དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 31 January 2013
༄༅། །ཡིད་སྤྲུལ་མཎྜལ་གྱི་རྣམ་པར་བཤད་པ་ཀུན་ཏུ་བཟང་པོའི་

མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །

རབ་བརྟན་དགེ་ལེགས་ཕུན་ཚོགས།




ཨོཾ་སྭ་སྟི་སིདྡྷཾ།

གང་ཞིག་བསྟེན་པས་ཐར་པའི་ཐབས་བསྟན་ཅིང༌། །

སྲིད་དང་ཞི་བའི་འཇིགས་ལས་དབུགས་དབྱུང་བའི། །

རྒྱལ་བ་ཀུན་གྱི་འཕྲིན་ལས་རང་གཟུགས་ཆེ། །

དྲིན་ཆེན་བླ་མ་བྱང་ཆུབ་བར་དུ་བསྙེན། །

ཅེས་མཆོད་པར་བརྗོད་ནས། དེ་ཡང་འཕགས་པ་བསྐལ་པ་བཟང་པོའི་མདོ་ལས། བདེ་གཤེགས་སྐྱེས་དབང་འཁོར་ལོས་བསྒྱུར་བའི་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་འོད་དེ་ལ། །གླིང་བཞི་དག་ནི་དབུལ་བ་བྱས་ནས་ཀྱང༌། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་མི་དབང་འཁོར་ལོས་བསྒྱུར་བ་སྐྱེས་པའི་དབང་པོས་བདེ་བར་གཤེགས་པ་ཀུན་ཏུ་འོད་ལ་གླིང་བཞི་ཕུལ་ནས་བསམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་མངོན་པར་རྫོགས་པར་སངས་རྒྱས་པའི་ལོ་རྒྱུས་ལྟར་ཡུལ་ཁྱད་པར་ཅན་ལ་ཕྱག་མཆོད་དང་ཁྱད་པར་མཎྜལ་འབུལ་བ་ལ་ནི་དགོས་པ་དང་ཕན་ཡོན་ཆེས་བསམ་གྱིས་མི་ཁྱབ་སྟེ། སྡུད་པ་ལས། ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་བྱེད། །ཅེས་དང༌། གསང་འདུས་རྩ་རྒྱུད་ལས། ཞིང་འདིར་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །བསོད་ནམས་འདོད་པས་བསོད་ནམས་ཕྱིར། །ཉིན་རེར་ཤེས་རབ་ཅན་གྱིས་དབུལ། །ཞེས་དང༌། སློབ་དཔོན་དཔའ་བོས། སངས་རྒྱས་ལ་ནི་གང་ཞིག་འདིར། །མཎྜལ་མེ་ཏོག་བཅས་བྱེད་པ། །འགྲོ་བའི་བདག་པོ་ཚེ་རིང་ཞིང༌། །སྣ་ཚོགས་ནད་ཀྱི་འཇིགས་གྲོལ་བ། །གང་ཡིན་དེ་ནི་སྐད་ཅིག་འཐོབ། །ཅེས་སོགས་ཤེས་བྱེད་ཀྱི་ལུང་མང་ལ། སྔོན་དབུལ་པོ་ཞིག་གིས་སངས་རྒྱས་འོད་སྲུང་མཇལ་བའི་ཚེ་འབུལ་རྒྱུ་གཞན་མེད་པར་རྡོ་རྡེའུ་འགའ་ཞིག་ནོར་བུ་ཡིན་པར་དམིགས་ནས་ཕུལ་བས། ཕྱིས་ཤཱཀྱ་ཐུབ་པའི་བསྟན་པ་ལ་སྐྱེས་མ་ཐག་རིན་པོ་ཆེའི་ཆར་བབ་ཅིང༌། བང་མཛོད་ཐམས་ཅད་རིན་པོ་ཆེས་གང་བ་སོགས་ངོ་མཚར་བ་དུ་མ་བྱུང་བས་ཁྱེའུ་ལྷ་ཡི་རིན་ཆེན་དུ་བཏགས། ནར་སོན་པ་ན་རབ་ཏུ་བྱུང་སྟེ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གསུངས་པ་དང༌། རྒྱ་གར་དུར་ཁྲོད་འུ་འུ་རིའི་གནས་སུ་བྱ་བཏང་གི་རྣལ་འབྱོར་པ་ཞིག་གིས་རྡོ་དཀར་རྐྱང་པས་མཎྜལ་ཕུལ་ཏེ། དེ་ཁོ་ནས་གྲུབ་པ་བརྙེས་ཏེ་ལུས་མ་སྤངས་པར་མཁའ་སྤྱོད་དུ་བྱོན་པ་དང༌། འགྲོ་མགོན་ཆོས་རྒྱལ་འཕགས་པས་མཎྜལ་སོ་བདུན་མ་འདི་མཛད་པས་ཆོས་དང་སྲིད་ཀྱི་མངའ་ཐང་གངས་ཅན་ན་འགྲན་ཟླ་དང་བྲལ་བ་གྱུར་ཅིང༌། སོ་བདུན་མ་འདི་གྲུབ་མཐའ་རིས་མེད་ལ་དར་བ་དང༌། བདག་ཉིད་ཆེན་པོ་འཇམ་མགོན་ཙོང་ཁ་པས་མཎྜལ་ཁོ་ན་ལ་བརྟེན་ནས་རྡོ་གཞོང་མང་པོ་ཕུག་པས་རི་བོ་དགའ་ལྡན་པ་ལ་དཔལ་འབྱོར་ལོངས་སྤྱོད་འགྲན་ཟླ་དང་བྲལ་བ་བྱུང་བ་སོགས་ཀྱི་ལོ་རྒྱུས་མང་ཞིང༌། སྔོན་འགྲོ་བསགས་སྦྱོང་མཎྜལ་ལ་བརྟེན་པ་འདི་ནི་ཚེགས་ཆུང་ལ་ཚོགས་ཆེན་པོ་བདེ་བླག་ཏུ་རྫོགས་པའི་ཐབས་ཁྱད་པར་ཅན་གཞན་ལས་ཕུལ་དུ་བྱུང་བ་ཉིད་དུ་གྲུབ་བོ། །

མཎྜལ་གྱི་སྒྲ་དོན་ཡང༌། རྒྱུ་ཕ་རོལ་ཕྱིན་པའི་ཐེག་པ་ལྟར་ན། མ་ཌི་རྒྱན་བྱེད་པའི་བྱིང་དོན་ལས་དྲངས་ཏེ། གཞི་དུས་སུ་ཀུན་རྫོབ་ཀྱི་བདེན་པའི་སྣང་ཚུལ་ལ་གནས་སྐབས་མི་བསླུ་བའི་ངེས་པ་རྙེད་ནས། ལམ་དུས་སུ་བསོད་ནམས་ཀྱི་ཚོགས་མཐའ་ཀླས་པ་ལ་འབད་པའི་སྟོབས་ཀྱིས། འབྲས་དུས་སུ་ནང་གི་རྟེན་འབྲེལ་དང་གཞན་དོན་སྨོན་ལམ་འགོག་པ་མེད་པས་མཚན་དཔེས་བརྒྱན་པའི་གཟུགས་སྐུ་ལོངས་སྤྲུལ་རྣམ་གཉིས་འཐོབ་པའི་ཉེར་ལེན་དུ་འགྱུར་ཕྱིར་འབྲས་མིང་རྒྱུ་ལ་བཏགས་པའོ། །

འབྲས་བུ་གསང་སྔགས་ཐེག་པ་ལྟར་ན། ཡེ་ཤེས་ཐིག་ལེ་ལས། མ་ནི་ཡིག་འབྲུ་འདབ་མར་བརྗོད། །ཎ་ནི་ཡིག་འབྲུ་ལྟེ་བར་དྲན། །ཌ་ནི་ཡིག་འབྲུ་གེ་སར་ཏེ། །ལ་ནི་ཡིག་འབྲུ་དེ་དེར་བལྟ། །ཞེས་གསུངས་པ་ལྟར། ཕྱི་ལྟར་ན་འདབ་མ་ལྟེ་བ་གེ་སར་དང་བཅས་པའི་མཚོ་སྐྱེས་པདྨ། ནང་ལྟར་ན་རྡོ་རྗེ་བཙུན་མོའི་མཁའ་གསང༌། གསང་བ་ལྟར་ན་ཆོས་ཐམས་ཅད་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་ཆོས་དབྱིངས་བདེ་བ་ཆེན་པོའི་ངང་དུ་རོ་གཅིག་ཅིང༌། ཡུལ་སྟོང་པ་ཉིད་དང་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་ཟུང་དུ་འཇུག་པའི་རོལ་པས་གཟུང་འཛིན་འཆིང་བ་མཚུངས་ལྡན་ས་བོན་དང་བཅས་པ་ལས་གྲོལ་ཏེ། ས་བཅུ་ལམ་ལྔའི་ཡོན་ཏན་ཐམས་ཅད་གཅིག་ཆར་དུ་སྨིན་པའི་འབྲས་བུ་ཟུང་འཇུག་རྣམ་ཀུན་མཆོག་ལྡན་གྱི་གོ་འཕང་ལ་སྦྱོར་བའི་དོན་ཡིན་ཞིང༌། ཡང་མཎྜལ་ཞེས་པ་དཀྱིལ་འཁོར་ཏེ། རང་གཞན་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་རྫོགས་ཕྱིར། བླ་མ་ཡི་དམ་སོགས་ཞིང་ཁྱད་པར་ཅན་གྱི་མདུན་དུ་དངོས་ཡིད་མཆོད་སྤྲིན་འབུལ་བ་ཐམས་ཅད་ཀྱི་རབ་ཏུ་མཆོག་ཏུ་གྱུར་པ་དང༌། སྙིང་པོ་བདེ་བ་ཆེན་པོ་ལེན་ཅིང་འཛིན་པར་བྱེད་པའི་དོན་ཅན་དུ་གསུངས་ལ། ཡང་དཀྱིལ་འཁོར་ཞེས་པའི་དཀྱིལ་ནི་དབུས་ཀྱི་རི་རབ་དང༌། འཁོར་ནི་གླིང་བཞི་གླིང་ཕྲན་སོགས་གཞན་ཇི་སྙེད་པ་ལ་བཤད་པ་ཡང་ཡོད་དོ། །

ཇི་ལྟར་འབུལ་བའི་ཚུལ་ཡང༌། རིགས་དང་དཀྱིལ་འཁོར་ཡོངས་ཀྱི་བདག་པོ། བདེ་གཤེགས་རྒྱལ་བ་ཀུན་གྱི་ངོ་བོར་བཞུགས་པ་དེ་ཉིད་ཚོགས་ཞིང་གི་གཙོ་བོར་བྱས་ཏེ། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷའི་ཚོགས་དང་བཅས་པ་སྤྲིན་གྱི་ཕུང་པོ་ཆེན་པོ་འཁྲིགས་པ་ལྟར་བཞུགས་པའི་སྤྱན་སྔར། གང་ཞིག་འབུལ་རྒྱུའི་མཆོད་པའི་མཎྜལ་ནི། བླ་ཆེན་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་མཛད་པའི་མཎྜལ་སོ་བདུན་མ་འདི་བཞིན་བཤད་ན། རྒྱུ་ཕུན་སུམ་ཚོགས་པ་སེམས་ཅན་སྤྱི་མཐུན་གྱི་ལས་ལས་གྲུབ་པའི་རི་གླིང་སོགས་མིན་པར། རང་གི་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་བ་ལས་གྲུབ་ཅིང༌། རྣམ་པ་རིན་པོ་ཆེ་ལས་གྲུབ་པའི་རི་གླིང་སོགས་ཞིང་ཁམས་ཀྱི་བཀོད་པ་སྣང་བ། ཆོས་ཀྱི་དབྱིངས་ལ་མཐའ་དབུས་མེད་ཅིང་རྣམ་རྟོག་གི་གྲྭ་ཟུར་དང་བྲལ་བ་མཚོན་པ་ལ་དཀྱིལ་འཁོར་གསུམ་པོ་དབྱིབས་ཟླ་བའི་དཀྱིལ་འཁོར་ལྟར་ཟླུམ་ཞིང༌། འོག་གཞི་རླུང་གི་དཀྱིལ་འཁོར་རྔམས་སུ་དཔག་ཚད་ས་ཡ་དྲུག་འབུམ་དང་རྒྱར་གྲངས་མེད་པ། དེའི་སྟེང་དུ་གསེར་གྱི་སྙིང་པོ་ཅན་གྱི་མཚོ་རྔམས་སུ་དཔག་ཚད་འབུམ་ཕྲག་བརྒྱད་པ། དེའི་སྟེང་དུ་དྲི་མ་བག་ཆགས་དང་བཅས་པས་རྣམ་པར་དག་པ་མཚོན་པ་ལ་རྡུལ་གྱིས་ཡོངས་སུ་དབེན་པའི་དབང་ཆེན་གསེར་གྱི་ས་གཞི་རྔམས་སུ་དཔག་ཚད་སུམ་འབུམ་ཉི་ཁྲི། ཆུ་དང་དེ་གཉིས་ཀའི་རྒྱར་དཔག་ཚད་འབུམ་ཕྲག་བཅུ་གཉིས་སྟོང་ཕྲག་གསུམ་བརྒྱ་ཕྲག་ཕྱེད་ལྔ་ཡོད་པ། དེའི་སྟེང་དུ་རྒྱུད་བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པའི་རྟགས་སུ་བ་བྱུང་སོགས་ཀྱི་སྤོས་ཆུས་ལེགས་པར་བྱུག་པ། ཕྱིའི་བར་ཆད་ནང་དུ་མི་གཏོང་ཞིང་ནང་གི་དངོས་གྲུབ་ཕྱིར་མི་བཏང་བའི་རྟགས་སུ་ཁོར་ཡུག་ཏུ་ལྕགས་རི་གྲུ་བཞི་པས་ཡོངས་སུ་བསྐོར་བ། དབུས་སུ་རིའི་རྒྱལ་པོ་རི་རབ། ཤར་ཤེལ། ལྷོ་བཻ་ཌཱུརྱ། ནུབ་པདྨ་ར་ག །བྱང་གསེར་ལས་གྲུབ་པ། དེའི་ཐད་ཀྱི་ནམ་མཁའ་ཡང་དེའི་མདོག་ཏུ་སྣང་བ། དཔག་ཚད་བརྒྱད་ཁྲི་མཚོར་ནུབ་ཅིང་བརྒྱད་ཁྲི་གྱེན་དུ་འཕགས་པ། མཐའ་སྐོར་དུ་གསེར་གྱི་རི་བདུན་དང༌། བར་མཚམས་རྣམས་སུ་ཀླུའི་རྒྱལ་པོ་རྣམས་རྩེ་ཞིང་རོལ་པའི་གནས་རོལ་མཚོ་བདུན་གྱིས་བསྐོར་བ། རི་རབ་ཀྱི་བང་རིམ་དང་པོར་གནོད་སྦྱིན་ལག་ན་གཞོང་ཐོག་དང༌། གཉིས་པར་ཕྲེང་ཐོག །གསུམ་པར་རྟག་མྱོས། བཞི་པ་དང་གསེར་རི་རྣམས་ལ་རྒྱལ་ཆེན་རིས་བཞི། རི་རབ་ཀྱི་སྟེང་དུ་ལྷ་རྣམས་ཀྱི་གྲོང་ཁྱེར་བལྟ་ན་སྡུག་དང༌། དབུས་སུ་ལྷ་དབང་བརྒྱ་བྱིན་གྱི་བསྟི་གནས་རྣམ་པར་རྒྱལ་བའི་ཁང་བཟང༌། ཕྱོགས་བཞིར་ཚལ་ཆེན་པོ་བཞི། བྱང་ཤར་མཚམས་སུ་ཡོངས་འདུའི་ལྗོན་བཟང༌། ལྷོ་ནུབ་ཏུ་ཆོས་བཟང་ལྷའི་འདུན་ས་སོགས་སུམ་ཅུ་རྩ་གསུམ་གྱི་བཀོད་པ་ཕུན་སུམ་ཚོགས་པ། དེའི་སྟེང་གི་ནམ་མཁའ་ནས་ཡར་འཐབ་བྲལ་དང༌། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་བཅས་འདོད་ཁམས་ཀྱི་ལྷ་གནས་རྣམས་དང༌། ཚང་རིས་ནས་འོག་མིན་གྱི་བར་གྱི་གཟུགས་ཁམས་གནས་རིས་བཅུ་བདུན་གྱི་བཀོད་པ་ཡོངས་སུ་རྫོགས་པ། རི་རབ་ཀྱི་ཤར་ཕྱིའི་རྒྱ་མཚོའི་ནང་དུ་ཤར་གླིང་དཀར་པོ་དབྱིབས་ཟླ་གམ་བཅད་ཁ་ཆུང་བ་ཕྱིར་བསྟན་པ་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུ་དང༌། ངོས་གཞན་གསུམ་ལ་དཔག་ཚད་སྟོང་ཕྲག་གཉིས་རེ་ཡོད་པ། ལྷོ་གླིང་སྔོན་པོ་སོག་ཁ་ངོས་ཆུང་ཤོས་ལྕགས་རི་ལ་ཕྱོགས་པ་ལ་དཔག་ཚད་ཕྱེད་བཞི། གཞན་གསུམ་ལ་སྟོང་ཕྲག་གཉིས་རེ་ཡོད་པ། ནུབ་གླིང་དམར་པོ་ཟླུམ་པོ་མཐའ་བསྐོར་དུ་སྟོང་ཕྲག་ཕྱེད་དང་བརྒྱད་ཀྱིས་འཁོར་བ། བྱང་གླིང་སེར་པོ་གྲུ་བཞི་ཕྱོགས་རེ་ལ་དཔག་ཚད་སྟོང་ཕྲག་གཉིས་རེ་སྟེ་བསྡམས་ན་སྟོང་ཕྲག་བརྒྱད་ཡོད་པ། གླིང་ཆེན་རེ་རེའི་གཡས་གཡོན་དུ་གླིང་ཕྲན་གཉིས་རེ་སྟེ་བརྒྱད་ཡོད་ཅིང༌། གླིང་གཡོག་རྣམས་ཀྱི་ཁ་དོག་དང་དབྱིབས་གླིང་ཆེན་རྣམས་དང་འདྲ་ཞིང་ཚད་ཕྱེད་ཀྱིས་ཆུང་བ། ཤར་གླིང་གསུམ་གྱི་ནང་ཐམས་ཅད་དུ་བཻ་ཌཱུརྱ་དང༌། པདྨ་རཱ་ག །ཨིནྡྲ་ནཱི་ལ་སོགས་རིན་པོ་ཆེ་སྣ་ཚོགས་པ་ལས་གྲུབ་པའི་རི་གྲངས་མེད་པས་གང་བ། ལྷོ་གླིང་གསུམ་གྱི་ནང་ཐམས་ཅད་དུ་རྩ་བ་གསེར། སྡོང་པོ་དངུལ། ཡལ་ག་བཻ་ཌཱུརྱ། ལོ་མ་ཤེལ། འདབ་མ་སྤུག །མེ་ཏོག་མུ་ཏིག་དམར་པོ། འབྲས་བུ་རྡོ་ཡི་སྙིང་པོ་སྟེ་རིན་པོ་ཆེ་སྣ་བདུན་ལས་སྤེལ་མར་གྲུབ་པའི་ཤིང་གྲངས་མེད་པས་གང་བ། ནུབ་གླིང་གསུམ་གྱི་ནང་ཐམས་ཅད་དུ་རྭ་དང་རྨིག་པ་ཨིནྡྲ་ནཱི་ལ་ལས་གྲུབ་ཅིང༌། གུར་ཀུམ་བརྩེགས་པའི་ལྷུན་པོ་ལྟར་མདོག་དམར་སེར། སྤུ་རེ་རེ་ལས་ཀྱང་དགོས་འདོད་ཐམས་ཅད་ཆར་ལྟར་དུ་འཇོ་བའི་འདོད་འཇོའི་བ་གྲངས་མེད་པས་གང་བ། བྱང་གླིང་གསུམ་གྱི་ནང་ཐམས་ཅད་དུ་ས་བོན་མ་བཏབ་ཅིང་གཤོལ་གྱིས་མ་རྨོས་ཀྱང་རང་སྐྱེ་བའི་འབྲས་སཱ་ལུ་སོགས་ཇི་ལྟར་རྔས་ཀྱང་སླར་སྐྱེ་བས་གང་བ། ཡང་ཤར་གླིང་གི་སྟེང་གི་ནམ་མཁའ་ལ་རྒྱལ་པོའི་བསོད་ནམས་ཀྱི་མཐུ་ལས་བྱུང་བའི་འཁོར་ལོ་རྩིབ་སྟོང་དང་ལྡན་ཅིང་རྒྱུ་འཛམ་བུའི་ཆུ་གསེར་ལས་གྲུབ་པ། རྒྱལ་པོ་གཞན་དུ་འགྲོ་བའི་ཚེ་ནམ་མཁའ་ནས་དཔུང་ཚོགས་ཡན་ལག་བཞི་དང་བཅས་འགྲོ་ཞིང༌། གླིང་བཞི་དབང་དུ་བསྡུ་ནུས་པ་གྲངས་མེད་པས་གང་བ། ལྷོ་གླིང་གི་ནམ་མཁའ་ལ་བཻ་ཌཱུརྱ་ལས་གྲུབ་པའི་ནོར་བུ་རིན་པོ་ཆེ་ཟུར་བརྒྱད་དང་ལྡན་ཞིང་གསོལ་བ་གང་བཏབ་ཡིད་བཞིན་དུ་འགྲུབ་པ། གྲང་བའི་དུས་སུ་དྲོ་བ་དང་ཚ་བའི་དུས་སུ་བསིལ་བར་བྱེད་ལ། འོད་ཀྱིས་དཔག་ཚད་བརྒྱད་སྣང་བར་བྱེད་པ་གྲངས་མེད་པས་གང་བ། ནུབ་གླིང་གི་ཐད་ཀྱི་ནམ་མཁའ་ལ་མཛེས་ཤིང་བལྟ་ན་སྡུག་པའི་བཙུན་མོ་རིན་པོ་ཆེ་ལུས་དང་ཁ་ལས་དྲི་ཞིམ་བྲོ་ཞིང་བུད་མེད་ཀྱི་སྐྱོན་བརྒྱད་དང་བྲལ་བ། ལུས་ལ་ལྷ་རྫས་ཀྱི་གོས་དང་ནོར་བུའི་རྒྱན་ཆ་འཕྱང་བས་བརྟན་གཡོའི་མཛེས་སྡུག་གི་དཔལ་ཡོན་ཀུན་འཕྲོག་པར་བྱེད་པ་གྲངས་མེད་པས་གང་བ། བྱང་གླིང་གི་སྟེང་གི་བར་སྣང་ནས་མཁས་ལ་ཡིད་གཞུང་ཞིང་ཆོས་ཀྱི་བྱ་བ་དང་ལྡན་པ། རྒྱལ་པོའི་བཀའ་ཉན་ཅིང་བྱ་བ་ཐམས་ཅད་གཞན་ལ་གནོད་པ་མེད་པ་བསྒྲུབ་ཐུབ་པའི་བློན་པོ་རིན་པོ་ཆེ་གྲངས་མེད་པས་གང་བ། ཤར་ལྷོའི་ཐད་ཀྱི་ནམ་མཁའ་ལ་གངས་ཀྱི་རི་བོ་དལ་གྱིས་འགྲོ་བ་ལྟ་བུའི་གླང་པོ་རིན་པོ་ཆེ་ཐལ་ཀར་མཆེ་བ་དྲུག་དང་ལྡན་ཅིང༌། གླང་ཆེན་ཕལ་པ་སྟོང་གི་ནུས་ཤུགས་ཅན་ཉིན་རེར་འཛམ་གླིང་ལན་གསུམ་རེ་བསྐོར་ཐུབ་ཅིང༌། སྐུད་པ་ཕྲ་མོ་རེས་ཀྱང་ཁ་ལོ་བསྒྱུར་ཐུབ་པ་གྲངས་མེད་པས་གང་བ། ལྷོ་ནུབ་ཀྱི་སྟེང་གི་ནམ་མཁའ་ལ་གཞོན་པའི་མཆོག་བསམ་པ་ལྟར་བྱེད་ལ། མདོག་རྨ་བྱའི་མགྲིན་པ་ལྟར་ཡིད་དུ་འོངས་ཤིང་གཙུག་ན་ནོར་བུས་མཛེས་པ། ནམ་མཁར་འཕགས་ཏེ་གླིང་བཞིར་ཡུད་ཀྱིས་བསྐོར་བའི་རྟ་མཆོག་རིན་པོ་ཆེ་བརྒྱ་སྟོང་གིས་གང་བ། ནུབ་བྱང་གི་བར་སྣང་ལ་སྒྱུ་རྩལ་ཐམས་ཅད་ཕུན་སུམ་ཚོགས་ལ་དཔུང་ཚོགས་ཡན་ལག་བཞི་དང་ལྡན་པ། ཕ་རོལ་གྱི་དགྲ་སྡེ་ཐམས་ཅད་གནོད་པ་མེད་པར་ཆོམ་ལ་འབེབས་ཤིང་དཔལ་རྩལ་ཀུན་ནས་རྫོགས་པའི་དམག་དཔོན་རིན་པོ་ཆེའི་ཚོགས་ཀྱིས་གང་བ། བྱང་ཤར་གྱི་ཐད་ཀྱི་བར་སྣང་དུ་ཅི་འདོད་པའི་ལོངས་སྤྱོད་ཐམས་ཅད་ནམ་མཁའི་མཛོད་ལྟར་མི་ཟད་པར་ལེན་དུ་ཡོད་པའི་གཏེར་ཆེན་པོའི་བུམ་པ་དར་གྱི་མགུལ་དཀྲིས་དང་དཔག་བསམ་གྱི་ཤིང་གི་ཁ་རྒྱན་ཅན་མཐའ་ཀླས་པས་གང་བ། གསེར་རི་ཕྱི་མ་དྲུག་གི་སྟེང་གི་བར་སྣང་འཇའ་སྤྲིན་གྱི་ཀློང་ནས་ཕྱི་ནང་གི་མཆོད་པའི་ལྷ་མོ་བརྒྱད་དེ། ཤར་དུ་སྒེག་པ་མ་དཀར་མོ་ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་ལྔ་པ་རེ་རེ་སྙེམས་པའི་ཚུལ་གྱིས་འཛིན་ཅིང་གཟུགས་ཀྱི་ལང་ཚོ་ངོམ་པ། ལྷོར་ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ་འཕྱང་བ། ནུབ་ཏུ་གླུ་མ་དཀར་དམར་འགྱུར་ཁུག་སྟོང་ལྡན་གྱི་གླུ་དབྱངས་ལེན་ཅིང་པི་ཝང་བརྡུང་བས་བྲེལ་