བདེ་བཤེགས་མཆོད་རྟེན་བརྒྱད་ངོ་སྤྲོད།
གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ།།
ས་ཆེན་འདི་ལ་གོམ་པ་བདུན་བོར་ནས།།
ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས།།
དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ།།
ཡོངས་གྲགས་ལ་བདེ་བར་གཤེགས་པའི་མཆོད་རྟེན་རྣམ་པ་བརྒྱད་དེ། བྱང་ཆུབ་མཆོད་རྟེན་དང་།
པད་སྤུངས་མཆོད་རྟེན། སྒོ་མང་མཆོད་རྟེན། ཆོ་འཕྲུལ་མཆོད་རྟེན། ལྷ་བབས་མཆོད་རྟེན།
དབྱེན་ཟླུམ་མཆོད་རྟེན། རྣམ་རྒྱལ་མཆོད་རྟེན།
མྱང་འདས་མཆོད་རྟེན་བཅས་ནི་སངས་རྒྱས་ཀྱི་མཛད་ཆེན་བརྒྱད་ཀྱི་དུས་སུ་བཞེངས་པ་སྟེ།
གཤམ་ནས་རེ་རེ་བཞིན་ངོ་སྤྲོད་ཀྱི་ཚུལ་དུ་གླེང་ན།
བོད་དུ་བཞེངས་པའི་མཆོད་རྟེན་ནི།
སྟོན་པ་ཤཱཀྱ་ཐུབ་པས་རྒྱ་གར་དུ་མཛད་པ་གཙོ་བོར་བསྟན་པའི་གནས་ཆེན་བརྒྱད་ཀྱི་མཆོད་རྟེན་བོད་ལུགས་སུ་བཞེངས་པ་སྟེ། ༡
པད་སྤུངས་མཆོད་རྟེན། པད་སྤུངས་མཆོད་རྟེན་ནི་སྟོན་པ་སེར་སྐྱར་སྐུ་བལྟམས་མ་ཐག་ཕྱོགས་བཞིར་གོམ་པ་བདུན་རེ་སྤོས་པ་ན་མེ་ཏོག་པད་མ་བདུན་རེ་སྐྱེས་པ་དེའི་རྗེས་དྲན་གྱི་ཆེད་དུ་གྲོང་ཁྱེར་སེར་སྐྱའི་ལུམ་བིའི་ཚལ་དུ་ཡབ་ཟས་གཙང་སོགས་ཀྱིས་བཞེངས་པའི་མཆོག་རྟེན་ལ་པད་སྤུངས་མཆོད་རྟེན་ཟེར།
ཡང་ན་བཀྲ་ཤིས་འབྱུང་བའི་མཆོད་རྟེན་ནི་ཟླུམ་པོ་པདྨ་འདབ་མ་ཅན་གྱི་བང་རིམ་བཞིའམ་བདུན་དུ་བརྩེགས་པ།
༢
བྱང་ཆུབ་མཆོད་རྟེན། བྱང་ཆུབ་མཆོད་རྟེན་ནི་རྒྱལ་པོའི་ཁབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་རྒྱལ་བོ་གཟུགས་ཅན་སྙིང་པོ་སོགས་ཀྱིས་བཞེངས་པའི་བྱང་ཆུབ་ཆེན་པོའི་མཆོད་རྟེན་དབྱིབས་གྲུ་བཞི་བང་རིམ་བཞི་དང་ལྡན་པ།
༣
སྒོ་མང་མཆོད་རྟེན། སྒོ་མང་མཆོད་རྟེན་ནི་སྟོན་པས་ཡུལ་ཝ་རཱ་ཎ་སིར་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་འཁོར་ལྔ་སྡེ་བཟང་པོས་བཞེངས་པའི་ཡེ་ཤེས་མཆོད་རྟེན་ནམ་ཆོས་འཁོར་མཆོད་རྟེན་དང་།
