དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Monday, 31 March 2014
jiangseng 2014-3-31 16:42:12
མཁན་ཆེན་བླ་མ་རང་ཉིད་ཀྱིས་གསུངས་པའི་རྒྱལ་པོ་གླང་དར་བཀྲོངས་པའི་རྗེས་འབྲས་ལ་དཔྱད་པ་ཞེས་པའི་དཔྱད་རྩོམ་དེ་ལ་དོགས་གཞི་དང་བསམ་གཞིིག་བྱེད་དགོས་སའི་གནས་དུ་མ་ཞིག་འདུག་སྙམ་ནས་དོགས་སློང་གི་ཚུལ་དུ་ཕུལ་བ་ཡིན་པས་དོགས་སློང་གི་རྩོམ་ཐུང་ཞིག་ཡིན། འདིི་ལ་ཁ་ཤས་ཀྱིས་དགག་སྒྲུབ་བྱས་འདུག་སྙམ་ཡང་དཔྱད་རིན་དང་བལྟ་རིན་ཡོད་པའི་དགག་རྩོམ་ཞིག་མིན་པས་དགག་སྒྲུབ་ཀྱི་རྣམ་བཞག་ནི་འདི་ཙམ་ཞིག་ག་ལ་ཡིན།
བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཕྱོགས་རིས་བྱས་འདུག
༼༡༽
དུས་རབས་གསུམ་པའི་དུས་དཀྱིལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་པཎྡིཊ་བློ་སེམས་མཚོ་དང་ལོ་ཙྭ་བ་ལི་ཐེ་སེ་གཉིས་ཀྱིས་དཔང་བཀོང་ཕྱག་རྒྱ་བ་དང་མདོ་སྡེ་ཟ་མ་ཏོག་གི་སྙིང་པོ་ཡི་གེ་དྲུག་པ། ད་དུང་ཙིནྡྷ་མ་ཎྀའི་སྐོར་ཕོར་བཅས་བོད་དུ་གདན་དྲངས་ཏེ་རྒྱལ་པོ་ལ་ཕུལ་པ་ནས་བཟུང་བོད་ཡུལ་དུ་དམ་པའི་ཆོས་དབུ་བསྙེས་པའི་མགོ་བཟུང་ཡོད་ལ་བོད་མི་རྣམས་དམ་པའི་ཆོས་ལ་དགའ་བའི་མགོ་ཡང་བཟུང་ཡོད། དེ་དུས་ནས་བོད་ཡུལ་དུ་བེན་དང་བོན་གཉིས་ཀྱི་ལྟ་བ་ལ་འགལ་རྐྱེན་འབྱུང་བའི་རྨང་གཞི་གྲུབ་པ་རེད་ལ་ཆོས་ལུགས་ཀྱི་བར་དུ་ཕྱོགས་རིས་བྱེད་པའི་རྨང་གཞི་ཡང་ཚུགས་པ་རེད། ང་ཚོ་ཉམ་ཆུང་བའི་མི་རིགས་འདི་ཉམ་ཆུང་དུ་འགྱུར་བའི་རྨང་གཞི་ཚུགས་པ་མ་ཟད་གཞན་དབང་དུ་གྱུར་བའི་ང་ཚོ་གཞན་དབང་དུ་གྱུར་བའི་རྩ་བ་ཡང་ཚུགས་པ་རེད།
