དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 2 February 2013
མགར་འཇམ་ལ་ཕུལ་བ་སྔ་འགྱུར་བསྟན་པའི་ཆོས་སྒྲ།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།
ཀུན་བཟང་གདོད་མའི་མགོན་པོ་བདེ་གཤེགས་སྙིང་། །
ཁྱད་ཆོས་དྲུག་གི་མངོན་པར་སངས་རྒྱས་ཆོས། །
མ་ལུས་འགྲོ་ལ་སྟོན་པའི་བཀའ་དྲིན་ཅན། །
སྔ་འགྱུར་རིག་འཛིན་བརྒྱུད་པའི་ཚོགས་ཀུན་རྒྱལ། །
སྔ་འགྱུར་བསྟན་པའི་ཆུ་འགོ་ཡོད་མིན་ན། །
ས་དགེ་བཀའ་ཇོའི་ཆུ་རྒྱུན་འབྱུང་མི་སྲིད། །
ཆོས་རྒྱལ་མེས་པོའི་བཀའ་བསྟན་དྲི་མེད་ལ། །
དད་བརྩོན་ཤེས་རབ་ལྡན་པས་རོལ་ན་ལེགས། །
མཁྱེན་དཔྱོད་མཁའ་དབྱིངས་མ་ཆོད་ཁྱིམ་བྱ་ཞིག །
བརྩེ་ཆེན་མ་མས་སྐྱོང་པའི་འདབ་ཆགས་གཟུགས། །
བྱ་རྒྱལ་ཁྱུང་ཆེན་འགྲན་པའི་ང་རྒྱལ་ནས། །
གཡོ་ཟོལ་འགྱིང་བག་མཁས་ཀྱང་སྙིང་རྗེའི་གནས། །
མགར་ཕྲུག་ཡོན་ཏན་དྲོད་ཁོལ་འབུམ་རྫོགས་སྙམ། །
ངེས་དོན་སྤྲུལ་སྐུ་སྨད་པའི་སྙིང་ཁམས་ཅན། །
ཐུབ་དབང་བརྒྱུད་པས་གཟིགས་ན་ཨ་ཙ་མ། །
ཆོས་བརྒྱད་རླུང་དམར་ཁྲོད་ན་མཆིས་ལགས་སམ། །
བདེན་རྫུན་མ་ཤེས་དབུ་མ་ཐལ་རང་སྨྲ། །
དགེ་སྡིག་མ་ཤེས་དམ་པར་སྒྲོ་བཀུར་འདེབས། །
བཟང་ངན་མ་ཤེས་གྲོགས་ལ་ངན་སྨོད་མཁན། །
དུས་མཐའི་ལས་ངན་རང་གི་རང་མགོར་དཀྲིས། །
ཀཿཐོག་རིག་འཛིན་བརྒྱུད་པའི་ཕྱག་སྲོལ་དང་། །
འཇའ་ལུས་འབུམ་ཚོགས་གྲོལ་བའི་སྐྱེས་རབས་དག །
མཐོང་བར་ལྟ་ཅི་ཐོས་པར་མ་གྱུར་པའི། །
མགར་ཕྲུག་ཨ་ཕའི་ཁ་ཕོར་གཙང་ཞེན་ཆགས། །
ས་མཐར་མ་ཆོད་མགར་ཁང་རྩ་རུ་ལྷག །
ལྟ་གྲུབ་མ་ཤེས་སྔ་འགྱུར་བསྟན་པར་སྨད། །
ཞིབ་ཏུ་མ་བསམ་འཁྲུལ་གཏམ་ལུང་བ་བསྐངས། །
རང་སྣང་དགྲ་རུ་མ་བཟུང་མགར་རྒན་ལགས། །
རྒྱུ་རྐྱེན་རྟེན་འབྱུང་ཟབ་མོའི་ལྟ་བ་དང་། །
འཚེ་མེད་སྤྱོད་པའི་དྲི་ཙམ་མི་བྲོ་བའི། །
གྲུབ་མཐའི་ཕྱོགས་ཞེན་ཁྱེར་བའི་མགར་ར་ཁྱེད། །
སྐྱ་སེར་གོ་ལྡོག་མ་མཛད་སྐུ་ཚེ་རིང་། །
རྒྱལ་བའི་བཀའ་བསྟན་གསུང་ལ་ཡིད་ཆེས་ན། །
སྐྱེ་བར་སྔ་ཕྱི་འདོད་པ་ཞིག་ཡིན་ན། །
གངས་ལྗོངས་བསྟན་སྲིད་སེམས་པ་ཞིག་ཡིན་ན། །
རང་སེམས་རྩད་གཅོད་བྱེད་པའི་དུས་ལ་བབས། །
སྒོར་ལ་དད་པ་བཞག་ན་གཡོ་རྫུན་ཡིན། །
ཆོས་པ་སྐྱོན་དུ་བལྟས་ན་འཁྲུལ་བ་ཡིན། །
གྲོགས་ལ་ངོ་ལྐོག་བྱས་ན་རྐུན་མ་ཡིན། །
མ་ཉེས་མཚན་སྨད་མ་གཏོང་སྐུ་ཚེ་རིང་། །
ལྟ་བ་ཆད་ལྟ་ལྷུང་ན་རྒྱང་འཕེན་པ། །
སྒོམ་པ་ངེས་ཤེས་མེད་ན་བྱི་བ་པ། །
སྤྱོད་པ་འཚེ་བ་བྱས་ན་ཉེན་རྟོག་པ། །
འབྲས་བུ་རང་གཞན་བརླག་ན་ཆོས་པ་མིན། །
རྨད་བྱུང་གདམས་ངག་ཟབ་མོའི་གསང་རྒྱ་འདི། །
མགར་རྒན་ཆོས་མེད་ཁྱེད་ལ་ཐོལ་གྱིས་ཐལ། །
སྨན་མཆོག་བདུད་རྩི་བརྒྱ་ཡི་དོ་ཟླ་དབེན། །
ས་ཐག་རིང་ཡང་དུང་སེམས་ཨེ་མ་ཧོ། །
ཞེས་པ་རབ་རྒྱན་ཆུ་འབྲུག་རྒྱལ་ཟླའི་དབང་ཕྱོགས་རྒྱལ་བ་གཉིས་པར་མགར་འཇམ་ཟེར་བ་སོགས་མཚོ་སྔོན་ཟིན་བྲིས་ནང་དུ་རྒྱུ་མཚན་མེད་པར་སྔ་འགྱུར་བསྟན་པ་དང་བསྟན་འཛིན་དམ་པའི་སྐུ་པར་དག་ལ་ངན་སྨོད་ཁོ་ན་བྱེད་པར་དགའ་བ་ཚོ་ལ་རིག་འཛིན་ཨེ་མ་ཧོས་གདམས་པ་སྨྲས་པར་དགེའོ།
།
Subscribe to:
Post Comments (Atom)
0 comments:
Post a Comment