བ། བྱང་དུ་གར་མ་ལྗང་གུས་རྡོ་རྗེ་རྩེ་གསུམ་པ་རེ་རེ་འཛིན་ཅིང་བྲོ་གར་གྱི་ཉམས་འགྱུར་བསྒྱུར་བ། ལྷོ་ནུབ་ཏུ་བདུག་སྤོས་མ་དཀར་མོ་ཕྱག་ན་སྤོས་སྣོད་ཐོགས་ནས་དྲི་ཞིམ་སྤོས་ཀྱི་དུད་སྤྲིན་འཐུལ་བ། ཤར་ལྷོར་མེ་ཏོག་མ་སེར་མོ་མེ་ཏོག་གིས་གང་བའི་ཟ་མ་ཏོག་འཛིན་ཅིང་མེ་ཏོག་སྣ་ཚོགས་པའི་ཆར་འབེབས་པ། ནུབ་བྱང་དུ་མར་མེ་མ་དམར་སྐྱ་རྩི་མར་གྱིས་གང་བའི་རིན་པོ་ཆེའི་སྒྲོན་མེ་ཐོགས་ནས་འོད་ཀྱིས་འཇིག་རྟེན་ཐམས་ཅད་སྣང་བར་བྱེད་པ། བྱང་ཤར་དུ་དྲི་ཆབ་མ་ལྗང་གུ་དྲི་བཟང་གི་ཆུས་གང་བའི་དུང་ཕོར་བསྣམས་ནས་དྲི་ཆུས་བྱུག་པའི་ཕྱག་རྒྱ་མཛད་པ། མཆོད་པའི་ལྷ་མོ་བརྒྱད་པོ་དེ་རེ་རེའང་གྲངས་མེད་པ་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་ཤིང༌། ཟག་མེད་ཀྱི་བདེ་བ་བསྐྱེད་པའི་ཉམས་འགྱུར་དུ་མ་དང་བཅས་ཏེ་བཞེངས་སྟབས་ཀྱིས་བཞུགས་པ། གསེར་རི་དང་པོ་གཉའ་ཤིང་འཛིན་གྱི་སྟེང་གི་ཐད་ཀྱི་ཤར་དུ་ནོར་བུ་མེ་ཤེལ་ལས་གྲུབ་པའི་ཉི་མའི་དཀྱིལ་འཁོར་དཔག་ཚད་ལྔ་བཅུ་རྩ་གཅིག་ཡོད་པ། འོད་ཀྱིས་ཕྱོགས་ཀུན་ཁྱབ་ཅིང་གླིང་བཞིའི་མུན་པ་འཕྲོག་པ། ནུབ་ཏུ་ཟླ་བའི་དཀྱིལ་འཁོར་ནོར་བུ་ཆུ་ཤེལ་ལས་གྲུབ་ཅིང་དཔག་ཚད་ལྔ་བཅུ་ཡོད་པའི་འོད་ཀྱིས་ཕྱོགས་ཀུན་ཁྱབ་པ། གཡས་སུ་ལྷ་རྫས་ལས་གྲུབ་པའི་རིན་པོ་ཆེའི་གདུགས་དཀར་པོ་གསེར་གྱི་ཡུ་བ་དང་ཡིད་བཞིན་ནོར་བུའི་ཏོག་ཅན་ཁོར་ཡུག་ཏུ་ཟབ་གོས་དང་རིན་པོ་ཆེའི་འཕྱང་འཕྲུལ་དང་ལྡན་པ། གཡོན་དུ་ནོར་བུའི་ཏོག་དང་གསེར་གྱི་ཡུ་བ་ཅན་གྱི་ལྷ་རྫས་ལས་བྱས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བཅས་དེ་བཞི་པོ་རེ་རེའང་བགྲང་བ་ལས་འདས་པ། དེ་དག་གི་བར་མཚམས་རྣམས་སུ་བཀྲ་ཤིས་པའི་རྟགས་བརྒྱད་དང༌། རྫས་བརྒྱད། ཉེ་བའི་རིན་ཆེན་བདུན། འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པས་ཕྱུར་བུར་གང་ཞིང༌། ཤིན་ཏུ་གཙང་ཞིང་ཡིད་དུ་འོང་བའི་རྣམ་པ་ཅན། དེ་ཐམས་ཅད་ཀྱང་རང་རང་ལ་མངའ་བའི་ཐུན་མོང་མ་ཡིན་པའི་དཔལ་ཡོན་ལོངས་སྤྱོད་ཉི་ཟེར་གྱི་རྡུལ་འཁྲིགས་པའམ། ཁ་ཆར་བུ་ཡུག་འཚུབས་པ་ལྟར་ལོང་ལོང་དུ་འཕྲོ་བས་ཉི་ཟླ་ནོར་བུའི་འོད་ཀྱང་མོག་མོག་པོར་བྱེད་ཅིང་ནམ་མཁའི་ཁྱོན་ཡང་དོགས་པོར་བྱེད་པ་སྟེ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་གཅིག་ཡིན་ལ། དེ་འདྲ་བ་སྟོང་ཕྲག་གཅིག་གི་མཐར་ལྕགས་རི་ཆེན་པོ་གཅིག་གིས་བསྐོར་བ་ནི་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས། ཡང་དེ་འདྲ་བ་སྟོང་ཕྲག་གཅིག་གི་མཐར་ལྕགས་རི་ཆེན་པོ་གཅིག་གིས་བསྐོར་བ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས། ཡང་དེ་འདྲ་བ་སྟོང་ཕྲག་གཅིག་གི་མཐར་ལྕགས་རི་ཆེན་པོ་གཅིག་གིས་བསྐོར་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཏེ་གླིང་བཞི་ཉི་ཟླ་རི་རབ་ལྷ་གནས་བཅས་བྱེ་བ་ཕྲག་བརྒྱར་གནས་པ་སྟེ། དེ་ཡང་མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང༌། །རི་རབ་དང་ནི་འདོད་ལྷ་དང༌། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་རྣམས་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ། འོད་ཟེར་རེ་རེའི་རྩེ་མོ་ལ་རིན་པོ་ཆེ་ལས་གྲུབ་པའི་པདྨ་སྟོང་གསུམ་གྱི་རྒྱ་ཁྱོན་དང་མཉམ་པ་རེ་རེ། དེ་རེ་རེའི་སྟེང་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་རེ་རེ་སོགས་དང༌། དེ་རྣམས་ཀྱི་རྡུལ་ཕྲ་རབ་རེ་རེའི་ཁོངས་སུའང་བཤད་མ་ཐག་པའི་མཎྜལ་རྡུལ་སྙེད་དུ་འཁྲིགས་ཤིང༌། སོ་སྐྱེའི་བློས་དཔག་པར་མི་ནུས་ལ་མཐའ་གཏུགས་པ་མེད་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་དང་རྗེས་སུ་མཐུན་པ་ལྟ་བུ་ངོ་བོ་བཟང་ཞིང་རྒྱ་ཆེ་བ། གསལ་ལ་མ་འདྲེས་པ་དྭངས་གསལ་འཇའ་ཚོན་གྱི་རང་བཞིན་དུ་བཀྲ་བ་མཐའ་མེད་པའི་བར་དུ་སྤྲོས་ཏེ། སེམས་ཅན་ཀུན་གྱི་དོན་དུ་སྒོ་གསུམ་གུས་པ་ཆེན་པོས་ཡང་དག་པར་འབུལ་བ་ལགས་ན། ཐུགས་བརྩེ་བ་ཆེན་པོས་དགོངས་ནས་ཉེ་བར་བཞེས་ཏེ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས། སྒྲིབ་གཉིས་བྱང༌། སྐུ་གཉིས་ཀྱི་གོ་འཕང་མྱུར་དུ་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་འདོད་པའི་དོན་ལ་གསོལ་བ་རྩེ་གཅིག་ཏུ་བཏབ། དེ་ནས་ཞིང་དང་བསམ་པ་དངོས་པོ་གསུམ་པོའང་སེམས་ལས་གཞན་དུ་མ་གྲུབ་པར་སེམས་ཉིད་གསལ་སྟོང་ཟུང་འཇུག་གི་ཆོ་འཕྲུལ་ཙམ་དུ་ཐག་བཅད་ནས་དེ་གའི་ངང་དུ་འཛིན་པ་མ་ཞུགས་པར་ཅི་གནས་སུ་མཉམ་པར་འཇོག་པ་སྟེ། ས་ཆེན་གྱིས་དབང་བཞིའི་ངོ་སྤྲོད་ལས། ཞིང་དང་བསམ་པ་དངོས་པོ་གསུམ། །གཅིག་ཏུ་བསྲེས་ལ་གསོལ་བ་ཐོབ། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་ན་ཚོགས་གཉིས་དང་ཕར་ཕྱིན་དྲུག་གི་ཉམས་ལེན་ཀྱང་འདིར་འདུས་པ་སྟེ། ཡུལ་ཁྱད་པར་ཅན་གྱི་མདུན་དུ་དངོས་འབྱོར་ཡིད་སྤྲུལ་གྱི་མཎྜལ་འབུལ་བ་ནི་བསོད་ནམས་ཀྱི་ཚོགས་དང༌། བདེན་མེད་སྒྱུ་མ་ལྟ་བུས་རྩིས་ཟིན་ཅིང་མཐར་འཁོར་གསུམ་པོ་སེམས་ཀྱི་རོལ་པར་ཤེས་པའི་ལྟ་བས་རྒྱས་གདབ་པ་ནི་ཡེ་ཤེས་ཀྱི་ཚོགས་ཏེ་ཚོགས་གཉིས་དང༌། མཎྜལ་དབུལ་བ་སྦྱིན་པ། ཉེས་སྤྱོད་སྤོང་བ་ཚུལ་ཁྲིམས། དཀའ་སྤྱད་ཐུབ་པ་བཟོད་པ། སྤྲོ་བས་འཇུག་པ་བརྩོན་འགྲུས། སེམས་རྩེ་གཅིག་པ་བསམ་གཏན། ལྟ་བས་ཟིན་པ་ཤེས་རབ་སྟེ་ཕར་ཕྱིན་དྲུག་གི་སྤྱོད་པའང་ཚང་ལ། འདི་དང་ཕྱོགས་མཐུན་པར་སློབ་དཔོན་གཉིས་མེད་རྡོ་རྗེས། བ་ལྕི་ཆུ་དང་བཅས་པ་སྦྱིན་པ་སྟེ། །ལེགས་པར་བྱུག་པ་ཚུལ་ཁྲིམས་བཟོད་པ་ནི། །སྲོག་ཆགས་ཕྲ་མོ་སེལ་བར་བྱེད་པ་འོ། །བརྩོན་འགྲུས་བྱ་བ་དག་ལ་འཇུག་པ་སྟེ། །བསམ་གཏན་དུས་དེར་རྩེ་གཅིག་བྱེད་པའི་སེམས། །ཤེས་རབ་ཚོགས་ནི་ལེགས་པར་འབར་བ་ཡིན། །ཞེས་གསུངས་སོ། །དེ་ལྟར་སྐྱབས་ཡུལ་དཀོན་མཆོག་རྒྱ་མཚོའི་དྲུང་དུ་རང་གཞན་སེམས་ཅན་རྣམས་ཀྱི་ཚོགས་གཉིས་རྫོགས་ཕྱིར་གླིང་བཞིའི་འཇིག་རྟེན་རབ་འབྱམས་རྒྱ་མཚོར་ལྟ་བུ་སྤྲོས་ནས་ཕྱི་ཀུན་རྫོབ་རྫས་ཀྱི་མཎྜལ་གྱི་ཚུལ་དུ་དབུལ་བ་ལགས་པས། འདིར་འདུས་པའི་ཚོགས་པ་རྣམས་ཀྱིས་དེ་ལྟར་ཐུགས་ལ་ངེས་པར་བྱས་ཏེ་ཐུན་མོང་དུ་མཎྜལ་ཞིག་འབུལ་བར་ཞུ། ཞེས་བསྐུལ་ནས་ཚོགས་པས་གདངས་རིང་དང་བཅས་ཏེ་མཎྜལ་ཚོམ་བུ་སོ་བདུན་མ་དང་གང་གི་མཆོད་རྫས་བཅས་གསུངས་ནས་མཎྜལ་འབུལ་བ་དང༌། རྟེན་གསུམ་འདེགས་འབུལ་སོགས་བྱ་ནའང་དེ་ནས་རིམ་པས་བྱའོ། །སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ཞིང་གི་མཆོག །གཞན་ཕན་དད་པ་རྒྱ་མཚོ་བསམ་པའི་མཆོག །སྣང་སྟོང་མཆོད་སྤྲིན་རྒྱ་མཚོ་དངོས་པོའི་མཆོག །མཆོག་གསུམ་ལྡན་པས་མཎྜལ་འབུལ་བ་གཅེས། །སྦྱོར་བར་རྩོལ་སྒྲུབ་སྡིག་པའི་དྲི་མས་དབེན། །དངོས་གཞིར་སེར་སྣའི་ནོངས་པའི་དྲི་མ་བྲལ། །ཐ་མར་རློམས་སེམས་སྙེམས་པའི་དྲི་མས་སྟོང༌། །ཚེགས་ཆུང་ཚོགས་ཆེན་རྫོགས་པའི་ཐབས་འདི་གཙོ། །དད་པ་རྒྱ་མཚོའི་སྐྱ་བས་ཉེར་བསྐུལ་བའི། །མཆོད་སྤྲིན་རྒྱ་མཚོའི་གྲུ་གཟིངས་ལ་བརྟེན་ནས། །ཚོགས་གཉིས་རྒྱ་མཚོའི་ཕ་མཐར་སོན་པ་དང༌། །གྲུབ་གཉིས་རྒྱ་མཚོའི་དཔལ་ལ་སྤྱོད་གྱུར་ཅིག །ཅེས་ཡིད་སྤྲུལ་མཎྜལ་གྱི་རྣམ་པར་བཤད་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཞེས་བྱ་བ་འདི་ནི། ཆོས་མཆེད་ཟིལ་ཁོག་སྒ་ལེན་མཁན་སྐལ་བཟང་ཚེ་རིང་འདི་ལྟར་འབྲི་དགོས་པ་བཀས་བསྐུལ་ཏེ། ཤིང་སྤྲེལ་ས་ག་ཟླ་བའི་ཡར་ཚེས་ལ་དཔེ་ཝར་བཤད་གྲྭ་གསར་འཛུགས་ཚེ་ཕུན་ཚོགས་ལྔ་ལྡན་སྔོན་དུ་འགྲོ་བའི་མཎྜལ་གྱི་བཤད་པ་བགྱིས་པ་ལས་ཚིག་སྣ་ཅུང་ཟད་བསྲིང་སྟེ་རབ་བན་དགེ་ལེགས་ཕུན་ཚོགས་པས་མེ་ཁྱི་ཆོ་འཕྲུལ་ཟླ་བའི་ཚེས་བཅྭ་བརྒྱད་ལ་སྡེ་དགེ་ལྷུན་འགྲུབ་སྟེང་གི་ཆོས་གྲྭ་ནས་ཤར་མར་བྲིས་པ་སིདྡྷི་རསྟུ། །དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