ང་ཚོ་ལ་ཕ་ཆོས་དྲི་མ་མེད་པ་ཞིག་ཡོད་བཞིན་དུ་གློ་བུར་དུ་ཆོས་ལུགས་གཞན་པ་ཞིག་ལ་དད་གུས་དང་ཡིད་སྨོན་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ང་ཚོ་རང་ལ་སྐྱོན་མེད་ཡོན་ཏན་ཀུན་ལྡན་གྱི་སྟོན་པ་ཞིག་ཡོད་བཞིན་དུ་སྟོན་པ་གཞན་པ་ཞིག་སྐྱབས་གནས་སུ་བཟུང་དགོས་པའི་རྒྱུ་མཚན་གང་ཡིན་ནམ། བེན་ཆོས་དང་བོན་ཆོས་གཉིས་གང་ཞིག་ནས་ཡག་སྡུག་དང་བཟང་ངན་ཕྱིན་པ་ཡིན་ནམ། ཆ་ཚང་རང་བཞིན་ལྡན་པའི་ཆོས་ལུགས་གཅིག་ཡོད་པས་མི་ཆོག་ད་དུང་ཆོས་ལུགས་གཞན་པ་ཞིག་དར་སྤེལ་གཏང་དགོས་དོན་གང་ཡིན་ནམ། བོན་སྟོན་གཤེན་རབ་དང་བེན་སྟོན་པ་ཤྭཀྱ་ཐུབ་གཉིས་སངས་རྒྱས་གཅིག་གི་ངོ་བོ་ཡིན་པར་འདོད་བཞིན་དུ་དེ་གཉིས་ཀྱི་ཆོས་ལུགས་བར་འཁྲུག་བཙོད་སློང་དགོས་གང་ཡིན་ནམ། ནམ་རྒྱུན་དྲི་ལན་མི་རྙེད་པའི་དྲི་བ་མང་པོ་ཞིག་ངའི་སེམས་སུ་དྲན་བཞིན་འདུག་ལ། ཐག་བཅོད་མི་ཐུབ་པའི་བསམ་གཞིག་ཁྲོད་དུ་ཉི་མ་ཡང་འདས་བཞིན་འདུག
ཕྱིས་སུ་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་ནང་ཆོས་ཅུང་དར་རྒྱས་ཕྱིན་ཡོད་ལ་ནང་ཆོས་ནང་ལེགས་ཕྱོགས་ཀྱི་ཆ་དུ་མ་ཞིག་གཞིར་བཞག་ནས་མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བ་བཅུ་ཞེས་ཁྲིམས་སྲོལ་བཙུགས། དེ་དུས་ཡིན་ན་བོད་མི་རྣམས་ཀྱི་སེམས་ཁམས་དེ་ཙམ་ནང་ཆོས་ཀྱིས་བསླུས་མེད་ལ་ཆོས་ལུགས་གཞན་ལ་སྡང་སེམས་བློ་ཡང་དེ་ཙམ་སྟོབས་ཆེན་ཞིག་མིན། དེའི་སྐབས་ཀྱི་ནང་ཆོས་ནི་ནང་ཆོས་ཀྱི་རྣམ་པ་དང་དྲི་ཡོད་ལ་དགེ་མཚན་དང་ཕན་ཡོན་སྨིན་མཁོ་ཐག་ཅིག་ཡོད།
ཡིན་ནའང་བཙན་པོའི་རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ནང་ཆོས་ཀྱི་ཤན་ཞུགས་ཆེ་རུ་སོང་ནས་ཆོས་ལུགས་ཀྱི་བར་དུ་ཕྱོགས་རིས་དང་འཁྲུག་བཙོད་སློང་བའི་འགོ་ཚུགས། ནང་ཆོས་ལ་ཤིན་ཏུ་མོས་པའི་བཙན་པོ་ཁོང་གིས་རླབས་ཆེན་གྱི་ལོ་ཙྭ་བ་མང་པོ་ཞིག་གསོ་སྐྱོང་བྱས་ཡོད་ལ་རྒྱ་གར་གྱི་པཎ་གྲུབ་མང་པོ་ཞིག་གདན་ཞུ་བྱས་ནས་ནང་ཆོས་ཀྱི་ཐད་ལ་མཛད་རྗེས་རྒྱ་མཚོ་ནས་གཏིང་ཟབ་པ་དང་རི་བོ་ལས་དཔངས་མཐོ་བ་འགའ་བཞག་ཡོད་ཅིང་། ང་ཚོའི་བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆ་ནས་བཤད་ན་བཙན་པོ་ཁོང་གི་བཀའ་དྲིན་ནི་སུས་ཀྱང་ལེན་པོ་འཇལ་དུ་མི་ནུས་པ་ཞིག་དང་སུས་ཀྱང་ཁོང་གི་མཛད་རྗེས་ལ་འགྲན་དུ་མི་བཟོད་པ་ཞིག་ཡིན། མ་བསམ་ས་ཞིག་ནས་ནང་ཆོས་ལ་མོས་པ་ཧ་ཅང་ཆེ་བའི་བཙན་པོ་ཁོང་གིས་བོན་པོའི་ཆོས་དང་རྒྱ་ནག་ཧ་ཤང་གི་ཆོས་ལུགས་ལ་སྡང་ཞུགས་བྱས་པས་ཆོས་ལུགས་ཀྱི་བར་དུ་འཁྲུག་བཙོད་དང་ཆགས་སྡང་བྱེད་པའི་རྨང་གཞི་ཚུགས་པ་རེད་ལ་རྒྱལ་པོ་ཞིག་ལ་ཆོས་ལུགས་བར་དུ་འདྲ་མཉམ་གྱི་ལྟ་ཚུལ་མེད་ན་རྒྱལ་པོ་དེའི་རྗེས་སུ་འབྲང་བའི་འབངས་མི་རྣམས་ལ་འདྲ་མཉམ་གྱི་ལྟ་ཚུལ་ཞིག་གང་ནས་ཐོན་ཡོང་། རྐྱེན་དེ་ཡིས་ས་བོན་བསྐྲུན་པ་ནས་བཟུང་རྒྱལ་པོ་རྣམས་ཆོས་ལུགས་པའི་དུག་འབེན་དུ་གྱུར་སོང་ལ་ཆོས་ལུགས་བར་གྱི་ཚེར་མ་རུ་གྱུར་སོང་།
དེ་ལས་ཀྱང་ཚབ་ཆེ་བ་ནི་ལྷ་སྲས་དར་མ་འུ་དུམ་བཙན་གྱི་མཆེད་ཡ་མངའ་བདག་ཁྲི་རལ་པ་ཅན་གྱི་དུས་སུ་ནང་ཆོས་ཀྱིས་བོད་མིའི་ལུས་སེམས་ཕྱི་ནང་མེད་པར་བསླུས་ཡོད་པས་དད་པ་ནི་བོད་མི་རྣམས་ཀྱི་ཤ་གསེང་རུས་གསེང་དུ་ཐིམ་ཡོད། ནང་ཆོས་ཀྱི་ཆེད་དུ་ཡོད་ཚད་བློས་གཏང་ཐུབ་པའི་བཙན་པོ་ཁོང་གིས་རྒྱལ་བློན་གྱི་བཞུགས་གདན་དང་མི་སེར་གྱི་ཁེ་ཕན་ཚང་མ་ནང་ཆོས་ཀྱི་དགེ་སློང་རྣམས་ལ་ཕུལ་བ་མ་ཟད་ཐ་ན་རང་ཉིད་ཀྱི་མགོ་ལ་ཡོད་པའི་དབུ་སྐྲ་གཡུ་ཡི་རལ་བ་ཡང་དགེ་སློང་རྣམས་ཀྱི་བཞུགས་གདན་དུ་ཕུལ་བས། ཅི་འདྲའི་བཙན་པོ་དད་ལྡན་ཞིག་དང་ཅི་འདྲའི་བཙན་པོ་ཆོས་པ་ཞིག་རེད།
