དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 4 December 2012

ཕུར་མདུད།

སྐུ་རྒྱབ་ཚུལ་ཁྲིམས།


ངོ་སྤྲོད།
སྤྱིར་ཕུར་བ་ལ་རིག་པ་ཡེ་ཤེས་ཀྱི་ཕུར་པ། བྱང་ཆུབ་སེམས་ཀྱི་ཕུར་པ། ཐུགས་རྗེ་སྤྲུལ་བའི་ཕུར་པ། འདུས་བྱས་རྫས་ཀྱི་ཕུར་པ་དང་བཞི་ཡོད་པ་ལས་ཕུར་མདུད་ནི་མཚན་མ་རྫས་ཀྱི་ཕུར་པའི་ཁོངས་སུ་གཏོགས་པར་གསུངས་ཤིང་། དེ་ལ་ཡང་མཚོ་རྒྱལ་ཕུར་མདུད་དང་། དགོངས་འདུས་ཕུར་མདུད། ཕུར་བའི་དབལ་མདུད་སོགས་མིང་སྣ་ཚོགས་ཤིག་འདུག་ཀྱང་། མང་ཆེ་བས་དབྱིབས་གྲུ་གསུམ་ཡིན་པའི་མདུད་པ་འདི་ཕུར་མདུད་ཡིན་པར་ངོས་འཛིན་གནང་གི་ཡོད་ཅིང་། མདུད་པ་འདི་ལ་ཕུར་མདུད་ཁོ་ན་ལས་མིང་གཞན་མི་འདུག་པས་དེ་ལྟར་ངོས་འཛིན་བྱས་ན་འགལ་བ་མེད་པར་སེམས་ཤིང་། ༼གསང་ཕུར༽ལས་ཀྱང་། སྐུད་དམ་ཟུར་གསུམ་ཕུར་པའི་དབལ་དང་ལྡན། ཞེས་གསུངས།
མདུད་བྱེད་ཀྱི་སྐུད་པ་ནི་ནག་པོ་བྱེད་དགོས་པ་ཀུན་གྱིས་ཕྱག་སྲོལ་ལྟ་བུར་མཛད་ཀྱང་། སྐབས་རེར་ཆ་རྐྱེན་གྱི་མ་འདངས་པའམ། ཡང་ན་མངོན་རྟོགས་སོགས་ལས་གསུངས་པ་བཞིན་ལས་བཞི་གང་རུང་གི་མཚོན་བྱེད་དུ་ཁ་དོག་གཞན་བྱས་ཀྱང་འགལ་བ་མེད་པར་སེམས།
རྙིང་མས་ཕུར་མདུད་ལ་ཕུར་པའི་སྔགས་ཀྱི་བསྔགས་ནས་དམིགས་པ་དང་བྱིན་རླབས་བྱེད་དགོས་པར་གསུངས་ཤིང་། དགེ་ལུགས་ཀྱིས་ཀྱང་ཕྱག་སྲོལ་དེ་ལྟར་མཛད་ཀྱིན་ཡོད་པ་ནི་བླ་བྲང་གི་དགེ་བའི་བཤེས་གཉེན་ལྷ་མོའི་ཚུལ་ཁྲིམས་ཚང་གིས་མཛད་པའི་༼སྲུང་མདུད་ལ་སྔགས་ཚུལ༽ཞེས་པའི་ནང་དུ་ཕུར་པའི་སྔགས་ཀྱི་བསྔགས་ནས། ཕུར་གདབས་ཀྱི་དམིགས་པ་བྱེད་པར་གསུངས་པ་དང་། གཞན་བཀའ་རྒྱུད་པའི་བཻ་རུ་མཁྱེན་བརྩེ་རིན་པོ་ཆེས་ཀྱང་ཕྱག་སྲོལ་དེ་འདྲ་གནང་གི་ཡོད་པར་གསུངས་ལ། ཆོས་བརྒྱུད་གཞན་དག་གིས་ཇི་ལྟར་མཛད་ཀྱིན་ཡོད་མ་ཤེས།
ལོ་རྒྱུས།
འདིར་ཡི་དམ་ཕུར་པའི་ངོ་བོ་དང་། ཕྱག་མཚན་ཕུར་པའི་ནུས་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་མཁས་གྲུབ་རཱ་ག་ཨ་གསེས་ཀྱིས་བསྒྲིགས་པའི་༼རྡོ་རྗེ་ཕུར་བའི་གཏོར་དབང་ཤིན་ཏུ་བསྡུས་པ་བཀའ་གཏེར་སྤྱི་ཁྱབ་གདུག་པ་ཀུན་འདུལ་༽ཞེས་པའི་ནང་དུ། ལྷ་འདིའི་ངོ་བོ་ནི་ཞི་བའི་དུས་རྡོ་རྗེ་སེམས་དཔའ། ཀྲྀ་ཡའི་དུས་རྡོ་རྗེ་རྣམ་འཇོམས། བྱང་ཆུབ་སེམས་དཔའི་དུས་ཕྱག་ན་རྡོ་རྗེ། མདོར་ན་བདེ་བར་གཤེགས་པ་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུའི་རྣམ་འཕྲུལ་ཡིན་པར་བཤད་པའི། དེ་ལ་འོག་མིན་གྱི་གནས་སུ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཉིད་ཀྱི་རྒྱུད་བི་ཏོ་ཏ་མ་འབུམ་སྡེ་ལ་སོགས་པ་རིགས་བཞིའི་སངས་རྒྱས་ལ་བཤད། མཁའ་འགྲོ་མ་རྣམས་ཀྱིས་དུར་ཁྲོད་བསིལ་བ་ཚལ་དུ་དུག་ཤིང་སྡོང་བོའི་རྩར་སྦས་པས་ཨུ་རྒྱན་རིན་པོ་ཆེའི་གཏེར་ནས་བཏོན། བྲམ་ཟེ་པྲ་ཧསྟི་(པྲ་བྷ་ཧསྟི)ལུང་བསྟན་པ་ལྟར། མཁའ་འགྲོ་མ་བདེ་བའི་འཁོར་ལོ་ལ་འདིའི་དབང་ཞུས་པས། སྐྱེ་འཆི་མེད་པའི་ཚེ་དང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རིག་འཛིན་གྱི་དངོས་གྲུབ་ཐོབ་ཅེས་དང་།
ཡང་སློབ་དཔོན་པདྨས་རྒྱ་གར་གྱི་རི་མ་ལ་ཡའི་ཙནྡན་གྱི་ནགས་ལ་མུ་སྟེགས་པས་མེ་བཀྱེ་ནས་བསྐམ་པ་ལ། ཕུར་བ་ཚད་པས་སྔོ་ལྷུབ་གྱི་སྐྱེས། པཎྚི་ཏ་བི་མ་ལས་ཆུ་བོ་གང་གཱ་དང་པཀཱུ་གཉིས་དུས་གཅིག་ཏུ་འབྲུབ་པ་དེ་ལ་ཕུར་པ་ཚད་པས། ཆུ་ཞག་བདུན་གྱེན་དུ་ལོག ཆུ་སྲིན་མི་ཟན་བཏུལ། བལ་བོ་ཤྲཱི་ལ་མཉྫུས་བལ་ཡུལ་གྱི་བྲག་ལ་ཕུར་པ་ཚད་པས་བྲག་ནས་འབྲུ་ཙམ་དུ་འཐོར་ནས་བྲག་སྲིན་མི་རྐུན་ཐུལ། དེ་ནས་བོད་དུ་བྱོན་ནས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་བཞེངས་ནས་བསམ་ཡས་ཀྱི་ས་འདུལ། ལྷ་འདྲེ་ཐམས་ཅད་དམ་ལ་བཏགས། དགེ་བསྙེན་ཉེར་གཅིག མ་སྲིང་བརྟན་མ་བཅུ་གཉིས་རྣམས་ཕུར་སྲུང་དུ་བསྐོས། རྒྱལ་པོ་རྗེ་འབང་དང་བཅས་པ་ལ་དབང་བསྐུར། ཡེ་ཤེ་མཚོ་རྒྱལ་གྱིས་སེང་གེ་རྫོང་གསུམ་གྱི་བྲག་ལ་ཕུར་བ་བཏབ་པས་ཚེ་ཆུ་བཏོན། ཕ་མིང་ཟ་འདྲེ་བཏུལ། མཁར་ཆེ་འདྲེ་ཐུལ་གྱི་རྒྱུད་པ་གྲགས། མངའ་བདག་རྒྱལ་པོས་ཧས་པོ་རི་ལ་ཕུར་པ་ཚད་པས་མེ་འབར་ནས་རྩི་ཤིང་རྣམས་བསྲེགས། ཤུད་པུ་དཔལ་སེང་གིས་རྩང་པོ་ལ་ཕུར་བ་བརྒྱབ་པས་ཆུ་བོ་ཞག་གསུམ་གྱེན་དུ་ལོག སངས་རྒྱས་ཡེ་ཤེས་ཀྱིས་བྲག་ལ་ཕུར་པ་བཏབ་པས་འདམ་ལ་བརྒྱབ་པ་ལྟར་སོང་། ནམ་མཁའི་སྙིང་པོས་མཁར་ཆུ་བྲག་ལ་ཕུར་པ་བཏབ་ཚུག་ཡོད་པས་ལྷོ་བྲག་ལྕགས་ཕུར་ཅན་དུ་གྲགས་ཅེས་གསུངས།
མཚོན་དོན།
མདུད་དབྱིབས་ཟུར་གསུམ་ནི་ཕུར་བའི་དབལ་དང་། སྐུད་པ་ཕན་ཚུན་བསྣོལ་བ་ནི་སྦྲུལ་གྱི་ཆུན་པོའི་མཚོན་བྱེད་ཡིན་པར་གསུངས་ཤིང་།
༼གསང་རྙིང་རྒྱན་དང་རོལ་མོའི་བསྟན་བཅོས་༽ལས། རིག་པ་ཡེ་ཤེས་ཀྱི་ཕུར་པ་ཆོས་ཀྱི་དབྱིངས་ལ་མ་ཐེབས་ན་འཁོར་བ་ལས་མི་སྒྲོལ་བ་དང་། བྱང་ཆུབ་སེམས་ཀྱི་ཕུར་པ་ཡུམ་གྱི་མཁའ་ལ་མ་ཐེབས་ན་དམ་ཚིག་པདྨའི་དཀྱིལ་འཁོར་རྒྱུན་ཆད་པ་དང་། ཐུགས་རྗེ་སྤྲུལ་བའི་ཕུར་པ་རིག་དྲུག་ལ་མ་ཐེབས་ན། གཞན་དོན་འཕྲིན་ལས་རྒྱུན་ཆད་པ་དང་། འདུ་བྱས་རྫས་ཀྱི་ཕུར་པ་ཞིང་བཅུ་ལ་མ་ཐེབས་ན། ལས་ངན་རྒྱུན་ཆད་མེད་པ་དང་བཞིའོ། ཞེས་གསུངས་པ་དང་།
