤོག་དང་ལྡན་ཕོ་རོག་མིག་ཡོད་པ། །ཁྲི་སྲོང་ལྡེ་བཙན་རིང་ལ་བྱུང་ཞེས་གྲགས། །བྱང་རིས་གཞན་ལས་མཆོག་ཏུ་དཀར་བའི་ཕྱིར། །མཁས་པས་འདི་ལ་དམར་(སྨར)་ཡུ་མཆོག་དཀར་ཟེར། །བྱང་རིས་མཆོག་དཀར་འདྲ་ལ་བྱང་འོད་དམར། །རྩེ་མོ་གཟོང་ཁ་ཡོད་ན་མཆོག་དམར་ཟེར། །དཀར་དམར་གཉིས་ལ་གསར་རྙིང་བཟང་ངན་མེད། །བྱང་ཤས་ཆ་སྙོམས་རྩ་རྩེ་གཟོང་ཁ་ཅན། །ཅུང་ཟད་དབུས་མཐུག་ཐ་མ་མུ་འཁྱུད་ལྡན། །དམར་(སྨར)གྱི་ཚོང་དཔོན་གོས་དཀར་རྒྱ་ལེགས་ཀྱིས། །མང་དུ་བགྱིས་ཏེ་དབུས་སུ་ལྷགས་པས་ན། །ཁྲབ་བྱང་རེ་ལ་རྟ་རེ་བྱས་ནས་ཀྱང་། །ཁྲི་གཉན་བཟུང་བཙན་རྒྱལ་པོའི་གོས་ལ་བཙོང་། །དེས་ན་འདི་ལ་དམར་པོ་སྲ་ཆོད་ཟེར། །རིང་ཞིང་ཤ་རྒྱས་ལགརྩེ་མོ་སེན་ཁ་སྙོམས། །རྩ་བ་གཟོང་ཁ་སྦོམ་ཕྲ་མེད་པ་སྟེ། །དམར་གྱི་མགར་བ་གྱེར་མཚོ་ཞར་བས་བཟོས།།བོད་ཡུལ་འདིར་ནི་བསམ་ཡས་རྒྱལ་པོའི་དུས། །དར་ཞིང་འདི་ལ་དམར་ཡུ་ཤ་རྐང་ཟེར། །བྱང་བུ་སྒྱིད་རྩ་རིང་བ་ཤ་རྐང་འདྲ། །རྩ་བ་རྩེ་མོ་གཟོང་ཁ་ཕྲ་མོས་ཏེ། །བསམ་ཡས་རྒྱལ་པོའི་དུས་སུ་དར་བ་སྟེ། །ཤ་བ་ཕྲུ་གུ་རྒོ་བའི་རྐང་འདྲ་བ། །དེས་ན་ཤ་རྐང་ཆུང་བ་ཞེས་བྱ་ཞིང་། །ཁ་ཅིག་དམར་ཡུ་རྒོ་རྐང་ཞེས་ཀྱང་ཟེར། །ཤ་རྐང་རྒོ་རྐང་དུས་མཉམ་ཡིན་པས་ན།།འདི་ལ་གསར་རྙིང་མི་དབྱེ་ཁྲབ་ཀྱི་མཆོག །རྩ་རྩེ་བྱང་སྟོད་ཕྲ་བ་སྙོམས་པ་དང་། །དབུས་ཀྱི་ཟུར་མིག་ཟུར་ལ་ཡོད་པ་སྟེ། །འདི་ཡང་ཁྲི་སྲོང་ལྡེ་བཙན་སྐུ་རིང་ལ། །མ་ཞང་སྣ་ནམ་གྱིས་བཟོས་ཏེ་དབུ་རུ་བསྒྲུབས། །བྱེ་ཤོག་མ་ལ་དཔེ་བྱས་དེ་ལ་ནི། །བོད་ཁྲབ་ཡིན་ཡང་དམར་ཡུའི་མིང་གིས་བཏགས། །དེ་ཕྱིར་འདི་ལ་དམར་ཡུ་ཟུར་རྒྱུན་ཟེར། །སྤྲུལ་པའི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས། །མ་ཞང་ཁྲོ་(གྲོམ)པ་སྐྱེས་ཀྱི་གོས་ལ་བསྒྲུབས། །རྒོ་བོ་རྐང་ལ་དཔེ་བྱས་བོད་ཁྲབ་ཡིན། །བཟོ་དབྱིབས་དབང་གིས་དམར་ཡུར་བགྲང་བྱ་ཞིང་། །རྒྱབ་ལ་སེན་མོའི་རི་མོ་ཡོད་པས་ན། །མཁས་པས་མཐོང་ཚེ་དམར་ཡུ་སེན་རྒྱབ་ཟེར། །བྱང་བུ་པདྨའི་རིས་འདྲ་སྟོད་ཞེང་ཆེ། །རྩ་བ་རུབ་ཅིང་ལུགས་མདོག་འོད་ཆགས་པ། །འདི་ནི་རྒྱན་གྱི་ཁྲབ་ཡིན་དམར་པོ་རིང་། །ཀོང་ཇོའི་བསྲུང་མར་བསྐོས་ཤིང་མང་དུ་བཟོས། །འདི་ལ་གཉིས་ཏེ་བྱང་ཤས་ཐུང་ཞིང་དཀར། །དེ་ལ་ལི་ཐིང་ཞེས་འདོགས་རྒྱ་ཡི་སྐད། །བྱང་ཤས་རིང་ཞིང་ལྕགས་མདོག་སྔོ་བས་ཏེ། །དམར་ཡུ་ལི་ཐིང་ཞེས་པར་མིང་བཏགས་སོ། །ངོ་བོ་སེན་རྒྱབ་ཡིན་མོད་བྱང་ཞེང་ཆེ། །གཞུང་ལ་སེན་བརྩེགས་མར་ཡོད་པ་སྟེ། །འདི་ནི་ཁྲི་སྲོང་ལྡེའུ་བཙན་རྒྱལ་པོ་ཡི། ། བློན་ཆེན་ལྷ་སྒང་གིས་བྱས་རྒོ་རྐང་ལས། །དཔེ་བྱས་སེན་རྒྱབ་མ་ལ་འགྲན་ཕྱིར་བཟོས། །འདི་ལ་དམར་ཡུ་སེན་རིས་མ་ཞེས་བྱ། །བྱང་ནས་(རིས)མཐུག་ཅིང་སྟོད་སྨད་ཅོང་མཇུག་ཅན། །རྩ་རྩེ་གཟོང་ཁ་མཐའ་དམར་ཅན། །རྒྱ་མོ་ཀོང་ཇོས་རྒྱ་ཡི་གོ་ཁྲབ་བཞི། །བོད་དུ་འཁྱེར་ཡོང་དེ་ལ་དཔེ་བྱས་བཟོས། །འདི་ལ་དམར་ཡུའི་གྲངས་སུ་བགྲངས་བྱ་ཞིང་། །མཐོང་ཚེ་རྒྱ་མོ་མིག་བཞི་ཞེས་བརྗོད་དོ། །ལྕགས་མདོག་དཀར་དང་འོག་གི་མིག་གཉིས་ནི། །སྦྲེལ་རྒྱུན་སྐེད་པ་ན་ཡོད་རྩེ་མོ་ནི། །སེན་ཁ་ཕྲ་ཞིང་རྩ་བ་གཟོང་ཁ་ཅན། །འདི་ཡང་ཀོང་ཇོས་འཁྱེར་ཡོང་དམར་ཡུར་གྲགས། །རྒྱལ་པོ་མགོ་རྒྱུན་ཞེས་བྱར་སྨྲ་བར་མཛོད། །ལྕགས་མདོག་སྐྱ་ཞིང་རྩེ་མོ་སེན་ཁ་དང་། །རྩ་བ་གཟོང་ཁའི་ཞབས་བཅད་ཞབས་ཞུམ་པ། །འདི་ནི་བལ་པོའི་ཡུལ་ནས་ཁྲི་བཙུན་གྱིས། །འབའ་རོའི་གོ་ཆ་འཁྱེར་ཡོང་དམར་ཡུར་གྲགས། །དེས་ན་འདི་ལ་དམར་ཡུ་འབའ་ཡེར་ཟེར། །སྟོད་སྨད་ཁྱད་མེད་རྩ་རྩེ་གཟོང་ཁ་ཡིས། །ཟུར་གཏུབས་རྩེ་བརྒྱད་དབྱིབས་ནི་བྱེ་ཤོག་འདྲ། །འདི་ཡང་ཁྲི་བཙུན་གྱིས་འཁྱེར་བོད་དུ་ཡོང་། །དུས་སྐབས་གཅིག་ཀྱང་འབའ་ཡེར་གཡོག་ཡིན་པས། །དམར་ཡུ་འབུ་ཡེར་ཞེས་བརྗོད་བལ་པོའི་སྐད། །རྩེ་མོ་སྦལ་ཐོད་རྩ་བ་གཟོང་ཁ་སྟེ། །བྱང་རྐང་ཐུང་ཞིང་ཞེང་ཆེ་རྩ་མཇུག་ཕྱེད། །འདི་ནི་སྟག་ཚལ་མགར་བས་བཟོས་པའི་ཁྲབ། །བལ་དང་དམར་ཡུའི་རིགས་བསྡུས་དམར་འབལ་ཟེར། །བྱང་མགོ་མཐོ་ཞིང་རྩེ་མོ་སྦལ་ཐོད་ཅན། །བྱང་གཤམ་གཟོང་ཁ་སྐེད་ནས་ཞུམ་པའང་ཡོད། །འདི་ནི་བྱང་དུ་གླིང་དཔོན་གེ་སར་གྱིས། །གོན་ཁྲབ་སྦས་པ་གཡང་མོས་རྙེད་ཅེས་གྲགས། །དེས་ན་འདི་ལ་གཡང་མོའི་འོད་དཀར་ཟེར། །ཕྱོགས་ལ་སོ་སོ་རྐན་གཉེར་ཐེམ་སྐས་ཅན། །རྐན་གཉེར་གཅིག་ཡོད་རྩ་རྩེ་ཁོག་སྐྱོགས་ཟེར། །སྐེད་པ་་་་་་་་་་གཅིག་ཡོད་པ་ལ། །བྱང་མིག་ཡངས་པ་བཟོ་དབྱིབས་འདི་འདྲ་བ། །ཉིས་བརྩེགས་མ་ལ་ཁྱི་སོ་མ་ཞེས་ཟེར། །༼ཁྲབ་འདི་བྱང་དབྱིབས་དང་བྱང་མདོག་ཀུན་རྟ་སོ་དང་ཁྱད་མེད་པ་ལ། ཕྱོགས་གཅིག་ཐེམ་སྐས་གཉིས་ཡོད་པ་ནི་ཁྱི་སོ་ཆེ་བ་ཡིན་ནོ༽ཐེམ་སྐས་གསུམ་ལྡན་རྟ་སོ་མ་ཞེས་ཟེར། །འདི་གསུམ་བྱང་དུ་གཡར་(གཡང་)མོ་དཔེ་བྱས་བཟོས། །བྱང་རིས་འབལ་ཡིན་དེ་ལས་ཕྲ་ཞིང་རིངས། །སྲབ་ཅིང་ཕོ་བྲང་བྱང་དུ་མགར་བ་ཡིས། །འབལ་གྱི་གཡོག་ལ་བཟོས་པས་འབལ་ཕྲན་ཟེར། །འདི་ནི་འབལ་རིས་ཀུན་གྱི་ཐ་ཤལ་ཡིན། །བྱང་རིས་འབལ་འདྲ་དེ་ལས་ཅུང་ཟད་སྲབ། །རྩེ་མོ་སེན་ཁ་རྩ་བ་གཟོང་ཁ་ཅན། །སྐེད་པ་ཕྲ་ཞིང་ཐ་མ་མུ་འཁྱུད་ཅན། །ལྕགས་མདོག་དཀར་ལ་ཁྲོམ་པ་མདོ་ཁམས་སུ། །མཚུར་མོ་གཡང་ངེས་བསྡུས་པས་མཚུར་དཀར་ཟེར། །འདི་ཡི་རིགས་རྣམས་བཟང་ལ་གཏོགས་པ་ཙམ། །བྱང་ཤས་མཐུག་ཅིང་ཞེང་ཆེ་བྱང་མིག་ཡངས། །རྩེ་མོ་སེན་ཁ་རྩ་བ་གཟོང་ཁ་སྟེ། །འདི་ནི་ལྕགས་མདོག་ནག་པས་མཆུགས་(མཚུར)ནག་ཟེར། །རྩ་རྩེ་གཟོང་ཁ་ཕྲ་ཞིང་སྐེད་པ་རྒྱས། །དབྱིབས་ནི་ཐགས་མཁན་སྒྲོམ་བུ་ལྟ་བུ་སྟེ། །འདི་ལ་རྨེ་རུ་ཞེས་བྱ་རྨེ་འཐོར་གྱིས། །བཟོས་ཤིང་དར་བས་འདི་ཡང་འབྲིང་ཙམ་ཡིན། །རྒྱ་བྱའི་མཇུག་སྒྲོ་དཔེར་བླངས་བཟང་པོར་གྲགས། །ད་ལྟ་འདི་ན་རྒྱ་བྱི་ཞེས་ཟེར་རོ། །བྱང་རིས་རྒྱ་བྱི་ངོས་ལས་ཅུང་ཟད་ཐུང་། །སྦྲེལ་རྒྱུན་སྐེད་པ་ན་ཡོད་ལྕགས་མདོག་ནག ། འདི་ནི་རྒྱ་བྱིའི་གཡོག་ན་ལྷན་དུ་བཅོས། །དེས་ན་འདི་ལ་རྒྱ་བྱི་ཆུང་བ་ཟེར། །བཟོ་དབྱིབས་རྒྱ་མོ་མིག་འདྲ་རུང་སྲབ། །ཁ་ཅིག་འདི་ལ་རྒྱ་བྱིན(བྱི)་མིག་བཞི་ཟེར། །བྱང་སྨད་ཕྲ་ཞིང་བྱང་སྟོད་སྤང་རྒྱན་ཁ། །རྩེ་མོ་གཟོང་ཁ་སྦལ་ཐོད་གཉིས་ཀ་ཡོད། །སྦྲེལ་རྒྱུན་སྐེད་པའི་མཚམས་སོ་ནས་འཕྱང་བའི།།ཁྲབ་འདི་རྒྱ་ན་(བྱི)དཔེར་བྱ་བོད་ཡུལ་དུ། མངའ་བདག་རལ་བ་ཅན་གྱི་ནང་བློན་མཆོག །བྲན་ཀ་དཔལ་ཡོན་གྱིས་བསྒྲུབས་བཟང་བོར་གྲགས། །ལྷན་བྱང་འོག་རྒྱུན་ཞེས་ཟེར་རྒྱ་བྱིན་(བྱིར)གཏོགས། །བྱང་ཞེང་ཆེ་ཞིང་མཐུག་ལ་དཀྱུས་རིངས་པ། །རྩ་བ་གཟོང་ཁ་རྩེ་མོ་ཟུར་མེད་སྙོམས། །འདི་ནི་རྒྱ་བོད་འཁྲུགས་ཚེ་འུ་ཤིང་རྡོར། །མངའ་བདག་བཙན་པོའི་གསོལ་ཁྲབ་ལ་བཟོས་པ། །འདི་ཡི་རིགས་ལ་གཡའ་ཆེན་ཞེས་བརྗོད་དོ། །བྱང་མདོག་གཡའ་འདྲ་བཟོ་ནི་ལི་ཐིང་ལས། །རྩེ་མོ་རྣོ་ཞིང་མཐོ་ལ་བྱང་ཤས་མཐུག །ཤིན་ཏུ་མི་ཡངས་བེ་ཤིང་ལོ་མ་ལ། །དཔེ་བླངས་ཡུལ་དེར་སྦས་(དབས)རྒྱལ་སྟག་སྣ་ཅན་གྱིས་བཟོས། །དེས་ན་འདི་ལ་གཡའ་མ་བེ་ལོ་ཟེར། །གཡའ་ཆེན་གསོལ་ཁྲབ་ཡིན་ཡང་འདི་བཟང་ངོ་། །བྱང་རིས་གཡའ་མ་བཟོ་རིས་མཚུར་ནག་འདྲ། །དེ་ལས་རིང་ཞིང་ཞེང་ཆེ་མིག་ཡངས་པ། །འདི་ཡངས་ཡུལ་དེར་དབོན་ཞང་འཁྲུགས་ཀྱི་ཚེ། །དཔའ་བོའི་གོ་ལག་གཡའ་ཆེན་ལྷན་དུ་བཟོས། །འདི་ལ་མཚོ་ནག་ཅེས་གྲགས་གཡའ་མར་གཏོགས། །བྱང་རིས་གཡའ་ཆེན་ཡིན་མོད་དེ་ལས་ཕྲ། །སྲབ་ཅིང་ལྕགས་མདོག་དམར་བ་རྒྱལ་པོ་དེའི། །དམག་གི་གོ་ཆར་གཡའ་ཆེན་མཉམ་དུ་བསྒྲུབས། །དེ་ཕྱིར་གཡའ་ཕྲན་ཞེས་བྱ་དེ་ཡི་གཡོག །གཡའ་ཆེན་དངོས་ལས་ཞང་ཞུང་གཡའ་ཕྲན་ལས། །ཅུང་ཟད་ཆེ་བ་འདི་ཡང་འུ་ཤང་རྡོར། །བློན་པོ་ང་ནམ་དིང་ཆེན་གྱིས་བསྒྲུབས་པས། །ཁྲབ་འདིའི་མིང་ལ་གཡའ་མ་དིང་ཆེན་ཟེར། །བྱང་རྒྱུ་མདོག་མིག་གཡའ་མ་ཡིན་པ་ལ། །བཟོ་ནི་ཧོར་བྱི་འདྲ་ན་སྔོ་སྒོར་ཟེར། །གཞུང་ལ་སེན་རིས་ཡོད་ན་སེན་རིས་ཟེར། །སྒང་ལ་གསེར་མིག་འདུག་ན་གསེར་མིག་ཟེར། །ལྡེབས་ན་ལྕགས་འབུར་འདུག་ན་དཀར་ཐ་ཟེར། །སྦྲེལ་རྒྱུན་ལོགས་ན་འདུག་ན་ཟུར་རྒྱུན་ཟེར། །འདི་རྣམས་གཡའ་མའི་རིགས་ཡིན་དུས་མཉམ་མོ། །བྱང་རིས་སྦལ་འདྲ་སྲབ་ཅིང་སྦོམ་ཕྲ་མེད། །(རྟེན་ལ་དཔེ་བྱས་ནས་བརྡུངས། འདི་ཡང་བར་གསར་གྱི་རིས་སུ་བྱེད་ཅིང་། ལྕགས་མདོག་སྔོ་ལ་ཞག་ཆགས་པས་ཡིན་ནོ)གཞན་ཡང་ཁྲབ་རིགས་སྟོད་སྨད་ཐམས་ཅད་ནི། །བྱང་རིས་གཞན་དང་མ་འདྲེས་ཞེ་གཅིག་པ། །ཡུ་ཐུང་བྲང་འདྲ་ཕུ་ཐུང་མ་ཞེས་ཟེར། །གོང་རྟེན་འདྲ་ན་བུ་ཐུང་ཞེས་བརྗོད་ཅིང་། །རྨོག་གི་ཁ་བྱང་འདྲ་ན་རྨོག་ཐུང་ཟེར། །མདུང་སོ་འདྲ་ན་མདུང་སོ་མ་ཞེས་ཟེར། །དེ་ཡང་གཙོ་ཆེན་རྒྱུས་ཀྱི་ཁྲབ་ཀྱི་རིགས། །བཟོ་བོ་ཡུ་ཁྱད་མང་ཕྱིར་བཤད་མི་ལང་། །མདོར་ན་དམུ་ཡུ་ཕལ་ཆེར་ཕྲ་ལ་རིང་བ་དང་། །ལྕགས་མདོག་དམར་ཞིང་སྲབ་མཐུག་རན་པ་སྟེ། །མ་ངེས་པའང་ལི་ཐིང་ལ་སོགས་སྲིད། །འབལ་གྱི་རིགས་རྣམས་མཐུག་ཅིང་བྱང་གཟོང་ལེགས།།ལྕགས་མདོག་དཀར་ཞིང་འོད་ཞག་ཆག་པའོ། །ལེགས་པར་བཤད་པ་པདྨ་དཀར་པོའི་ཆུན་པོ་ལས། གོ་ཁྲབ་བརྟག་པའི་ལེའུ་སྟེ་བཅུ་གསུམ་པའོ།།(འདིར་དཔེ་རྒྱུན་གཞན་ཞིག་ནས་བཤུས་པ་མངོན་ནོ།།) ༼༨༽ ཞེས་གསལ་བ་དང་།
བཀྲ་ཤིས་རྣམ་རྒྱལ་གྱིས་བརྩམས་པའི་༼འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ལས་དཔྱད་དོན་གསལ་བའི་སྒྲོན་མེ༽་ལས། ཁྲབ་ལ་གསར་རྙིང་བརྟག་པ་དང་། གང་གི་དུས་སུ་བྱུང་བ་བཅད། །བྱང་བུའི་རིགས་ལ་ལེགས་པར་དབྱེ། །ནང་ཚན་སོ་སོར་དབྱེ་བ་བཞི། །དང་པོ་གསར་རྙིང་བརྟག་པ་ལ། །རྙིང་མ་རྣམས་ཀྱི་མཚན་ཉིད་ནི། །ཕྱི་ནི་ཁྱག་པ་འཇིབ་ལྟར་འཇམ། །ནང་ནི་དངུལ་དཀར་མེ་ལོང་འདྲ། །ལྕགས་ལ་དངུལ་སྲེས་ཡོད་ཅེས་གྲགས། །ཕྱི་ལ་སེན་རྒྱབ་ཅུང་ཟད་ཡོད། །ཤ་ཐུག་ཅུང་ཟད་ལྕི་བ་མང་། །བྱང་མགོ་ཤེལ་ཕྲེང་བརྐྱང་འདྲ་ལ། །སོར་མོས་ཉུལ་ན་འཇམ་ཞིང་སྙོམས། །ཐེའུས་བཀུག་པའི་སེན་རིས་ནི། །ལྷ་བཟོ་པིར་གྱིས་བྲིས་འདྲ་ཡོད། །བྱང་ཁ་འཇམ་ཞིང་སྲབ་མཐུག་སྙོམས། །བྱང་བུའི་འགྲམ་གཉིས་རྒྱུན་སྙོམས་ལ། །བདར་ཕྱིས་མང་བས་ཁྱོག་ཅིག་ཡོད། །བྱང་བཤམ་འགྲིག་ཅིང་སྙོམས་པ་ལ། །བྱང་ཟུར་ཅུང་ཟད་ཟླུམ་པ་ཡོད། །བྱང་མིག་ཡོ་འཁྱོག་མེད་པ་ལ། །ཡངས་ཤིང་ནང་ནི་འབྱམས་པ་ཡིན། །ལྤགས་མདོག་ཞག་ཆེ་ལྤགས་རྒྱུ་མཁྲེགས།། མཉེན་འཁྲེང་སྙོམས་པས་མཚོན་ཁར་སྲ། །སྐེད་པའི་བྱང་བུར་ཉག་སྟོན་པས། །དེ་ལ་ཀ་ཙ་སྐེ་ཉག་ཟེར། །དེ་རྣམས་(བརྟག)་དཔེར་རྙིང་མ་ཡིན། །བྱང་མགོ་འཁྲིག་ཅིང་སྙོམས་པ་ལ། །ཟུར་རྣམས་ཅུང་ཟད་རྣོ་བ་ཡོད། །སེན་རིས་གཟོང་གིས་བཀུགས་པ་ལ། །ཅུང་ཟད་སྦོམ་ཞིང་རྩིང་བ་ཡོད། །བྱང་ཁ་སྲབ་མཐུག་སྙོམས་པ་ལ། །དྲང་ཞིང་གཙང་ཤ་ཆེ་བ་ཡིན། །བྱང་མིག་ཅུང་ཟད་དོག་པ་ལ། །མིག་གི་ནང་རྣམས་རྩུབ་པ་སྟེ། །བདར་གད་ཅུང་ཟད་མི་ལེགས་ཀྱང་། །མིག་གིས་བལྟས་ན་མཛེས་པ་ཡོད། །གསེར་ཞུན་ཅན་གྱི་རིགས་རྣམས་ལ། །བྱུགས་གསེར་འབྱང་སེར་གཉིས་སུ་སྲིད། །ཁྲབ་གསར་རྣམས་ཀྱི་མཚན་ཉིད་ནི། །བྱང་མགོ་བཅུམ་ཞིང་ལྟར་མི་མཛེས། །སེན་རིས་གཟོང་གིས་ཕྲ་བར་བྲིས། །མིག་རྣམས་དོག་ཅིང་ནང་རྩུབ་པ། །ཟུར་རྣམས་མཆོག་ཏུ་རྣོ་བ་དང་། །ལྕགས་མདོག་སྔོ་ནག་ཞ་ཉེ་འདྲ། །བདར་གད་ཞུན་ཐར་མི་ལེགས་པས། །བྱང་ཤ་སྲབ་ཀྱང་ལྕི་བ་ཡིན། །གཉིས་པ་གང་གི་དུས་བྱུང་ཚུལ། །རྙིང་མ་ཆོས་རྒྱལ་ཁུ་དཔོན་དུས། །བར་རྙིང་འོད་སྲུངས་རྗེས་ཙམ་ནས། ། ཏ་སི་ཆེན་པོ་ཡན་གྱི་བར། །དེ་ནས་ད་ལྟའི་བར་གསར་མ། །གསུམ་པ་བྱང་རིགས་སྒོ་ནས་དབྱེ། །རྒྱ་བྱི་དམར་གཡུ་འབའ་གཡའ་ལ། །སྐྱ་ཆེན་ལི་དིང་མེ་རུ་བདུན། །རྒྱ་བྱི་སྤྱི་ཡི་མཚན་ཉིད་ནི། །བྱང་མགོ་ཅུང་ཟླུམ་ཐུང་བ་ལ། །སེན་རིས་ཟེ་ལ་ཉེ་ཞིང་ཕྲ། །བྱང་ཐ་ཤིན་ཏུ་སྲབ་པ་ལ། །བྱང་མིག་ཐ་ལ་ཉེ་བར་(ཕུག)། ནང་ཤ་ཐད་སོར་གནས་པ་ལ། །ཐོ་རྗེས་མི་གསལ་བདར་རྗེས་ལེགས། །ལྕགས་རྒྱུ་མཁྲེགས་ཤིང་ཅུང་ཟད་ཁྲོ། །བྱང་ཤས་ཕྲ་བའི་ཉམས་ལྡན་པས། །མིག་གིས་བལྟས་ན་མཛེས་པ་ཡིན། །དམར་གཡུ་རྣམས་ཀྱི་མཚན་ཉིད་ནི། །བྱང་མགོ་ཅུང་ཟད་སྒོར་བ་ལ། །འབལ་པས་ཅུང་ཟད་ཐུང་བའོ། །རྒྱ་བྱི་ལས་རིང་འབྲིང་བ་སྟེ། །སེན་རིས་ཕྲ་ཞིང་ཅུང་ཟད་ཐོ། །ནང་ཤ་སྲབ་ཅིང་མཐོ་རྗེས་གསལ། །ལྕགས་མདོག་དམར་ཞིང་འོད་ཆགས་པ། །ཅུང་ཟད་མཉེན་པའི་རྣམ་པ་ཅན། །བྱང་ཤས་ཕྲ་ཞིང་མིག་ཡུལ་མཛེས། །འབལ་རིགས་རྣམས་ཀྱི་མཚན་ཉིད་ནི། །བྱང་མགོ་གཞན་ལས་ཅུང་ཟད་རིང་། །སྤྱི་བོ་མཐོ་བར་མངོན་པ་ཙམ། །བྱང་ཞེང་ཅུང་ཟད་ཆེ་ཞིང་རིང་། །སེན་རིས་མ་ཆག་བསྣལ་ནས་བཀུག། སྦོམ་ཞིང་མིག་ལ་ཉེ་བ་ཡོད། །ནང་ཤ་གཞན་ལས་འཐུག་ལ་རླིངས། །བལྟས་ཚེ་ཟིལ་བ་ཆགས་པ་སྙམ། །ལྕགས་མདོག་དཀར་ཞིང་འོད་ཆགས་པ། །ཕོ་ལྕགས་མོ་ལྕགས་སྦྱོར་སྡེ་ལེགས། །མིག་ངོར་མཛེས་ཤིང་ཅུང་ཟད་ལྕི། །མཚོན་གྱི་སྟེང་དུ་ལྷག་པར་སྲ། །གཡའ་མ་རིགས་ཀྱི་མཚན་ཉིད་ནི། །བྱང་མགོ་ཅུང་ཟད་རིང་བ་ལ། །བྱང་སྟོད་གཞན་ལས་ཅུང་ཟད་སྒོར། །སེན་རིས་དམའ་ཞིང་ཡ་ཆགས་བསྣལ། །འབལ་གྱི་སེན་རིས་ལས་ཀྱང་སྦོམ། །བྱང་བུ་ཕྱི་ན་ནང་ཐད་སོར་གནས། །དཔེར་ན་གཡའ་མ་ཇི་བཞིན་ནོ། །ལྕགས་རྒྱུ་ལྕགས་མདོག་འབལ་དང་མཚུངས། །ཐར་བཞུན་མཆོག་ཏུ་ལེགས་པ་སྟེ། །བྱང་བུ་གཞན་བས་ཆེ་བ་ཡིན། །གོན་པ་ཡང་ཞིང་སྲ་ཚན་ཆེ། །སྐྱ་ཆེན་རྣམས་ཀྱི་མཚན་ཉིད་ནི། །བྱང་མགོ་སྒོར་ཞིང་ཐུང་བ་དང་། །སེན་རིས་ཅུང་ཟད་ཐོ་བ་ཡོད།། བྱང་ཤ་སྲབ་ཅིང་བྱང་བུ་སྦུབ། །ཞེང་ཆེ་དཀྱུས་རིང་ཅུང་ཟད་སྒུར། །མིག་གི་ཡུལ་དུ་མི་མཛེས་ཤིང་། །བྱང་ཡུག་རིང་བས་གོན་མི་བདེ། །ལི་དིང་རྣམས་ཀྱི་མཚན་ཉིད་ནི། །རྨོག་གི་ཁ་བྱང་རིགས་ནས་མཆེད། །བྱང་མགོ་གྲུ་བཞི་ཡིན་པ་ལ། །ཟུར་ཟླུམ་སེན་རིས་ཕྲད་ལ་བཏབ། །ཟེ་ལ་ཉེ་བ་འགའ་རེ་སྲིད། །ཕྱི་ལ་ཤུལ་ཤ་ཆགས་པ་དང་། །ནང་ཤ་ཐད་སོར་གནས་པ་ཡོད། །བཞི་བ་ནང་ཚན་དབྱེ་བ་ནི།། རྒྱ་བྱི་ལ་ནི་དགུ་ཡིན་ཏེ། །རྒྱ་བྱི་ཆེན་པོའི་མཚན་ཉིད་ནི། །བྱང་ཡུག་རིང་ཐུང་སོར་བཞི་ཙམ། །བྱང་ཞེང་ཅུང་ཟད་ཆེ་བ་ཡིན། །རྩ་རྩེ་ཆུང་ཞིང་ཤུལ་ཤ་ཆགས། ། བརླིང་ཞིང་ཡིད་དུ་འོང་བ་ཡོད། །འབྲིང་བོ་དེ་བས་ཕྲ་བ་ལ། །སྟོད་སྨད་ཞུམ་ཞིང་ཤུལ་ཤ་ཅན། །བྱང་བུ་ཡིད་དུ་འོང་བ་ཡོད། །ཆུང་བ་བྱང་ཤ་སྲབ་པ་དང་། །ཕྱི་ལ་ཤུལ་ཤ་ཡོད་པ་ལ། །བྱང་མགོ་རིང་ཞིང་གྲུ་བཞི་ཅན། །ཟུར་ཆག་ཅུང་ཟད་ཡོད་པ་ནི། །སྨད་ཞུམ་བྱང་ཤད་ཕྲ་བ་ལ། །སྲ་བཙན་ཆུང་བས་ངན་པར་གྲགས། །སྲེ་མོ་མགོ་ནི་བྱང་མགོ་རིང་། །སྤྱི་བོ་སྙུང་ལ་ཤུལ་ཤ་སྲབ། །ཤུལ་ཤ་བྱུང་ན་བཟང་བ་ཡིན། །རྩེ་མིག་གཉིས་མགོ་ཐ་གཉིས་སུ། །སྐེ་ཉག་ཡོང་བ་ཞིག་ལ་ཟེར། །ལྡན་བྱང་འོག་རྒྱུན་ཞེས་པ་དང་། །བྱང་མགོ་ཤིན་ཏུ་རིང་བའི་མགོ། །སྦྲེལ་རྒྱུན་གོང་མ་གས་པ་དང་། །སེན་རིས་ཉིས་རིམ་ཟླ་ཚེས་དབྱིབས། །རྒྱལ་མོ་འོག་རྒྱུན་ཞེས་པ་ནི། །སྦྲེལ་མིག་འོག་མའི་མིག་གཉིས་སོ། །ཚེམས་མིག་འོག་ཏུ་ཕུག་པ་ཡིན། །ཟུར་རྒྱན་མ་ཞེས་བྱ་བ་ནི། །མིག་རྣམས་ཟུར་ལ་ཕུག་པ་ཡིན། །རྒྱལ་མོ་མིག་བཞི་བྱང་མིག་བཞི། །བྱང་བུའི་གཞུང་ལ་སྦྲེངས་བྱས་ཕུག །དང་པོ་གསུམ་པའི་སྦྲེལ་རྒྱུན་བྱེད། །གཉིས་པ་བཞི་བ་འཕྲོ་ལ་རྩེན། །རྒྱུན་མི་གསལ་ཞེས་བྱ་བ་ནི། །བྱང་བུའི་ཞིང་ལ་སུམ་ཆ་བྱས། །མིག་ཅན་ཆ་གཉིས་མིག་མེད་པའི། །གསུམ་ཆ་གཅིག་གི་མནན་པ་སྟེ། །བྱང་བུ་འབའ་ཞིག་མ་གཏོགས་པ། །ཕྱི་ལ་རྒྱུན་བུ་མི་གསལ་ཡིན། །འོག་རྒྱུན་ཟུང་རྒྱུན་མིག་བཞི་བ། །རྒྱུན་མི་གསལ་ལ་སོགས་པ་ནི། །དམར་གཡུའི་རིགས་ལའང་འབྱུང་བས་ན། །ཕྱི་ཡི་རྟགས་ལ་དཔྱད་པར་བྱ། །དམར་གཡུའི་རིགས་ནི་ཉི་ཤུ་ཡོད། །དམར་གཡུ་དངོས་ཀྱི་མཚན་ཉིད་ནི། །བྱང་ཡུག་སོར་བཞི་བྱང་མགོ་སྒོར། །བྱང་ཤས་ཕྲ་ལ་ཤུལ་ཤ་ཅན། །དེ་ལས་ཐུང་བ་རྐང་ཐུང་ཡིན། །མཆོག་དཀར་རྩེ་དང་དེའི་གཡས་གཡོན། །ཟུར་གཉིས་སུམ་ཆར་བཅད་པ་སྟེ། །དྲ་ཆོད་དྲ་རིས་བཅད་འདར་བའི། །བྱང་མགོ་རྦད་བཅད་ཅིག་ལ་ཟེར། །མཆོག་དཀར་དྲ་ཆོད་གཉས་ལ་ནི། །ཤུལ་ཤ་བྱུང་ན་བཟང་བ་ཡིན། །མཚོ་ཆེན་བྱང་མགོ་གྲུ་བཞི་ཡི། །ཟུར་བཅག་བྱང་ཞིང་ཆེ་བ་དང་། །རྒྱབ་ཤ་ཐད་སོར་གནས་ལ་ཟེར། །སེན་རྒྱབ་བྱང་མགོ་སྦུབ་པ་དང་། །བྱང་བུའི་གཟུགས་ཀྱང་སྦུབ་ཆགས་པ། །སེན་མོའི་རྒྱབ་དང་འདྲ་བ་ཡིན། །ཁ་ཅིག་སྒྲོ་རྐང་མ་ཡང་ཟེར། །སེན་རིས་ཞེས་པ་རྒྱབ་གཞུང་ལ། །སེན་རིས་ཉིས་རྩེགས་གསུམ་རྩེགས་ཡོད། །བྱེ་ཤིག་ཆེ་བ་ཟབ་པ་ལ། །ཕྲ་ཞིང་བྱང་མགོ་ཅུང་ཟད་ཉུང་། །ཚེམ་མིག་འཚམས་ནས་སྟོད་སྨད་ཞུམ། །བྱེ་ཤོག་ཆུང་བ་དེ་བས་ཆུང་། །ཉ་འདྲ་བྱང་མགོ་རིང་ཞིང་སྙུང་། །ཉ་ཡི་མགོ་དང་འདྲ་བ་ལ། །བྱང་ཤས་ཅུང་ཟད་ཞུམ་པ་ཡོད། །ཕྲ་ཞིང་ཐུང་ན་ཉ་ཕྲ་ཆུང་། །ཤ་རྐང་མཆོག་ཏུ་རིང་ཞིང་སྦོམ། །རྒྱབ་ལ་སྦུབ་ཅིག་ཡོད་ན་ཡིན། །ཕྲ་ཞིང་རིང་བ་དགེ་རྐང་ཡིན། །འབལ་གཡེར་བྱང་བུའི་ཟུར་བཞི་བཅད། །ཟུར་བརྒྱད་ལྟ་བུ་ཞིག་ལ་ཟེར། །འབུར་མེད་བྱང་མགོ་རིང་བ་ལ། །བྱང་བུའི་བཤམས་ཕྱོགས་ཞིང་ཆེ་བའི། །ཟུར་གཉིས་བཅད་པ་དག་ལ་ཟེར། །དམར་འབལ་འདྲེས་པའི་རིགས་ཅན་དེ། །ནང་གི་རྟགས་རྣམས་དམར་གཡུ་ལ། །ཕྱི་ཡི་རྟགས་རྣམས་འབལ་དང་འདྲ། །དམར་གཡུ་རྒྱལ་མོ་མིག་བཞི་དང་། །འོག་རྒྱུན་ཟུར་རྒྱུན་མི་གསལ་་་། །དམར་གཡུའི་མཚན་ཉིད་ལྡན་པ་ལ། །རྒྱ་བྱིའི་སྐབས་སུ་བཤད་པ་བཞིན། །འབལ་ལ་བྱང་རིགས་བཅུ་གསུམ་ཡོད། །འབལ་དངོས་བྱང་ཡུག་མཁྱུད་རིས་ཙམ། །བྱང་ཞང་ཆེ་ཞིང་བྱང་རྒྱབ་ལ། །ཤུལ་ཤ་མངོན་ཙམ་ཡོད་པ་ཡིན། །དེ་ལས་ཕྲ་ཞིང་ཐུང་བ་ལ། །འབལ་ཕྲན་ཞེས་སུ་གྲགས་པ་ཡིན། །ཚུར་དཀར་བྱང་ཤས་ཐུང་བ་ལ། །ཤུལ་ཤ་མེད་པའི་སྲབ་ལ་ཟེར། །སྐྱ་འབལ་ཞེས་སུ་ཁ་ཅིག་འབོད། །ལ་ལ་འབལ་དཀར་ཞེས་ཀྱང་ཟེར། །ཚུར་ནག་ཡུལ་རིང་ཞིང་ཆེ་ཞིང་། །རྒྱབ་ཤ་འཐུག་ལ་ནག་ངམ་ཡོད། །འགའ་ཞིག་+ཅེས་སུ་འདོགས། །ཝ་སྣ་བྱང་མགོ་རིང་བ་ལ། །སྤྱི་བོ་སྲེ་མ་མགོ་ལྟར་རྣོ། །སེང་མགོ་བྱང་བུའི་མགོ་ལ་ནི། །བབ་ལེའི་དབྱིབས་ལྟར་ཡོད་པ་ཡིན། །དྲ་ཆོད་དང་ནི་སེན་རིས་གཉིས། །ངོ་བོ་འབལ་དུ་ཡོད་པ་ལ། །དམར་གཡུའི་སྐབས་སུ་བཤད་ལྟར་ཡིན། །རྟ་སོ་སྐེད་པར་རྟག་གསུམ་ཡོད། །ཁྱི་སོ་སྐེད་ལ་ཉག་གཉིས་ཡོད། །ཡ་རྩེ་ཁོང་སྐྱོག་གཡས་གཡོན་དུ། །མ་འགྲིགས་ཉན་རེ་ཡོད་པ་ཡིན། །སྲེ་མོ་སྐེ་ནི་ཞིང་ཆེ་ཞིང་། །སྤྱི་བོ་ཉུང་ལ་གཡས་གཡོན་དུ། །འགྲིག་པའི་སྐེད་ཉག་ཡོད་ལ་ཟེར། །འབལ་དམར་ནང་གི་ཤ་སེན་ནི། །འབལ་འདྲ་བྱང་མགོ་བྱང་ཞིང་ཆེ། །དམར་གཡུ་ལྟ་བུ་འདྲེས་ལ་ཟེར། །གཡའ་མ་ལ་ནི་རིགས་བདུན་ཡོད། །གཡའ་ཆེན་བྱང་ཞིང་ཆེ་ཞིང་རིང་། །བྱང་མགོ་ཅུང་ཟད་ཡིད་ཙམ་ཟླུམ། །དེ་ལས་ཐུང་ཕྲ་་གཡའ་ཕྲན་ཡིན། །ཁ་ཅིག་གཡའ་འབལ་མིང་དུ་འབོད། །དངོས་སྒོར་དེ་བས་བྱང་མགོ་ཟླུམ། །བྱང་ཡུག་ཐུང་བ་ཞིག་ལ་ཟེར། །བྱང་སྨད་ཅུང་ཟད་ཞུམ་པ་ཡིན། །བྱང་ཤ་ཕྱི་རང་སྲབ་པ་ཡོད། །ལ་ལ་མཚོ་དཀར་དག་དུ་འདོགས། །མཚོ་ནག་དེ་ལས་བྱང་ཤ་འཐུག །དིང་ཆེན་བྱང་བུ་དེ་བས་སྦུབ། །བོ་ལོ་དེ་བས་རྩེ་མོ་སྙུང་། །དཀར་ཐོར་ཅན་ནི་འབྲུམ་ཅན་ཡིན། །ལེ་རུ་ལ་ནི་རིགས་གསུམ་ཏེ། །མེ་རུ་ཆེ་བ་འབལ་ཙམ་ལ། །བྱང་བུ་རླིང་ཞེས་མཛེས་པ་དང་། །རྒྱབ་ལ་ཤུལ་ཤ་ཆགས་པ་ཡོད། །དེ་ལས་ཐུང་ཞིང་སྲབ་པ་ན། །ལེ་རུ་ཆེ་བ་ཟེར་བ་ཡིན། །གཞའ་མེར་ཞེས་པ་ཤིན་དུ་ཐུང་། །ཞང་ཆུང་ཤུལ་ཤ་ཅུང་ཟད་ཆགས། །གཞན་དག་མི་རུ་རྐང་ཐུང་ཟེར། །སྐྱ་ཆེན་ལ་ནི་རིགས་གསུམ་ཏེ། །བྱང་ཞིང་ཆེ་ཞིང་བྱང་ཡུག་རིང་། །དེ་ལ་སྐྱ་ཆེན་ཟེར་བ་ཡིན། །དེ་ལས་ཕྲ་ཞིང་ཐུང་བ་ལ། །སྐྱ་ཕྲན་ཞེས་སུ་འབོད་པ་ཡིན། །སྐྱ་ཕྲན་གོ་ཅོག་ཅེས་པ་ནི། །བྱང་མགོ་རིང་ཞིང་ཅུང་ཟད་སྙུང་། །གོང་བས་བྱང་ཞིང་ཆུང་བ་དང་། །སེན་རིས་རྩེ་ལ་ཉེ་བ་ཡིན། །ལི་དིང་རྣམ་པ་གསུམ་ཡིན་ཏེ། །ཆེ་བ་གོན་ཁྲབ་ལ་སྔགས་ཤིང་། །དེ་བས་ཆུང་ན་ཆུང་བ་ཟེར། །སྟོད་ཁྲབ་དག་ལ་སྔགས་པ་ཡིན། །དམར་གཡུ་ལི་དིང་ཞེས་པ་སྟེ། །ངོ་བོ་ལི་དིང་ཡིན་པ་ལ། །བྱང་ཡུག་དེ་བས་རིང་བ་སྟེ། །བྱང་སྨད་ཞུམ་ཞིང་ཕྲ་བ་ཡིན། །བར་རྙིང་ཕན་ལ་ཁྲབ་རིགས་ཀྱི། །དབྱེ་བ་འབྱེད་པ་སླ་བ་ཡིན། །གསར་བ་མགར་བ་མི་མཁས་པས། ཁྲབ་རིགས་འདྲེས་པའི་རིགས་སུ་བརྡུང་། །འོན་ཀྱང་མཁས་པས་ཞིབ་ཏུ་དཔྱད། །ཤོལ་རྣམས་ལི་དིང་རྗེས་སུ་འགྲོ། །དེ་བས་ཅུང་ཟད་སྨད་རྒྱས་ཤིང་། །བྱང་མགོ་རྣོ་བར་མངོན་ཙམ་ཡིན། །ཤོལ་ཆེན་ཤོལ་རོག་ཤོལ་ཆུང་གསུམ། །བྱང་བུ་ཆེ་འབྲིང་ཆུང་གི་དབྱེ། །༼༩༽ཞེས་གསལ་ཞིང་། ཡི་གེ་མ་དག་པ་དང་ཆད་ལྷག་རེད་སྙམ་པ་མང་པོ་ཞིག་སྣང་ཡང་། མ་ཡིག་སོར་བཞག་ལས་རང་བཟོའི་སྙུག་ཁ་ཁབ་རྩེ་ཙམ་ཡང་རེག་མེད་དོ།།