ཡང་ན་བཀྲ་ཤིས་སྒོ་མང་མཆོད་རྟེན་ནི་དབྱིབས་གྲུ་བཞི་བང་རིམ་བཞི་གློ་འབུར་དང་བཅས་པ་སྒོ་རབ་བརྒྱ་རྩ་བརྒྱད།
འབྲིང་ལ་ང་དྲུག
ཐ་མ་བཅུ་དྲུག་སོགས་ཅི་རིགས་དང་སྒོ་བཞི་རེ་བྱས་པ་བདེན་བཞིའི་མཚོན་བྱེད་དང་བརྒྱད་དེ་བྱེད་པ་རྣམ་ཐར་བརྒྱད་དུ་མཚོན་བྱེད་དང་།
བཅུ་གཉིས་སུ་བྱེད་པ་རྟེན་འབྲེལ་བཅུ་གཉིས།
བཅུ་དྲུག་ཏུ་བྱེད་པ་སྟོང་ཉིད་བཅུ་དྲུག་གི་མཚོན་ཚུལ་བཅས་རིགས་མང་པོ་ཡོད་པ་དེའོ།
༤
ཆོ་འཕྲུལ་མཆོད་རྟེན། ཆོ་འཕྲུལ་མཆོད་རྟེན་ནི་སྟོན་པས་ཆོ་འཕྲུལ་ཆེན་པོ་བསྟན་ཏེ་མུ་སྟེགས་སྟོན་པ་དྲུག་སྟེ་རྫོགས་བྱེད་དང༌།
ཕྱུགས་ལྷས་ཀྱི་བུ།
ཡང་དག་རྒྱལ་བ་ཅན།
མི་ཕམ་སྐྲའི་ལ་བ་ཅན།
ཀཱ་ཏ་ཡ་ནའི་བུ་ནོག་ཅན།
གཅེར་བུ་བ་གཉེན་གྱི་བུ་བཅས་ཚར་བཅད་ཅིང་ཕམ་པར་བྱས་པའི་རྗེས་མཉན་ཡོད་ཛི་ཏའི་ཚལ་དུ་རྒྱལ་བོ་ཤར་པ་དང་ལི་ཙ་བྱི་སོགས་ཀྱིས་བཞེངས་པའི་མུ་སྟེགས་ཕམ་བྱེད་ཀྱི་མཆོད་རྟེན་ནམ་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་དབྱིབས་གྲུ་བཞི་བང་རིམ་བཞི་དང་ལྡན་པ།
ཕྱོགས་བཞིར་གློ་འབུར་དང་བཅས་པ།
༥
ལྷ་བབས་མཆོད་རྟེན། ལྷ་བབས་མཆོད་རྟེན་ནི་སྟོན་པ་སུམ་རྩེན་དུ་དབྱར་གནས་མཛད་དེ་ཡུམ་བདེན་པ་ལ་བཀོད་ཅིང་སྔ་དྲོ་དགག་དབྱེ་མཛད།
ཕྱི་དྲོ་འཛམ་བུ་གླིང་དུ་ཕེབས་པའི་ཚེ་གསལ་རྒྱལ་སོགས་ཀྱིས་ཡངས་པ་ཅན་གསལ་ལྡན་དུ་བཞེངས་པའི་དཔལ་ལྷ་ལས་བབས་པའི་མཆོད་རྟེན་ནམ་སུམ་ཅུ་རྩ་གསུམ་ལྷའི་མཆོད་རྟེན་དུ་གྲགས་པ།
བང་རིམ་བཞིའམ་བརྒྱད་པ།
ངོས་རེར་གློ་འབུར་དང་བཅས་པའི་གློ་འབུར་གྱི་དབུས་ན་ཐེམ་སྐམ་ཡོད་པ།
༦
དབྱེན་ཟླུམ་མཆོད་རྟེན།
དབྱེན་ཟླུམ་མཆོད་རྟེན་ནི་རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱིས་དགེ་འདུན་རྣམས་དབྱེན་བྱས་པ་མཆོག་ཟུང་གིས་འདུམ་པའི་ཚེ་རྒྱལ་བྱེད་སོགས་མ་ག་དྷ་བས་བཞེངས་པའི་དབྱེན་ཟླུམ་མཆོད་རྟེན་ནམ་འོད་ཟེར་ཅན་ནམ་བྱམས་དངོས་མཆོད་རྟེན་དུ་གྲགས་པ་བང་རིམ་བཞི་པ་གྲུ་བཞིའི་ཟུར་བཞི་མཉམ་པར་བཅད་པ་ལྟ་བུ། ༧