༼གསང་ཕུར་༽ ལས། གཟི་བརྗིད་དཔལ་དང་ལྡན་པའི་ཕུར་བ་འདི། །རིན་ཆེན་དབུ་ཏོག་བོན་ཉིད་དབྱིངས་སུ་ཟླུམ། །རྒྱ་མདུད་གོང་འོག་ཨེ་ཀློང་གཞལ་ཡས་ཁང་། །ཁོང་སེང་སྤྲོས་བྲལ་ཡེ་ཤེས་ཉི་མའི་ཐུགས། །ཆུ་སྲིན་ཞལ་གདོང་སྦྲུལ་ནག་ཆུན་འཕྱང་ཕྲུལ། །སྐུད་དམ་ཟུར་གསུམ་ཕུར་བའི་དབལ་དང་ལྡན། །བཞུགས་པས་ཡེ་ཤེས་ལྷ་རྣམས་ངང་གིས་འདུ། །ཕྱར་བས་སྟོང་ཁམས་སྲིད་གསུམ་ཟིལ་གྱིས་གནོན། །དྲིལ་བས་ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུད། །འདེབས་པས་འཁོར་བའི་རྒྱ་མཚོ་གཏིང་ནས་སྐེམས། །ཅེས་དང་།
ཡང་༼ཕུར་བ་ཡཀྴ་ཟ་བྱེད་འབར་བའི་རྒྱུད་༽ལས། རྩེ་མོ་ཟུར་གསུམ་སྐུ་གསུང་ཐུགས་ཀྱི་ངང་། །དུག་གསུམ་འཁོར་བའི་བཙོན་ར་རྒྱ་བཀྲལ་ནས། །ལུས་ངག་ཡིད་གསུམ་བག་ཆགས་གཏན་སྦྱངས་ནས། །ས་གསུམ་ཟིལ་གྱིས་གནོན་པར་གཟི་བྱིན་བསྐྱེད། ཅེས་གསུངས།
གཞན་ཕུར་མདུད་ལ་མདུད་པ་བདུན་ཚང་དགོས། དེ་ནི་ཨོཾ་གཅིག་དང་ཧཱུཾ་གསུམ། ཕཊ་གསུམ་གྱི་མཚོན་བྱེད་ཡིན་པར་ཨ་བོས་བླ་མ་པདྨ་སྐྱབས་ཀྱིས་གསུངས་སོང་ཞེས་ཏོག་ཚ་དབང་དོན་ལགས་ཀྱིས་གསུངས་ཤིང་། འཇམ་དཔལ་རྡོ་རྗེས་མཛད་པའི་༼མཚན་མ་རྫས་ཀྱི་ཕུར་བ་༽ཞེས་པ་ལས། དབལ་གྱི་ནང་དུ་ཕུར་སྐྱོང་སྲུང་མའི་ཚོགས་མ་ལུས་པ་གསལ་ཞིང་དབལ་གྱི་ཟུར་གསུམ་དུ་ཧཱུཾ་གསུམ། ལོག་གསུམ་ཕཊ་གསུམ། རྩེ་མོ་ཨ་དཀར་པོ་གཅིག་དང་བཅས་པ་གསལ་བར་གྱུར། ཞེས་གསུངས་པ་དང་ཕལ་ཆེར་འདྲ་བས་བླ་མ་པདྨ་སྐྱབས་ལགས་ཀྱིས་གསུངས་བའི་ཁུངས་ཏེ་འདི་ཡིན་པར་སེམས་ཀྱང་། ཨོཾ་ཡིག་ཅེས་གསུངས་པའི་ཁུངས་ནི་ད་དུང་མ་རྙེད།
གཞན་གསེར་ཐར་གྱི་བླ་རྒན་མཐུ་ཤེར་ལགས་ཀྱིས་ཕུར་མདུད་ལ་མདུད་པ་བཅུ་གཉིས་ཚང་དགོས། དེ་ནི་ཕུར་སྐྱོང་བཅུ་གཉིས་དང་ཕུར་པ་བཅུ་གཉིས་ཀྱི་རྒྱུད་སོགས་ཀྱི་མཚོན་དོན་ཡིན་ཞེས་ཀྱང་གསུངས་སོ།།

0 comments:

ཟིན་བྲིས་འཚོལ་ཡུལ