གོང་འཁོད་ཀྱི་ནང་དོན་དག་ལས་བོད་ཁྲབ་ཀྱི་ལོ་རྒྱུས་དང་རྒྱུ་ཆ། ཇི་ལྟར་དར་ཚུལ་གྱི་ལོ་རྒྱུས་དང་། མགར་བཟོ་སོགས་ཀྱི་གནས་ཚུལ་མདོར་བསྡུས་ཤིག་རྒྱུས་ལོན་བྱེད་ཐུབ་ཅིང་། གོང་གི་ཁྲབ་ཡིག་དེ་དག་གི་ཚིག་རིས་ལ་བརྟགས་ན། ༼མདོ་དྲི་མེད་གཟི་བརྗིད༽་ནང་གི་ཁྲབ་ཀྱི་བཤད་ཕྱོགས་ནི་ཧ་ལམ་མངའ་རིས་ས་ཁུལ་ནས་དར་བ་འདྲ་ཞིག་བཤད་ཡོད་དེ། ད་དུང་དེ་ནང་གི་ཚིག་རིས་འགའ་ཤས་ནི་བརྡ་རྙིང་ཡིན་པ་དེར་བལྟས་ཀྱང་གཞན་གཉིས་ལས་འདི་བརྩམས་སྔ་བ་ཡིན་ནམ་སྙམ་པ་ལས། ཁམས་སྟོན་དང་བཀྲ་ཤིས་རྣམ་རྒྱལ་གཉིས་ཀྱི་ལོ་རྒྱུས་ཞིབ་ཆ་མ་རྙེད་པས་རེ་ཞིག་སུའི་དེ་སྔ་མིན་གསལ་བོར་བཤད་དཀའ་འོ།། དཔེ་ཆ་འགའ་རེ་ལས་སྒམ་པོ་བཀྲ་ཤིས་རྣམ་རྒྱལ་ཞེས་བྲིས་ཡོད་པར་གཞིགས་ན་བཀྲ་ཤིས་རྣམ་རྒྱལ་ནི་དྭགས་ལྷ་སྒམ་པོ་ནས་ཡིན་ནམ་སྙམ་པ་ཙམ་ལས་ཤེས་མ་བྱུང་། ཁྲབ་ཀྱི་ཐོབ་ཐང་སྐོར་གོང་འཁོད་ཀྱི་དེ་དག་ལས་གཞན་༼ཨ་གྲགས་གཟི་རྫོང་༽དུ་ཡང་ཅུང་གསལ་ཞིང་། དེས་ན་སྐབས་འདིར་ང་ཚོས་༼ཨ་གྲགས་གཟི་རྫོང་༽་ནང་དུ་འཁོད་པའི་ཁྲབ་ཀྱི་ཐོབ་ཐང་སྐོར་ཇི་ལྟར་ཡིན་མིན་གསལ་བོར་རྟོགས་པའི་ཕྱིར། འདིར་དེ་ཡང་ཆ་ཚང་ཞིག་འགོད་པར་བྱ་སྟེ། དེས་ན་༼ཨ་གྲགས་གཟི་རྫོང་༽ལས་འདི་ལྟར་འཁོད་ཡོད་དེ། གེ་སར་རྒྱལ་པོའི་རྨོག་སྟེང་གི་རུ་དར་ནི་སེར་པོ་ཡིན་ལ། གསེར་ཁྲབ་བྱང་མིག་དགུ་བ་ཡིན། ལྗང་ཁྲི་གུང་རྫོང་དང་གསེར་བ་ཉི་འབུམ་ལྟ་བུ་ཡིན་ན། དངུལ་ཁྲབ་བྱང་མིག་བརྒྱད་པ། རྨོག་གི་རུ་དར་ནི་དམར་པོ་ཡིན། མོན་སྤྱང་རིན་ཆེན་རྒྱལ་མཚན་ལྟ་བུ་ཡིན་ན། དུང་ཁྲབ་བྱང་མིག་བདུན་པ། རྨོག་གི་རུ་དར་དཀར་པོ་ཡིན། སྟག་རོང་གཟིག་རོང་སྤྱང་རོང་གསུམ་ལྟ་བུ་ཡིན་ན། ཟངས་ཁྲབ་བྱང་མིག་ལྔ་བ། རྨོག་གི་རུ་དར་དམར་པོ་ཡིན། ཁྲོ་ཐུང་སྐྱ་ལོ་སྔོ་ལོ་སོགས་ཀྱི་ཁྲབ་ནི། དངུལ་ཁྲབ་བྱང་མིག་བདུན་པ། རྨོག་གི་རུ་དར་ལྗང་ཁུ་ཡིན། དཀར་རུ་ཉི་མ་རྒྱལ་མཚན་གྱི་ཁྲབ་རྨོག་ནི། ལྕགས་ཁྲབ་བྱང་མིག་དགུ་བ་ཡིན་ཞིང་། རྨོག་གི་རུ་དར་ནི་ཁྲ་བོ། འདན་མ་རོང་མ་ཟིལ་མ་སོགས་ཀྱི་ཁྲབ་རྨོག་ནི། གཡུ་ཁྲབ་བྱང་མིག་བཅུ་བ་ཡིན་ལ། རྨོག་གི་རུ་དར་སྔོན་པོ་བཅས་ཡིན། ༼༡༠༽ ཞེས་གསལ་བ་དེ་ཙམ་ལས་གཞན་ད་ཕན་ངེད་ཀྱིས་རྙེད་མ་བྱུང་། ཚེམ་ཚེམ་གྱི་རིགས་དེ་ཁྲབ་ཀྱི་སྐོར་ཡིན་ཡང་། གོང་འཁོད་ཀྱི་༼མདོ་དྲི་མེད་གཟི་བརྗིད༽་དུ་བཤད་པ་དེ་ལས་གཞན་ཁམས་སྟོན་དང་བཀྲ་ཤིས་རྣམ་རྒྱལ་གཉིས་ཀྱིས་བརྩམས་པའི་༼ཁྲབ་བཤད་༽ལས་མི་གསལ། རྒྱུ་མཚན་ཅི་ཡིན་ཞིབ་པར་མ་ངེས། གཅིག་བྱས་ན་ཁྲབ་བྱ་བའི་ཐ་སྙད་ཀྱི་ཁོངས་སུ་མ་གཏོགས་པ་མིན་ནམ་སྙམ། ༼མདོ་དྲི་མེད་གཟི་བརྗིད༽་དུ་ཁྲབ་ལ་གོ་ཞེས་པའི་ཐ་སྙད་དེ་བེད་སྤྱོད་བཏང་ཡོད་པ་མང་ཞིང་། ཁྲབ་བྱ་བའི་ཡི་གེ་ནི་ཉུང་ཙམ་ལས་འཁོད་མེད། ཚེམ་ཚེམ་ལ་ཙེམ་ཙེམ་ཡང་ཟེར་མོད་འདམ་ང་ཡིན། ༼དུང་དཀར་ཚིག་མཛོད་༽དུ། གཡུ་ཡི་གཡུང་དྲུང་ནི། གཡུ་ལ་གཡུང་དྲུང་བརྐོས་པའི་བྱང་བུ་སྟེ། བཙན་པོའི་དུས་སྐབས་སུ་བྱ་དགའི་རྟགས་མར་གནང་བའི་བྱང་བུ་ལ་རིམ་པ་མཐོ་དམན་བདུན་གཡུ། གསེར། དངུལ། ཕྲ་མེན། ཟངས། ལྕགས་སོགས་ཡོད་པའི་ནང་ནས་མཐོ་ཤོས་ནི་གཡུ་ཡི་བྱང་བུ་ཡིན་ཅིང་། དེ་ནི་རྒྱལ་པོའི་བླ་མཆོད་དང་། དགུང་བློན་ཆེན་པོ་ལ་མ་གཏོགས་གནང་སྲོལ་མེད། ༼༡༡༽ ཅེས་ཁྲབ་ཀྱི་སྟེང་ལ་གཡུ་ཡི་ཕྲ་བཏབ་པ་ལྟ་བུ་ཞིག་ཡོད་ཚུལ་དང་། དེ་ནི་ཐོབ་ཐང་མཐོ་ཤས་ཀྱི་རྟགས་ཤིག་ཡིན་པར་བཤད་ཀྱང་། ད་ཕན་བདག་གིས་ཁྲབ་རྙིང་དངོས་སུ་མཐོང་བ་དེ་དག་ལས་འདི་འདྲ་ཞིག་ཡོད་པར་མཐོང་མ་མྱོང་བས། རེ་ཞིག་འདིའི་སྐོར་བཏང་སྙོམས་སུ་འཇོག་པ་ལས་ཞིབ་ཏུ་བརྗོད་དཀའ་འོ།། དམར་རྫ་སྒང་ནི། ༼བོད་རྒྱ་ཚིག་མཛོད་༽ལས། ཨ་མདོ་རྨ་ཆུ་ནས་ལྷོར་ཕྱིན་ཏེ་ཤར་ཟླ་ཆུའི་ཤར་ཕྱོགས་ས་ཁུལ་སྟོད་རྒྱུད། དེང་སྐབས་མགར་ཐར་ཡན་ཆད་ཀྱི་སྤྱི་མིང་།༼༡༢༽ཞེས་གསལ། སྨར་ཡུལ་དང་དམར་ཡུལ་དོན་གཅིག་ཡིན་པར་བཤད་པའང་མཆིས། གཞན་༼དུང་དཀར་ཚིག་མཛོད་༽དུ། ཁྲབ་ཐུང་བ་ནི། གནའ་རབས་བོད་མིའི་དམག་ཆས་རྨོག་དང་ཁྲབ་ཐུང་བའི་གྲས་གྱོན་པ་སྟེ། ཁྲབ་རིང་བའི་སྟོད་གོས་ཀྱི་ཁྲབ་ནི་ལག་མགོའི་རྩེ་བར་དང་སྨད་དུ་པུས་མོ་གྲོལ་ཙམ་བར་ཡོད་ཅིང་། ཁྲབ་ཐུང་བའི་སྟོད་ཁྲབ་ནི་ལག་པའི་གྲུ་མོའི་རྩེ་བར་དང་། ཐུང་བའི་སྨད་ཁྲབ་ནི་པུས་མོའི་མགོ་ཟིན་ཙམ་ལས་མེད་པ་དེ་གྲས་ཡིན།༼༡༣༽ཞེས་གསལ་བའི་ཁྲབ་ཐུང་དེ་འདྲ་དེང་སང་ཡང་མིག་ལམ་དུ་སྣང་ཞིང་། ཀོང་པོའི་ཁོག་ཏུ་འདིའི་རིགས་བེད་སྤྱོད་པ་མང་ཞིང་། གཡུལ་འཁྲུག་ནང་དུ་དཔའ་པོ་ཚོས་སྤྱིར་བཏང་འདིའི་རིགས་གྱོན་པར་བཤད་དོ།།