རྣམ་རྒྱལ་མཆོད་རྟེན། རྣམ་རྒྱལ་མཆོད་རྟེན་ནི་སྟོན་པ་ཡངས་པ་ཅན་དུ་ཟླ་བ་གསུམ་དུ་སྲོག་གི་འདུ་བྱེད་བྱིན་གྱིས་བརླབས་ཤིང་བདུད་ལས་རྣམ་པར་རྒྱལ་པའི་ཚེ་ན།
གྲོང་ཁྱེར་པ་རྣམས་ཀྱིས་བཞེངས་པའི་བྱིན་རླབས་མཆོད་རྟེན་ནམ་རྣམ་པར་རྒྱལ་བའི་མཆོད་རྟེན་ནི།དབྱིབས་ཟླུམ་པོ་བང་རིམ་གསུམ་དང་ལྡན་པ།
༨
མྱ་འདས་མཆོད་རྟེན། མྱ་འདས་མཆོད་རྟེན་ནི་གྲོང་ཁྱེར་རྩྭ་ཅན་དུ་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་སར་ཡུལ་མི་རྣམས་ཀྱིས་བཞེངས་པའི་མྱ་ངན་འདས་པའི་མཆོད་རྟེན་དུ་གྲགས་པ་བང་རིམ་མེད་པ་གདན་ཁྲིའི་སྟེང་དུ་བུམ་གདན་མན་ཆད་དྲིལ་བུའི་མདོང་མོའི་དབྱིབས་ལྟ་བུ་མར་རིམ་གྱིས་གཡེར་བ་དང་།
ཡང་ན་བུམ་པ་མེད་ཅིང་བུམ་པ་བང་རིམ་དང་བཅས་དྲིལ་མདོང་གི་དབྱིབས་བྱེད་པའི་ལུགས་གཉིས་བཞུགས་པ་བཅས་མཆོད་རྟེན་བརྒྱད་དུ་གྲགས་པ་རྣམས་ཏེ།
སྟོན་པ་མྱ་ངན་ལས་འདས་རྗེས་སངས་རྒྱས་ཀྱི་རིལ་བསྲེལ་དང་འཕེལ་གདུང་རྣམས་ཕྱོགས་དང་ཕྱོགས་མཚམས་སུ་དྲངས་ཏེ།
དེ་དག་བཞུགས་པའི་མཆོད་རྟེན་དབྱིབས་དང་རྣམ་པ་སྣ་ཚོགས་བགྲངས་ལས་འདས་པ་ཞིག་བཞེངས་སོ།།
གོང་གི་མཚམས་སྦྱོར་མདོར་བསྡུས་འདི་ནི་སྟོན་པའི་རྣམ་ཐར་མང་པོ་ཞིག་ཡོད་ཀྱང་རྗེས་དྲན་མཆོད་རྟེན་འདི་དག་བཞེངས་སའི་གནས་དང་སྦྱིན་བདག་གི་མིང་སོགས་མི་མཐུན་པའང་ཡོད་པས་མང་པོའི་ཕྱོགས་སུ་ལངས་ཏེ་བྲིས་པ་ཞིག་ཡིན།
གལ་ཏེ་འགལ་བ་དང་ནོར་འཁྲུལ།
ཆད་ལྷག་བྱུང་བ་ཡོད་ན་དཔྱོད་ལྡན་དག་གིས་མཛུབ་སྟོན་གྱི་རི་མོ་གདོང་དུ་ཕབ་རོགས་མཁྱེན་ཞུ།
ཞེས་མདོ་སྨད་༧རྗེ་སྐུ་འབུམ་བྱམས་པ་གླིང་གི་གྲལ་མཐའ་བ་མི་ཁོམ་པའི་རྒྱལ་སྲས་སུ་འབོད་པས་ལྷག་བསམ་དག་པས་སྦྱར་བའོ།། |
0 comments:
Post a Comment