དད་ལྡན་གྱི་རྒྱལ་པོ་ཁོང་གིས་མི་ལོ་ཉེར་དྲུག་ཙམ་རྒྱལ་སྲིད་བསྐྱངས་པས་ནང་ཆོས་ཀྱི་དགེ་སློང་ནི་བསོད་ནམས་ཇེ་ཆེ་དང་རབ་བྱུང་གི་དགེ་འདུན་ནི་དབང་ཆ་ཇེ་ཆེ་རུ་སོང་བས་བོད་ཡུལ་འདི་དགེ་འདུན་པས་བདག་བཟུང་བྱེད་པའི་རྟེན་འབྲེལ་འགྲིག་ བྲན་ཁ་དཔལ་ཡོན་སོགས་རབ་བྱུང་ངུར་སྨྲིག་གི་སྡེ་ཁག་ཅིག་རི་ཁྲོད་དབེན་པར་སོང་ནས་སྤངས་ཀློག་བསམ་གཏན་གྱི་ལས་ལ་མ་བརྩོན་པར། རྒྱལ་བློན་གྱི་གྲལ་དུ་བསྡད་ནས་ཆགས་སྡང་གི་མི་ཆོས་བསྒྲུབས་པ་ནི་བསམ་བཞིན་དུ་བདག་ཅག་གིི་སྟོན་པ་བཀའ་དྲིན་ཅན་ལ་ཞེ་ནག་བྱས་པ་ཞིག་མ་ཡིན་ནམ། དེ་ནི་ཇི་ལྟར་བསམ་གཞིག་བྱས་ཀྱང་སྟོན་པའི་གདོང་དུ་ཐལ་བ་བྱུག་པ་དང་སངས་རྒྱས་ཀྱི་ཞབས་སུ་ཐག་ནག་བཏགས་པ་ཞིག་རེད་སྙམ། ད་དུང་ཡང་བཤད་ཚོད་བདེན་ན་དགེ་སློང་ཁོང་གིས་རྒྱལ་པོའི་བཙུན་མོ་ངང་ཚུལ་མ་དང་མཉམ་དུ་འཇིག་རྟེན་གྱི་བདེ་བ་ཉམས་སུ་བཞེས་པ་ཡང་སྟོན་པ་སངས་རྒྱས་ཀྱིས་དགེ་སློང་ཁོང་ལ་གནང་བ་སྟེར་བ་ཡིན་མི་སྲིད་ལ། གལ་སྲིད་སྡེག་བློན་རྣམས་ཀྱིས་ཞེ་ནག་གི་སྒོ་ནས་སྙན་པྲ་གསོལ་བ་ཙམ་ཡིན་ན་རྒྱལ་པོས་དེ་ལ་ཡིད་ཆེས་བྱེད་དགོས་དོན་མེད་ལ་བཙུན་མོ་ཡང་དོན་མེད་རང་ཤི་རྒྱག་དགོས་དོན་མེད། དེ་ལྟར་བསམ་གཞིག་བྱས་དུས་བཙུན་མོ་རང་ཤི་རྒྱག་དོན་ནི་སྙན་པྲ་གསོལ་བ་དེ་ལ་རྒྱལ་པོ་དང་ཆོོས་བློན་རྣམས་ཡིད་ཆེས་པའིི་རྐྱེན་གྱིས་ཡིན་པ་མ་ཟད་བཙུན་མོ་དང་བྲན་ཀ་དཔལ་ཡོན་གྱི་བར་དུ་མཛའ་འབྲེལ་གྱི་དོན་རྐྱེན་བྱུང་མྱོང་མེད་པའི་བདེན་དཔང་སྤུ་རྩེ་ཙམ་སྟོན་རྒྱུ་མེད་པའི་རྐྱེན་གྱིས་རེད།
དེ་དུས་ཀྱི་རྒྱལ་བློན་ཚང་མ་བཙུན་མོ་དང་བློན་པོ་བར་གྱི་མཛའ་འབྲེལ་ལ་ཡིད་ཆེས་ནས་བཙུན་མོ་རང་ལྕེབས་བྱས་ཀྱང་དེ་ནི་སྡེག་བློན་རྣམས་ཀྱིས་གཡོ་རྒྱུས་བྱས་པ་རེད་ཟེར་ན། འོ་ན་བཙུན་མོ་དང་བྲན་ཀ་དཔལ་ཡོན་སྐུ་དངོས་བཞུགས་ཀྱི་སྐབས་སུ་ཁོ་གཉིས་དཀར་པོ་ཡིན་པའི་བདེན་པ་མེད་ན་ཕྱིས་སུ་བདེན་དཔང་སུ་ཞིག་གིས་རྙེད་པ་རེད་དམ། དེ་སྙན་པྲ་ཡིན་པ་སུ་ཞིག་གིས་ཤེས་པ་རེད། མི་བཞུགས་རྒྱུ་གནས་ཀྱི་དུས་སུ་བདེན་དཔང་མ་རྙེད་ནས་བཙུན་མོའི་སྲོག་ཤོར་བས་མི་ཚད་དགེ་སློང་གི་མགོ་ཡང་ཤོར་བ་ཡིན་ཡང་མི་རབས་དུ་མ་ཞིག་འདས་ཚར་དུས་གཞི་ནས་སྙན་པྲ་བྱས་པ་རེད། སྡེག་བློན་རྣམས་ཀྱི་གཡོ་ཇུས་བྱས་པ་རེད་ཟེར་ན་སྔ་གདང་ཕྱི་གདང་རྒྱག་ཤེས་མཁན་གྱི་མི་ཞིག་ཡིན་ན་དེ་ལ་བདེན་པར་འཛིན་ཐབས་ག་ལ་ཡོད།
མཁན་ཆེན་ཁོང་གིས་དེ་ནས་འབས་སྟག་སྣ་ཅན་ལ་སོགས་པ་སྡི་བློན་འགའ་ཞིག་ཞིག་གིས་ཆོས་ཁྲིམས་བཤིག་པར་འདོད་ནས་བཙད་པོའི་ལྷ་སྲས་གཙང་མ་མོན་ཡུལ་དུ་སྤྱུག བཙུན་མོ་ངང་ཚུལ་མ་དང་བྲན་ཀ་དཔལ་ཡོན་མཛའ་ཞེས་རྒྱལ་པོ་ལ་སྙན་པྲ་གསོལ་བས་བཙུན་མོ་རང་ལྕེབས་ནས་ཤི བློན་པོ་དེ་ཉིད་འབས་སྟག་སྣ་ཅན་སོགས་ཀྱིས་བཟུང་ནས་བཀྲོངས། དེ་རྗེས་རྒྱལ་པོ་རྒུན་ཆང་མྱོས་པར་གསོལ་ཏེ་གཟིམ་པས། འབས་སྟག་ཅན་དང་། ལྕོག་རོ་ལྷ་ལོད་དང་། ལེགས་སྡུག་བཙན་ཏེ་སྡིག་བློན་གསུམ་གྱིས་བཀྲོགས་ཏེ། བོད་བདེ་སྐྱིད་ཀྱི་ཉི་མ་གཏན་དུ་བསྣུབས། ཞེས་འདྲ་ཆགས་ཆགས་ཤིག་གསུངས་འདུག་ཀྱང་ཡར་བསམ་མར་བསམ་ཅུང་ཙམ་བྱས་ན་བཙུན་མོ་དང་བྲན་ཀ་དཔལ་ཡོན་གཉིས་དཀར་འདོན་བྱས་ཐུབ་མེད་ལ་འབས་སྟག་སྣ་ཅན་སོགས་སྡིག་བློན་ཡིན་པར་བདེན་དཔང་ག་ལ་སྟོན་ཐུབ།