དེ་ལྟར་གོང་དུ་ཁྲབ་དར་ཚུལ་དང་། ཁྱད་ཆོས། རྒྱུ་ཆ་སོགས་བརྗོད་པ་དེ་དག་ལས་བོད་ཀྱི་གོ་ཁྲབ་ལ་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ཤེས་ཐུབ་ཅིང་། ད་དུང་འདི་གཅེས་ཉར་བྱེད་སྟངས་ལའང་གོ་རིམ་དང་མན་ངག་གི་ལག་ལེན་དུ་མ་ཞིག་ཡོད་པར་གསལ་ཏེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་༼རིག་པ་བཟོ་གནས་ལས་ཚོགས་པྲ་ཕབ་འོད་ཀྱི་སྣང་བརྙན༽་བྱ་བ་ལས། ཁྲབ་ཕྱི་བའི་ལག་ལེན་ཞིབ་པར་ནི། ཁྲབ་ཕྱི་བ་འདི་ལ་སྐྱ་ཕྱིས་སྔོ་དམར་ཕྱིས་གཉིས་ཡོད་པས། དང་པོ་སྐྱ་ཕྱིས་ནི། གསོམ་གྱི་པང་ལེབ་ཞེང་སོར་བཞི་དཀྱུས་ཁྲུ་དོ་ཡོད་པར། དོམ་ལྤགས་སྤུ་མེད་ཚད་མ་སྦྱོར། བསྡམ་ཐག་ཐི་གུ་དང་བཅས་པས་ཕྱིས་ཕྱིར། རིལ་མའི་སོལ་དོག་ཞིབ་པ་ལ་ལྕགས་དྲེག་བསྲེས་པ་ཕྲན་བུ་བྱང་བུའི་རྩེ་དྲེག་པ་དང་བསྟུན་ཕྱིས་ཤིང་ཁར་རྒྱང་ཐེངས་གཅིག་གཉིས་ཙམ་བྱས་ངོས། བསིལ་དྲོད་སྙོམས་པར་ཤད་འབྲིང་བཏང་སྙོམས་པར་ཤད་འབྲིང་བཏང་སྙོམས་ཀྱིས་གང་དག་བྱེད་པར། ཁྲབ་སློག་རེར་སྐྱ་ཕྱིས་ཀྱི་ཕྱིས་ཕྱེ་རིལ་སོལ་ཞིབ་བཏགས་མཁར་བྲེ་ལྔ་ཙམ་འགྲོ་བར་ཕྱི། དེ་རྗེས་དམར་ཕྱིས་ཀྱི་རྫས་ལུག་ཤིག་ཙམ་རེ་ཕྱིས་ཤིང་གོང་མཚུངས་གསར་པ་ཞིག་གི་ཐོག་ཏུ་བཞག་ངོས། གོང་གི་སྐྱ་ཕྱིས་གྲུབ་པ་གཅིག ཤིང་སྐམ་ལ་སྐྱོན་པའི་ཉི་གྲིབ་མཚམས་ལྟ་བུའི་བསིལ་དྲོད་སྙོམ་པར། ཤད་ཆེ་ཆུང་གང་སྙོམས་ཀྱིས་བྱང་བུའི་རྩེ་ནས་བ་འདེད་ཀྱི་གཞོགས་ལྟར་རྒྱུད་མཚམས་མ་ལུས་པར་དམར་བཀོད། གཞོགས་གཅིག་པོ་ལ་དམར་གྱི་ར་མཆིན་གྱི་མདོག་ལྟར་ཤིན་ཏུ་མཐུག་མདོག་ཁ་བ་བྱུང་བསྟུན། སླར་བྱང་བུ་ཁ་ཕྱོགས་བསྒྱུར་བའི་གཞོགས་གཅིག་པོར་དམར་གོང་བཞིན་ཤད། ཕྲན་བུ་མ་རྒྱུག་པ་བྱུང་ན། ཕྱིས་གདན་ཁར་མར་རྙིང་དྲི་ཐོན་རེ་ཙམ་བརྒྱབ་པའི་ཕྱིས་མཚམས་གང་ལུས་སུ་བཀོད་མཁས་བྱེད་དོ།། དམར་ཕྱིས་ཀྱི་རྫས་སྨན་ནི། ཙན་དན་དམར་པོ། གྷི་ཝང་། གསེར་མདོག གུར་གུམ་རྣམས་ཆ་མཉམ། ཛཱ་ཏི། ལི་ཤི། སེའུ་འབྲུ་གོང་གི་རྫས་རེ་རེའི་ཕྱེད་ཆའི་རྩིས། གླ་རྩི། དོམ་མཁྲིས་གཉིས་ཕྱི་མའི་ཕྱེད་ཆ་རེའི་ཚད། པི་པི་ལིང་། སུག་སྨེལ་གཉིས་ཛཱ་ཏི་ལྟ་བུ་ཕྱེད་རེའི་ཚད། དེ་རྣམས་སོ་སོ་ཞིབ་པར་བཏགས་ལ་གཅིག་ཏུ་བསྲེས། ལྕག་དྲེག་ཆུ་ལ་བསིང་བ་ཞིབ་པར་བཏགས་ནས། གོང་གི་སྨན་བཞི་འགྱུར་གོང་མཉམ་དང་། སྨན་དེ་རྣམས་བསྲེས་ནས་ཡུད་ཙམ་གཉིས་མཉེས་པའི་སྨན་ཚག་ལ་བཙག་པའི་ཕྱི་མདོག་དམར་སྨུག་འགྲིག་འགྲོ་ཡང་། དམར་སྐྱོན་བྱུང་ན་དོམ་མཁྲིས་དང་། སེར་སྐྱོན་བྱུང་ན་ཙན་དན་སྣོན། ཁྲབ་སློག་གཅིག་ལ་ཕྱི་འགྲོ་མི་འགྲོ་འབྲིང་ཞིག་ལ་ཆ་བཞག་ན། སྨན་ངང་བའི་སྒོ་ང་གང་ཙམ་གྱིས་་་་ལྡང་། ཡང་ཡུན་ཧུར་ཐག་ཆེ་ཆུང་འབྲིང་ལ་ཆ་བཞག་ན། མི་བཞི་བཅུས་ཟླ་གཅིག་ལ་ཚར་བ་བྱས་ཚེ། དམར་སྨུག་མཆིན་པ་མདོག་ལ་མེ་ལོང་གཟུགས་བརྙན་འཆར་ཞིང་། ཕྱིས་ཀྱང་མི་བཙའ་མི་གཡའ་བ་ཡོང་བ་ཡིན། ༼༡༤༽ཞེས་གསལ་བ་དེ་ལས་གནའ་དུས་སུ་གོ་ཁྲབ་ལ་བརྩི་མདང་དང་གཅེས་ཉར་གང་འདྲ་རྩ་ཆེན་བྱེད་མིན་གསལ་བོར་ཤེས་ཐུབ་བོ།།

ངས་རྨོག་དང་ཁྲབ་ཀྱི་དཔྱད་རྩོམ་འདི་དག་བྲི་བཞིན་པའི་སྐབས་སུ་ནམ་རྒྱུན་གནའ་ཡི་ཁྲབ་དང་ཡོབ་སོགས་ཀྱི་བརྙན་དེབ་མང་པོ་ཞིག་ལ་དཔྱད་གཞིའི་ཆེད་དུ་བལྟས་པ་ཡིན། ཐེངས་ཤིག་ལ་ངས་ཡོབ་དང་ཁྲབ་སོགས་ཀྱི་ངོ་སྤྲོད་དཔེ་དེབ་ཅིག་བལྟ་བཞིན་པའི་སྐབས་སུ། ངའི་ཧྲང་ཧེའི་གྲོགས་པོ་ཞོ་སྦྱིན་བདག་( 晓总)ལགས་སླེབས་པ་དང་འཁེལ་བྱུང་བས། ཁོས་ངས་ལྟ་བཞིན་པའི་དེབ་དེར་བལྟས་ནས། འདི་ཅི་རེད་ཟེར། ངས་ཡོབ་རེད་ཅེས་པ་ན། ཁོས་ལམ་སེང་རྟ་ཞོན་སྤྱད་ཀྱི་ཅ་ལག་དེ་རེད་དམ་ཞེས་གདོང་ལ་འཛུམ་ཞིག་བསྟན་ཏེ། ཁྱེད་ཀྱིས་ད་དུང་འདི་དག་ལ་ཞིབ་འཇུག་བྱེད་བཞིན་པ་ཡིན་ནམ། ཅ་ལག་འདི་དག་ཞིབ་འཇུག་བྱས་ནས་ད་ལྟ་ཅི་ཕན་པ་རེད་ཅེས་ང་ལ་ཟུར་ཟ་དང་བཅས་ལན་སྤྲད་བྱུང་། ངས་ཁོ་ལ་རྒྱ་སྐད་དུ་ཡོབ་ལ་马镫ཟེར་བ་རེད། ད་ལྟ་ལོ་རྒྱུས་ཞིབ་འཇུག་གི་རྒྱུ་ཆ་ཙམ་ལས་ཕན་ཐོགས་ཆེན་པོ་ཡོད་པ་མ་རེད། ཡིན་ནའང་། ཁྱེད་ཅག་གིས་དེ་སྔོན་རྒྱ་ནག་ལྕགས་རིས་བསྐོར་བ་ནི་ཡོབ་འདི་ལ་བསྐྲགས་ནས་བཟོས་པ་རེད་ཅེས་པ་ན། ཁོས་ང་ལ་དེའི་དོན་ཅི་རེད་ཟེར། ངས་ཁོ་ལ་དེ་སྔོན་མི་ལོ་སྟོང་ཕྲག་གཉིས་ཀྱི་སྔོན་ལ་འཛམ་གླིང་གི་ལོ་རྒྱུས་ཐོག་རྦད་དེ་འཕོ་འགྱུར་བྱུང་བའི་གནས་ཚུལ་གཉིས་བྱུང་བ་རེད། གཅིག་ནི་པར་སིག་བཙན་རྒྱལ་ཞེས་ཡོངས་སུ་གྲགས་པ་དེ་གྷི་རིགས་ཀྱི་ཁྲབ་འོག་ནས་ཕམ་སོང་བ་དང་། གཅིག་ནི་རྒྱ་ནག་ཧན་གྱིས་རྩྭ་ཐང་གི་འབྲོག་པའི་རྟ་དམག་ལ་བསྐྲགས་ནས་རྒྱ་ནག་ལྕགས་རིས་བསྐོར་བ་རེད། རྟ་དམག་ལ་མཚོན་ན་ཡོབ་ནི་སྲོག་ཤིང་ལྟ་བུ་རེད་ཅེས་ལན་བཏབ་པ་ཡིན། ཉིན་གསུམ་གྱི་རྗེས་སུ་ཁོས་ང་ལ་ཁ་པར་བཏང་སླེབས་བྱུང་། ཁོས་ང་ལ་བཤད་དོན། ཁེ་ཉིན་ཁྱེད་ཀྱིས་བཤད་པའི་ཡོབ་དང་ཁྲབ་སོགས་ཀྱི་གནད་དོན་དེ་ངས་གསལ་བོར་ཤེས་བྱུང་། སྐབས་དེའི་ཁྲབ་དང་ཡོབ་ནི། དེང་སང་མཚོན་ན་རྡུལ་རྫས་མཚོན་ཆ་核武器རེད། ཉེ་ཆར་ངས་གསར་དུ་སྤྱི་གཉེར་ཁང་ཞིག་ཐོ་འགོད་བྱེད་ཀིན་ཡོད། ལས་གཉེར་ནི་རིག་གནས་ཀྱི་སྐོར་ཡིན། སྐུ་ཉིད་ཀྱིས་ངའི་སྤྱི་གཉེར་ཁང་ལ་མིང་གསར་བ་ཞིག་གདགས་པར་ཞུ་ཟེར། ངས་ཁོ་ལ་ང་རང་ནི་གནའ་དཔྱོད་ལ་དགའ་བ་ཙམ་ལས་མིང་བཏགས་བསྩལ་བའི་མཁྱེན་དཔྱོད་དང་། ཡང་ན་ལས་ཀ་དེའི་རིགས་ནི་ང་ལ་རྩ་བ་ནས་མི་འོས་པ་ཞིག་རེད་ཅེས་ལན་བཏབ་བོ།། མཐར་གོ་ཁྲབ་རིག་གནས་ཀྱི་ལོ་རྒྱུས་དང་རྒྱུད་རིམ་ལས་འཕྲོས་པའི་དཔྱད་རྩོམ་ཐུང་ཐུང་འདི་བྲིས་པའི་བདེན་པའི་གནས་ལུགས་དང་། ཆོས་སྐྱོང་རྡོ་རྗེ་གོ་ཁྲབ་དང་། སྲུང་མ་བསེ་ཁྲབ་ལ་སོགས་པར་མཐུ་དང་རྫུ་འཕྲུལ་ལྡན་ན་བོད་ཀྱི་བཟོ་ལས་བྱ་གཞག་འདི་ལ་སྡོངས་གྲོགས་མཛད་དེ་འཛམ་གླིང་ཀུན་ཏུ་ཁྱབ་པའི་སྨོན་འདུན་དང་བཅས་རྒྱལ་གྱུར་ཅིག།

༼༡༽ གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་རྩོམ་བསྒྲིགས་མཛད་པའི༼བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས༽བྱ་བ་ལས་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༼༢༽ ༼༣༽ དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར་བའི་༼ཐང་ཡིག་གསར་རྙིང་༽་དུ་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༼༤༽ མཁས་དབང་ཐུབ་བསྟན་མཆོག་སྒྲུབ་ཀྱི་༼རྒྱ་གར་ལོ་རྒྱུས༽་སུ་གསལ། ལྡི་ལི་བོད་ཀྱི་ཁང་བ་ནས་དཔར་སྐྲུན་བྱས། མཉེན་ཆས་ཡིག་ཚགས། ཀརྨ་བདེ་ལེགས་ཀྱིས་མཁོ་འདོན་བྱས་སོ།། ༼༥༽ ༼དཔལ་ལྡན་མགོན་པོའི་བསྲུང་བཀོད༽་བྱ་བ་དེའི་ལྡེབ་མ་༣་སྟེང་གསལ། དབུ་མེད་སྣ་ཐུང་། སྐུ་རྒྱབ་ཚུལ་ཁྲིམས་ཀྱི་དཔེ་མཛོད་ཁང་གི་ཡིག་ཚགས་ཡིན། ༼༦༽ སྟག་ཚང་དཔལ་འབྱོར་བཟང་པོའི་༼རྒྱ་བོད་ཡིག་ཚང་ཆེན་མོ༽་ལས་གསལ། ཤོག་གྲངས་༢༠༢སྟེང་གསལ། ༼༧༽ གཏེར་སྟོན་ཁྱུང་བོ་བློ་ལྡན་སྙིང་བོའི་དགོངས་གཏེར་༼མདོ་དྲི་མེད་གཟི་བརྗིད་༽་ཀྱི་ལྡེབ་མ་༥༠ནས་༥༣བར་ཡིན། ཁ་དུམ་པ། མཉེན་ཆས་ཡིག་ཚགས། མཁན་པོ་དགེ་འདུན་རབ་རྒྱས་ཀྱིས་མཁོ་འདོན་མཛད། ༼༨༽ ༼བཟོ་རིག་ཉེར་མཁོ་བདམས་བསྒྲིགས༽་ཀྱི་ཤོག་ངོས་73་ནས75བར་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༼༩༽ བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པའི་༼འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ལས་དཔྱད་དོན་གསལ་བའི་སྒྲོན་མེ༽་རུ་གསལ། མཉེན་ཆས་ཡིག་ཚགས། ཀརྨ་བདེ་ལེགས་ཀྱིས་མཁོ་འདོན་མཛད། ༼༡༠༽ ༼ཨ་གྲགས་གཟི་རྫོང་༽གི་ཤོག་ངོས་༢༩ནས་༣༠་སྟེང་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༼༡༡༽ ༼༡༢༽༼༡༣༽ ༼དུང་དཀར་ཚིག་མཛོད༽་དུ་གསལ། ༼༡༤༽ ༼བཟོ་རིག་ཉེར་མཁོ་བདམས་བསྒྲིགས༽་ཀྱི་ཤོག་ངོས་73་ནས75བར་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
(རྩོམ་འདིར་འཁོད་པའི་བར་འཇུག་གི་འདྲ་པར་དག་ནི། ༼Rediscovering The Arms and Armor oF Tibet༽ བྱ་བའི་དཔེ་ཆ་ནང་གི་ཡིན། དཔེ་བདག་ལ་འབྲེལ་བ་བྱེད་མ་ཐུབ་ལ། འདྲ་པར་འདི་དག་ཀྱང་བེད་སྤྱོད་གཏོང་ཆོག་མི་ཆོག་མ་ཤེས་པའི་སྔོན་དུ་འདིར་བེད་སྤྱོད་བཏང་པ་ལ་དགོངས་དག་ཞུ་བ་ཡིན། )

0 comments:

ཟིན་བྲིས་འཚོལ་ཡུལ