དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 29 March 2014
ལས་དབང་གི་གངས་རི་ལགསང་ལ་གསུང་རོགས།
 
ལས་ཀྱི་སྲིད་པའི་རླུང་གིས་བདས་ཏེ་ཅི་དགར་དབང་མེད་བསྐྱོད་པའི་ཚེ༎
ལས་ཀྱི་རྣམ་པར་སྨིན་པས་ཁྱེད་ནི་གངས་རིའི་པང་བར་ཆས་ཤིག་གསུངས༎
ལས་ཀྱི་འཁོར་ལོ་བཟློག་ཏུ་མེད་པས་ང་ན་མི་འགྲོ་རང་དབང་ཅི༎
བྱིས་པའི་ཨག་སྐད་དགུང་ལ་འཆའ་བས་གངས་རིས་ང་ལ་འཛུམ་དཀར་བསྟན༎
ང་ནི་སྐོམ་ཞིང་གདུང་བས་མནར་ཚེ་གངས་རིས་ང་ལ་བསིལ་སྦྱིན་གནང་༎
ཀ་ཁའི་དབྱངས་སྙན་གླུ་རུ་ལེན་ཞིང་གཅིག་གཉིས་མཛུབ་མོ་བསྒྲེང་ནས་བཟུང་༎
ང་དང་གངས་རིའི་ལས་དབང་མི་འགྱུར་རྡོ་རྗེའི་མཛའ་བོར་སྡེབ་པར་ངེས༎
ཨེ་མ་གངས་རི་ཁྱེད་ཀྱིས་ང་ལ་གནའ་གཏམ་བཤད་པ་བརྗེད་མ་ལགས༎
ཤེས་པ་བཅུ་གཉིས་གཉའ་བར་བཏེགས་པས་ཐོག་མའི་རྟེན་འབྲེལ་འགྲིག་ལགས་གསུང་༎
ཐུགས་སྒམ་སྲོང་བཙན་དམག་ལ་ཆས་པས་གདོང་དམར་བོད་ཅེས་ས་གསུམ་གྲགས༎
 མངའ་ཐང་རྒྱ་བསྐྱེད་ཕུན་ཚོགས་དྲངས་པས་ཆེན་པོ་བྷོད་ཀྱི་རྒྱལ་ཁབ་བཙུགས༎   
ཤེས་པ་ཡི་གེའི་གཟུགས་བརྙན་བསྐྲུན་པས་ཉི་ཟླའི་འོད་སྣང་འགོག་མེད་འཆར༎
མཐའ་ཡི་རྒྱལ་ཁབ་གྲོགས་སུ་འགུག་ཆེད་གཉེན་གྱི་འབྲེལ་བའི་ཟམ་ཐག་སྦྲེལ༎
བོད་ཀྱི་རྒྱལ་བློན་སེམས་པ་དོག་པས་མགར་གྱི་བུ་རྒྱུད་མཐའ་ལ་དེད༎
ལས་ཀྱི་གངས་རིས་མགོ་བོ་གཡུག་བཞིན་མྱ་ངན་ངུ་སྒྲ་སྒྲོགས་པའི་ཚེ།།
ཁྲི་སྲོང་ལྡེ་བཙན་དབྱིངས་ནས་མ་དགྱེས་སྒྲ་བརྒྱ་བ་ཞིག་ས་ལ་བབས།།
 སུམ་ཉིས་ས་ཡི་ཁ་ལོ་བསྒྱུར་ཅིང་མེས་པོ་གོང་མའི་བཙན་ས་ཟིན།།
མཁན་སློབ་ཞབས་པད་གདན་ལ་འཛོམས་ཏེ་བསམ་ཡས་མི་འགྱུར་ལྷུན་གྲུབ་བཞེངས།།
རལ་བ་ཅན་ཡང་དྲག་ཏུ་ཁྲོས་ཏེ་མ་བཟོད་ས་ཡི་མུ་ཁྱུད་འདར།།
རྒྱ་བོད་དབུ་བཞུགས་ཞི་མོལ་ཆིངས་ཡིག་རྡོ་རིང་ཡི་གེའི་གཟུགས་སུ་ཕབས།།
ཁྱིམ་ནས་བྱུང་བ་མང་བར་གྱུར་ཅིང་དམག་དོན་དཔལ་འབྱོར་ཉམས་པའི་ཚེ།།
ཁྲི་དར་ཁྲོས་པའི་ང་རོ་གཅིག་གིས་ཆོས་དང་རིག་གཞུང་རྨང་ནས་བཤིག །
ཆོས་དང་རིག་གཞུང་སྐྱོབ་ལ་རྔམ་ཡང་ཉག་ཕྲན་གཅིག་གིས་བོད་རྒྱལ་གཏོར།།
དེའི་ཚེ་གངས་རིའི་སྤྱན་ཆབ་རིང་མོ་རྨ་འབྲི་ཟུང་གི་ཟོལ་དུ་བརྫུས།།
བླ་མ་དཔོན་པོའི་ལུགས་སྲོལ་བྱུང་སྟེ་གྲུབ་མཐའ་མི་འདྲའི་ཤྭ་མོ་བརྡོལ།།
རང་རིགས་ཕན་ཚུན་ནང་འཐབ་བྱས་པས་གངས་རིའི་ར་བ་མོག་པོར་བསྒྱུར།།
ས་ཁུལ་མང་བོ་བཅད་བཟུང་བྱས་ཏེ་འབངས་ཀྱི་ཁེང་ལོག་མཁའ་ལ་འཕྱུར།།
དེ་ལྟའི་བྱུང་བ་རབས་དང་རིམ་པ་ང་ཡི་སེམས་ལ་གསལ་གྱུར་བ།།
