དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Friday, 1 February 2013
སྐྱེས་ཆེན་ཞིག་གི་མཛད་རྗེས་དྲན་པ།
|
༄༅། །སྐྱེས་ཆེན་ཞིག་གི་མཛད་རྗེས་དྲན་པ། དམར་ནག་སྤྲིན་གྱི་རལ་པ་ཡིས།། ཉི་ཟེར་རྒྱང་དུ་བསྐྲད་པའི་རྗེས།། སྙིང་རྗེའི་ཟླ་བ་དུམ་བུ་ཞིག། སྲིད་པའི་རྩེ་ནས་འོད་དུ་འཕྲོས།། ནག་པོའི་མཐུ་དཔུང་དར་བ་ཡི།། དུས་ཀྱི་མུན་པ་མཆེད་པའི་ཚེ།། མུན་སེལ་སྒྲོན་མེ་རྐང་གཅིག་གིས།། བྱང་རྒྱུད་ཞིང་ཁམས་སྲུང་བར་བྱས།། སེམས་པ་གདོན་གྱིས་བརླམས་པ་ཡི།། ཀླད་མེད་སྐྱེ་བོའི་ཚོགས་རྣམས་ཀྱིས།། རིགས་ཀྱི་མངའ་ཐང་བརླགས་པ་ལ།། བདེན་དོན་འགྲམ་ལྕག་ཡང་ཡང་གཞུས།། བྷོ་ཊའི་ལྗོངས་ཀྱི་དར་རྒུད་ཀྱི།། རེག་ཟིག་དེབ་ཐེར་གཙང་མའི་ངོས།། ནག་ནོག་དྲི་མ་འཁྱིལ་བ་དེ།། སླར་ཡང་དྭངས་གཙང་ཆུ་ཡིས་བཀྲུས།། སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི།། བསྟན་པའི་གདུགས་དཀར་འགྱེལ་བ་ལ།། བརྩེ་ཆེན་ཐུགས་ཀྱིས་མ་བཟོད་ནས།། སྟོབས་ཆེན་ཕྱག་གིས་གྱེན་དུ་བསླངས།། རུལ་སུངས་དྲི་ངན་འཐུལ་བ་ཡི།། དཔོན་ངན་ཟས་ཀྱིས་འགྲངས་བ་འགར།། བཀའ་བཀྱོན་དབྱུ་གུ་རབ་བསྣུན་པས།། དྲང་བདེན་འགྲོ་ལམ་གསལ་བར་བྱས།། ཕ་མེས་སྐད་དང་ཡི་གེ་སོགས།། རིགས་ཀྱི་ལུས་ཟུངས་གསོ་བའི་ཆེད།། དཀའ་ལས་རྔུལ་ཆུས་རབ་བསྐྲུན་པའི།། སློབ་པའི་འདུས་སྡེ་ཐང་མར་བརྡལ།། མེས་པོའི་གདུང་རྒྱུད་འཛིན་མཁས་པའི།། མཁས་དབང་རྒན་རབས་དུ་མ་ཡི།། རྣམ་དཔྱོད་རིག་པའི་མངའ་ཐང་དེ།། སྟོབས་ཀྱིས་དར་བའི་བྱིན་བརླབས་བསྩལ།། ཐོབ་དང་གོ་ས་གནས་མལ་སོགས།། བསླུ་བྲིད་དཔལ་གྱིས་རབ་མྱོས་པའི།། མཐོ་རིམ་དཔོན་ཁག་རེ་རེ་བཞིན།། ངན་མཚང་དྲུངས་ནས་དབྱུངས་བར་བྱས།། མདོར་ན་བོད་ཁམས་གླིང་དགུ་ཡི།། ཆོས་སྲིད་དཔལ་ཡོན་མཐའ་དག་ཀུན།། ཉིད་ཀྱི་ཕྱག་ཟུང་ཁོ་ན་ཡིས།། འཆི་བདག་ཁ་ནས་ཐེངས་ཤིག་བསྐྱབས།། འོན་ཏང་ཁ་བ་རི་པའི་སྡེའི།། བསོད་ནམས་རླབས་ཀྱིས་མ་འཆུན་པས།། གང་གི་མཚན་དཔེའི་ཡིད་བཞིན་ནོར།། གློ་བུར་སྟོར་བའང་ཀྱེ་མ་ཧུད།། ད་ལྟ་གངས་ཅན་བོད་ཡུལ་གྱི།། འདས་དོན་དྲན་པའི་ཁྱེའུ་ཆུང་ཞིག། ཁྱོད་ཀྱི་གཟིམ་ཁྲིའི་སྟེགས་བུའི་འགྲམ།། སྡུག་བསྔལ་མིག་ཆུ་འདོན་བཞིན་མཆིས།།
ཕྱི་ལོ་༢༠༡༣ལོའི་ཟླ་༡ཚེས་༢༨ཉིན་གཟིམ་ཆུང་སྐལ་བཟང་ཕོ་བྲང་གི་ཉེ་འགྲམ་དུ།
མགོན་པོ་གང་གི་མཛད་པ་ཐ་མའི་གཟིམ་ཁྲིའི་འགྲམ་ནས་རྗེས་སུ་དྲན་པ། |
Subscribe to:
Post Comments (Atom)
0 comments:
Post a Comment