སྤུ་རྒྱལ་ཉེར་བརྒྱད་པ་ཏོ་རེ་ལོང་བཙན་གྱིས་རང་གི་གཅུང་པོ་ལྟབ་ནག་ཐང་མཚམས་སུ་ཕབ་ཅེས་བོད་ཀྱི་ལོ་རྒྱུས་ནང་གསལ་པོ་ཡོད་པས། སྔོན་ཆད་རྒྱལ་སྲས་གཅིག་ཁྲི་ལ་འཁོད་དུས་རྒྱལ་སྲིད་བརྟན་པའི་ཆེད་དུ་རྒྱལ་སྲས་གཞན་པ་རྒྱལ་ས་དང་ཅུང་ཐག་རིང་སར་གཏང་བ་ནི་རྒྱུན་གཏན་གྱི་གནས་ཚུལ་ཞིག་ཡིན། ལྷ་སྲས་གཙང་མ་མོན་ཡུལ་སྤྱུག་པ་དེ་སྡིག་བློན་རྣམས་ཀྱིས་ཆོས་ཁྲིམས་བཤིག་པའི་ཆེད་དུ་རེད་ཟེར་བ་ཉེས་འགལ་ཅུང་ཙམ་བྱས་པ་མིན་འགྲོ། ད་དུང་ལོ་རྒྱུས་འགའ་ཤས་སུ་ལྷ་སྲས་གཙང་མ་རྒྱལ་སྲིད་རྩ་ལྟར་སྤངས་ནས་ཐུབ་པའི་བསྟན་ལ་རབ་ཏུ་བྱུང་བ་ཡིན་ཞེས་བྲིས་འདུག་པས་མོན་ཡུལ་དུ་སྤྱུག་ཡོད་མེད་ཀྱང་དོགས་པའི་གཞི་ཞིག་རེད་ལ། གལ་སྲིད་མོན་ཡུལ་དུས་སྤྱུག་པའི་དབང་དུ་གཏང་ནའང་དེ་ནི་རྒྱལ་སྲས་ཕན་ཚུན་བར་གྱི་གནས་ཚུལ་ཞིག་ཡིན་པས་རྒྱལ་སྲིད་ཀྱི་ཆེད་དུ་རྒྱལ་པོ་རང་གིས་བསྒྲུབས་པའི་ལས་འགུལ་ཞིག་ཡིན་པར་གཏན་ཁེལ། དེ་མིན་རྒྱལ་པོ་རང་ཉིད་ཀྱིས་རང་གི་སྤུན་གཙང་མ་མོན་ཡུལ་དུ་སྤྱུག་འདོད་མེད་ཀྱང་སྡིག་བློན་རྣམས་ཀྱིས་ལྷ་སྲས་གཙང་མ་མོན་ཡུལ་སྤྱུག་པར་རེད་འདོད་ན་འཇིག་རྟེན་དངོས་ཡོད་ཀྱི་གནས་ཚུལ་ལ་བསམ་གཞིག་བྱེད་མ་ཤེས་པ་མ་ཟད་ཕྱོགས་རིས་ཀྱི་གཞན་དབང་དུ་གྱུར་ནས་ཆོ་མེད་པའི་སྒྲུང་གཏམ་ཞིག་བཤད་པ་རེད། རྒྱལ་པོ་ལ་རང་གི་སྤུན་མཆེད་ངོ་མ་ཙམ་ཡང་གཅེས་སྲུང་བྱེད་པའི་དབང་ཆ་མེད་ན་རྒྱལ་སྐྱོང་བདག་བཟུང་བྱེད་པའི་དབང་ཆ་ཞིག་གང་ན་ཡོད། དབང་ཆ་མེད་པའི་རྒྱལ་པོ་གཡོ་ཐབས་ཀྱིས་བཀྲོངས་དགོས་མེད་ལ་རྒྱལ་པོ་བཀྲོངས་པའི་མིང་ངན་པ་ཡང་འཁུར་དགོས་མེད། དེས་ན་སྤུན་གཙང་མ་མོན་ཡུལ་དུ་སྤྱུག་པ་ནི་རྒྱལ་པོ་རང་གིས་ཐག་བཅོད་བྱས་པ་ཞིག་ལས་བློན་པོ་རྣམས་ཀྱིས་དབང་ཆ་སྒེར་བཅོད་བྱས་པ་ཞིག་ག་ལ་ཡིན། སྡིག་བློན་རྣམས་ཀྱིས་ཆོས་ཁྲིམས་བཤིག་པའི་ཆེད་དུ་ཞེས་པའི་ཚིག་འདི་དགེ་སློང་ཞིག་གིས་བཤད་ན་སྡིག་ཏུ་འགྱུར་སྲིད་ལ། འདུལ་ཁྲིམས་ལ་ཤིན་ཏུ་གཅེས་པའི་མཁན་ཆེན་ཆོས་པ་ཁྱེད། ཁུངས་ལུང་མེད་པའི་སྒྲུང་འདི་འདྲ་གསུངས་ན་བརྫུན་བཤད་པའི་ཉེས་པ་འབྱུང་བར་མི་འཇིགས་སམ།
བཙུན་མོ་ངང་ཚུལ་མ་དང་བྲན་ཀ་དཔལ་ཡོན་གཉིས་དཀར་འདོན་བྱེད་རྒྱུ་ཡང་བསྐྱུར་བཞག་ན་ཡག་པ་མིན་ནམ། སྔོན་ཆད་རྒྱལ་པོ་དང་བློན་པོ་རྣམས་ཀྱིས་དཀར་འདོན་བྱས་མ་ཐུབ་པ་ཞིག་ལོ་སྟོང་ཕྲག་གཅིག་ལྷག་གི་རྗེས་སུ་དགེ་སློང་ཞིག་གིས་དཀར་འདོན་བྱེད་དགོས་ཟེར་ན་ཧ་ཅང་དགོད་བྲོ་བའི་གཏམ་ལས་གནས་ལུགས་དང་རྒྱུ་མཚན་ཅན་ཞིག་རེད་གཏན་ནས་མི་བསམ་ལ་ཐམས་ཅད་མཁྱེན་པ་དངོས་བྱོན་ཞིག་ཡིན་ཡང་དེ་ལ་ཡིད་ཆེས་བྱེད་མཁན་ཡོང་པར་དཀའ། དེ་ལས་བློ་སྦྱང་མཛད་ནས་རྒྱལ་པོ་གླང་དར་ལ་སྙིང་རྗེ་རེ་སྒོམ་བཞིན་བཞུགས་ན་མི་བཟང་ངམ།
དེའི་མཇུག་ཏུ་བོད་བདེ་སྐྱིད་ཀྱི་ཉི་མ་གཏན་དུ་བསྣུབས་ཞེས་རྣ་ལམ་དུ་ཐོས་པ་ཙམ་གྱིས་མི་སེམས་སྡུག་དགོས་པ་ཞིག་གསུངས་འདུག་ཀྱང་བདག་གིས་ནི་ཕྱོགས་རིས་ཀྱི་གཏམ་ཞིག་ལས་ཅི་ཡང་འདོད་ཐབས་མི་འདུག་སྟེ། ལྷ་སྲས་དར་མ་རྒྱལ་སྲིད་འཁོད་ནས་ལོ་ཕྱེད་གསུམ་གྱི་རིང་ལ་རྒྱལ་སྲིད་དེ་ཡབ་མེས་གོང་མ་རྣམ་པ་ནང་བཞིན་ཆོས་བཞིན་དུ་བསྐྱང་བ་མིན་ནམ། མངའ་བདག་ཁྲི་རལ་པ་ཅན་འདས་པ་ཙམ་གྱིས་ཅི་ལ་བདེ་སྐྱིད་ཀྱི་ཉི་མ་གཏན་དུ་ནུབ་ཡིན། འདི་ནི་བློན་པོ་འབས་སྟག་སྣ་ཅན་དང་རྒྱལ་པོ་གླང་དར་སོགས་ལ་མཐོང་ཆུང་དང་དམའ་འབེབས་བྱས་པ་ཞིག་རེད་འདུག
མངའ་བདག་ཁྲི་རལ་ཅན་བཀྲོངས་རྐྱེན་སོགས་མཇུག་ནས་ཡོད།
Subscribe to:
Post Comments (Atom)
0 comments:
Post a Comment