ཡུད་ཙམ་དགའ་ཞིང་ཡུད་ཙམ་སྐྱོ་བའི་མཆི་མ་ཁྱེད་དང་མཉམ་པོར་འགྲོགས།།
འདས་དང་མ་འོངས་སྟོན་པའི་གངས་རི་ཁྱེད་ཀྱིས་ང་ལ་ཡུད་ཙམ་དགོངས།།
རང་ཁྱིམ་རང་ངོ་རང་གིས་མ་ཟིན་ད་དུང་ཕྲག་དོག་ནང་འཐབ་དང་།།
ཨུ་ཚུགས་དཔུང་ཤེད་མཁའ་ལ་བསྒྲེངས་པ་རྒྱལ་བའི་མཚན་མ་ནུབ་པ་ཅི༎
བུ་དང་བུ་མོ་སློབ་གྲྭར་མི་བསྐྱལ་གནག་ཕྱུགས་མཛའ་བོར་བཅིངས་པ་དང་།།
བྱ་དང་བྱས་པ་བརྟག་དཔྱད་མི་གཏོང་རི་བོང་ཅལ་འདྲོགས་བྱེད་དོན་ཅི༎
གསར་བ་བདུད་དང་རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་སྒྲོགས་པ་དང་༎
གློག་རྡུལ་འཕྲུལ་ཆས་ལོངས་སུ་མི་སྤྱོད་རྔ་དང་སྦུབ་ཆར་ཞེན་དོན་ཅི༎
མཁས་དང་ཡོན་ཏན་ཅན་ལ་མི་དགའ་སྤྲུལ་སྐུ་སྐུ་ལོར་དགའ་བ་དང་།།
དྲང་བོའི་གཏམ་ལ་ལོག་ལྟ་ཅན་ཞེས་རྫུན་གྱི་ཕུར་བོར་ཉན་དོན་ཅི༎
ནང་གི་ལུང་རྟོགས་དམ་ཆོས་མི་འཛིན་གསེར་ཁང་ལྷ་ཁང་བཞེངས་པ་དང་།།
སེམས་ཅན་ཞེས་པས་སྨོན་ལམ་འདེབས་ཤིང་ལག་ལེན་འཁེལ་བ་ཉུང་དོན་ཅི།།
རིག་མ་རིགས་སྲས་ལོངས་སྤྱོད་ཀྱིས་བསྐོར་སྤྲུལ་བའི་སྐུ་ནི་མང་བ་དང་།།
ཐོས་བསམ་སྒོམ་གསུམ་ཉམས་སུ་ལེན་པའི་མི་ལ་རས་པ་ཉུང་དོན་ཅི།།
རང་རིགས་རྒུད་པའི་སྡུག་བསྔལ་མི་མཐོང་དམྱལ་བའི་སྡུག་བསྔལ་མཐོང་བ་དང་། །
མདུན་གྱི་རྣམ་པ་མིག་གིས་མི་མཐོང་ཕྱི་མར་མཁྱེན་པ་ཡངས་དོན་ཅི།།
བསྟོད་པས་རི་རྒྱལ་རྩེ་ལ་བསྟོད་ཅིང་སྨད་པས་རྒྱ་མཚོའི་ཞབས་ལ་འཕེན།།
རང་གི་རིག་པས་ཅུང་ཟད་མི་དཔྱོད་གཞན་གྱི་གཡམ་ལ་རྒྱུགས་དོན་ཅི༎
གཞན་རིགས་རིག་པ་རྒྱན་དུ་ངོམ་ཤིང་རང་རིགས་རིག་གནས་ཐན་དུ་བརྩི༎
ཆང་དང་ལ་རྒྱ་ཕོར་བར་འདྲེས་ལ་དངོས་དོན་སྟེང་ན་མེད་དོན་ཅི༎
བྱ་རོག་རང་གི་སྒྲོ་ལ་བསྟོད་ཅིང་རུལ་མས་རང་གི་བུ་ལ་བསྔགས༎
གཞན་ལ་དཔྱོད་པ་ཀློང་བརྒྱ་བརྡོལ་ཞིང་རང་གི་སྤྲེལ་གཟུགས་མི་མཐོང་ཅི༎
འཁོར་བའི་ལོངས་སྤྱོད་ཞེན་ཐག་ཆོད་པ་འཁོར་བའི་མཚོ་ལ་རོལ་བ་དང་།།
རང་ཉིད་བོང་བུར་ཞོན་བཞིན་བོང་བུ་གར་སོང་ལག་རྙོབ་བྱེད་དོན་ཅི༎
རང་རིགས་ཁབ་ལན་འབིགས་གཙགས་བྱེད་ཅིང་གཞན་རིགས་ཨ་ཁུར་འབོད་པ་དང་།།
ལུང་བའི་ས་རྩོད་དཔའ་དར་འཐེན་ཅིང་བློ་གྲོས་རྒྱང་མཐོང་མི་འཛིན་ཅི༎
ཨ་ཧོ་དེ་ལྟའི་དངོས་དོན་ཟུང་གིས་ང་ཡི་བློ་སྣ་ཁེངས་པ་དང་༎
ང་ཡིས་མ་ཤེས་དྲི་བ་འདི་དག་ལས་ཀྱི་གངས་རིར་དྲིས་པ་ལགས༎
༡༩༩༢ལོའི་མཚོ་སྔོན་མི་རིགས་སློབ་གླིང་གིརྦབ་ཆུདེབ་དང་པོའི་སྟེང་བཀོད་ཅིང་ཕྱིས་སུརྩེར་སྙེགཏུ་བཀོད་པའོ།། 

0 comments:

ཟིན་བྲིས་འཚོལ་ཡུལ